རང་ཐར།
"གནའ་སྔ་མོ་སྔ་མོ་ཞིག་ལ་འཇིག་རྟེན་འདིར་ཉི་མ་བདུན་དང་ཟླ་བ་བདུན་ཡོད་པ་དང་།མུན་ཟེར་བ་ཞིག་གཏན་ནས་རུབ་རྒྱུ་མེད།" དུས་རྒྱུན་ལྟར་ཨ་མ་སྒྲོལ་མས་རང་གི་བྱིས་པ་གཉིས་ལ་གཏམ་རྒྱུད་ཅིག་ཤོད་འགོ་བརྩམས།དོ་ནུབ་ཟླ་བ་མེད་པས་ཁོ་མ་སྨད་ཚོའི་ཁང་ཆུང་ནང་སྨག་རུམ་གྱིས་ཁེངས་ཡོད་པ་ལས་སྲིན་བུ་མེ་འཁྱེར་གྱི་འོད་ཙམ་ཡང་མ་མཆིས།འདི་ལྟ་བུའི་མཚན་མོར།ཁྱིམ་མཚེས་ཚོའི་མཆོད་སྒྲོམ་སྟེང་སྤར་བའི་སྒྲོན་མེའི་འོད་ཟེར་ལ་ཟླ་བ་ཤར་བའི་མཚན་མོ་ལས་ལྷག་པའི་གསལ་ཆ་ཞིག་ལྡན་ཞིང་།ནང་གི་ཐབ་ཁ་དང་དེའི་ཐོག་བསྐྱོན་པའི་སྣོད་རེ་ཟུང་།ཀ་བ།ཆ་སྒམ།དེ་བཞིན་ཉལ་ཁྲི་དང་ཉལ་ཁྲིའི་ཐོག་ཉལ་བའི་མི་རྣམས་རབ་རིབ་ཅིག་མཐོང་ཐུབ་མོད།འོན་ཀྱང་ཨ་མ་སྒྲོལ་མ་མ་སྨད་གསུམ་ལ་མཆོད་མེ་སྤོར་བའི་མར་དང་དངུལ་མེད་པས།མཚན་མོའི་མཐའ་དང་མཚམས་མེད་པའི་མུན་ནག་སྟུག་པོས་ཁོ་མ་སྨད་ཚོ་དང་ཁོ་ཚོའི་ཁང་ཆུང་ཡོངས་སུ་བཏུམས་ཡོད།མོའི་བྱིས་པ་ཆེ་བ་སྟེ་ལོ་བདུན་ལ་སོན་པའི་བུ་ཆུང་དེ་མོའི་ཉལ་ཁྲིའི་མགོ་ན་བརྒྱབས་པའི་ཉལ་ཁྲིའི་སྟེང་སྔས་ཐུག་བྱས་ནས་ཉལ་ཡོད་ལ།མོས་བུ་མི་འཁྱག་པའི་ཆེད་དུ་རང་གི་སྤུ་རྫོང་སྟུག་པའི་རྩག་པ་བཟང་ཤོས་ནང་བསྙལ་བའི་ཐོགརྙིང་ཟད་དུ་གྱུར་པའི་འཕྱར་བ་ཞིག་ཀྱང་སྟེང་དུ་བཀབ་ཡོད།བྱིས་པ་ཆུང་བ་སྟེ་ལོ་ལྔ་ལ་ཐོན་པའི་བུ་མོ་དེ་རང་གིས་རུམ་ནས་ཡོད།སྨག་དེ་ལྟར་སྟུག་རུང་མོས་རང་གི་བུས་མ་ནེ་རྩག་པའི་གོང་ང་ལ་གཏུགས་ཏེ་འགོ་བརྩམས་མ་ཐག་པའི་གཏམ་རྒྱུད་ལ་ཉན་ནས་ཡོད་པ་རྟོགས་ཐུབ།