ནགས་ནམ་དུས་གྲང་མོ་དེའི་མཚན་མོར། ཁ་བ་ལྷབ་ལྷུབ་ཏུ་བབས་དེ་ནི། སེམས་པ་གཉིས་འདྲེས་པའི་དན་རྟགས་ཏེ། ཅི་འདྲའི་དཀར་ཞིང་གཙང་ཐོ་རངས་ཀྱི་མཚམས་དེར། ཁེར་རྐྱང་གི་རྐང་རྗེས་ཤིག །འཇིག་རྟེན་དཀར་གཙང་གི་ལྭ་བའི་ངོས་སུ། སྤར་བ་ན་ད་དུང་གསང་བ་ལྷག་མ་ཞིག་ཅི་ལ་ཡོད། ཡིན་ན་ཡང་ཁ་བ་ལ་སྟིམ་པའི་ལྷད་མེད་ཀྱི་སེམས་པ་དེ། རྐྱེན་དབང་ཞིག་གིས་བཞུས་སོང་ཞེས་སྙན་ཚིག་སྤེལ་དུས། སྨྱུག་འཛིན་པ་ནི་མི་བུ་མགོ་རིལ་ཞིག
༢༠༡༢/༡༡/༠༡ ཉིན།
འབྲི་རུ་བྱ་ལག །
ཆུང་བྱིས་པའི་དུས་ནས་མཉམ་དུ་འགྲོགས་པའི་རྣམ་གཡེང་བཙན་པོ་དེས།
དུས་རྟག་ཏུ་བདག་སེམས་ཁ་ལོ་བསྒྱུར་ཞིང་། ཕུགས་བསམ་དང་བྱ་གཞག་གང་ཡིན་ཐམས་ཅད་འཁུམ་དུ་བཅུག་སོང་ལ། ཐང་ཆེན་ཞིག་ན་ཡན་ལག་རྐྱོང་སྐུམ་བཞིན་ཉལ་བའི་མི་བུ་ཞིག་དང་གཉིས་སུ་མེད་པར་གཅིག་པུར་ལུས། གནོང་འགྱོད་ཞིག་དང་ལྷན་དུ་མིག་གཉིས་ཅེར་ཏེ་རྒྱང་བལྟ་བྱེད་བཞིན་སེམས་ཁོངས་སུ་གདུང་བ་ལྕི་མོ་ཞིག་གིས་མནར་། རྣམ་གཡེང་གིས་འཁུམ་དུ་བཅུག་པའི་བདག་དང་འདྲ་བའི་མི་བུ་དག ང་ཚོ་ད་དུང་འདི་ལྟར་མི་ཚེ་སྐྱེལ་དགོས་སམ། གཡེང་འདམ་གྱི་ཁྲོད་ནས་མགོ་བོར་གྱེན་དུ་བཏེག་སྟེ། མཁའ་དབྱིངས་སུ་སྐྱོད་པའི་རྒོད་པོ་བཞིན། གནས་གཅིག་མིན་པར་གླིང་ཕྲན་གཞན་ཞིག་གི་བར་སྣང་སུ། འདི་ལྟར་འཕུར་སྐྱོད་བྱེད་དགོས་པ་མ་ཡིན་ནམ།།
ནགས་གཡག
དང་པོ།
སྔོན་ལས་སྡུག་པོ་སྣ་ཚོགས་ཤིག་གིས་མདུན་ནས་བཙན་གྱིས་འཐེན་ཏེ། འཕྲལ་རྐྱེན་ངན་པ་གྲངས་མེད་པ་ཞིག་གིས་རྒྱབ་ནས་རྦུད་རྒྱག་རྒྱབ་པའི། སྨད་འཚོང་མ་ཁྱོད། ངོ་མ་དོན་དམ་པའི་ངོ་ཚ་ཁྲེལ་ཡོད་ཅིག་ལོས་ཡིན། གཅིག་ཐར་བྱེད་པ་དེ་ཆེས་ཐབས་སྡུག་ཅིག་ཏུ་ལྟ་བའི་ཐེག་ཆེན་ཆོས་ཀྱི་སྙིང་པོ་ཡིད་ལ་བསྒོམས་ནས། ཨ་མ་དང་གཅུང་པོ་ལ་དུངས་བའི་མི་ཆོས་སྙིང་པོ་དེས་སྣེ་དྲངས་ཏེ། ཨ་ཕ་དང་མཉམ་དུ་སྐྱིད་ཟ་སྐྱིད་ཉལ་དེ་བློས་གཏོང་བྱས་ནས། ལས་ངན་པའི་ཨ་མ་དང་གཅུང་པོའི་སླད་དུ། རང་ཉིད་ཀྱིས་སྡུག་བསྔལ་དྲག་པོ་སྣ་ཚོགས་ཤིག་མྱང་རྒྱུ་དང་དུ་བླངས་པ་དེ་ནི། འཕགས་མ་ཞིག་གི་སྤྱོད་པ་ལས་ཅིའི་ཕྱིར་འདས།