ཤ་ཚ་བའི་སྙིང་གཏམ།

ནགས་གཡག

བོད་ལྗོངས་ཆབ་མདོ་དང་ཁྱུང་པོའི་འབྲིང་རིམ་སློབ་མ་ཁ་ཤས་ལ་ཨི་ཙི་ན་ཚ་ཡོད་པ་དང་།

ད་དུང་སྦྲ་ཆེན་དང་འབྲི་རུ་རྫོང་སོགས་ལ་ཁྱབ་བཞིན་ཡོད་པའི་གནས་ཚུལ་ཞིག་མཐོང་ཐོས་བྱུང་བས་འཇིགས་སྐྲགས་ཤིག་གིས་དབུགས་འཚང་པ་དང་མཉམ་དུ་སེམས་སྡུག་ཅིག་གི་མིག་ཆུ་ཞིག་ཅིའི་ཕྱིར་མི་ལྷུང་། རྒྱུ་མཚན་ནི་ནད་ངན་དེའི་སྟོབས་ཤུགས་དང་གནོད་ཚབ་ཀྱིས་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་རྩ་མེད་བཟོ་རྒྱུ་ནི་རྩ་ཉག་མ་ཞིག་གི་སྐེད་གཅད་རྒྱུ་ལས་གཞན་ཅི་ཞིག་ཡིན། དེར་བརྟེན་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་བདེ་སྡུག་ལ་བསམ་བློ་ཡོད་མཁན་ཞིག་ཡིན་ན། གཏམ་ངན་དེས་དངངས་སྐྲགས་མི་སྐྱེ་མཁན་སུ་ཞིག་ཡོད། ངོ་མ་བདེན་པ་རེད། གཏམ་ངན་པ་ནི་ནམ་མཁའ་ལྟར་ས་གཞི་ཡོངས་ལ་ཁྱབ་ཡོང་དུས་མིག་དང་རྣ་བ་གཉིས་ལ་རང་དབང་སུ་ཡིས་སྟེར།  ད་དུང་མི་མང་པོ་ཞིག་ལ། གནས་ཚུལ་དེའི་ཐོག་བསམ་བློ་གུ་དོགས་དང་ལྟ་སྟངས་ཐབས་སྡུག་ཅིག་ཡོད། དེ་ནི་སློབ་མ་དེ་ཚོ་ཆེས་སྤྱོད་ངན་ཞིག་དང་ཞབས་འདྲེན་ཞིག་ཡིན་པར་འདོད་བཞིན་པ་དེ་ཡིན། དོན་དངོས་ཐོག་སོ་སོའི་ལྟ་སྟངས་དེ་དང་བསམ་བློ་དེ་ཆེས་ཐབས་སྡུག་ཅིག་ཡིན་པ་ཚོར་གྱི་མེད། སྤྱིར་བཏང་འཛམ་གླིང་འདིར་ཕོ་མོའི་འཁྲིག་སྤྱོད་ནི་གསང་བ་ཞིག་དང་ངོ་ཚ་ཞིག་མིན་པར་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་མེད་ཐབས་མེད་པ་ཞིག་ཡིན། དེ་ཙམ་དུ་མ་ཟད་ད་ལྟའི་ཆར་ལོ་ཆེ་ཆུང་གང་ཡིན་རུང་འཁྲིག་སྤྱོད་བྱེད་ཐུབ་མཁན་ཞིག་ཏུ་གྱུར་རྗེས། འཁྲིག་པ་སྤྱོད་པ་ནི་རང་གིས་རང་ལ་དབང་བའི་འཚོ་བའི་ཆ་ཤས་ཤིག་བླངས་པ་ལ། སྤྱི་ཚོགས་ཕལ་ཆེ་བར་ཡོངས་ཁྱབ་དང་ངོས་འཛིན་གསལ་པོ་ཡོད། དེར་བརྟེན་འབྲིང་རིམ་སློབ་མ་ཙམ་དུ་མ་ཟད་སློབ་ཆུང་སློབ་མ་ལ་ཡང་བྱ་བ་དེ་རིགས་ལ་འཇུག་མཁན་ནི་འཛམ་གླིང་འདིར་གྲངས་ཀ་སུ་ཡིས་ཐུབ།

ངུར་སྨྲིག་གོས།

ནགས་ཤོད་སྐལ་རྒྱན།

གྱོན་པ་འདིའི་འོག་མི་ཚེ་མང་ཙམ་བསྐྱལ་ཟིན་པའི་ང་ལ་མཚོན་ན་འདི་ཉིད་རས་རྐྱང་གི་གོས་ཞིག་ཡིན་མོད་དགོས་མཁོ་ཧ་ཅང་ཆེ་བའི་འཚོ་བའི་ཡོ་བྱད་ཀྱི་གྲས་ཞིག་རེད། སངས་རྒྱས་ཀྱི་ན་བཟའ་ཞེས་པའི་གཙིགས་པོ་ཆེའི་རིན་ཐང་མ་བཞག་ཀྱང་དམན་གོས་ཐ་ཤལ་གྱི་ལྟ་སྟངས་ཤིག་ངས་ནམ་ཡང་བཟུང་མེད། དཀྱུས་མའི་གྲྭ་རྐྱང་གི་འཚོ་བའི་རྒྱུན་གོས་དམར་སེར་ཞིག་ངོས་འཛིན་བྱས་པ་ཡིན། གང་ལྟར་གོས་འདི་སྤྱི་ཚོགས་ཁྲོད་དར་ཁྱབ་ཧ་ཅང་ཆུང་ལ་རིན་ཐང་ཡང་ཆེ་རྒྱུ་མེད་པའི་དུས་སུ་བསླེབས་ཡོད། འདི་ནི་གོས་ཀྱི་རིན་ཐང་གཅིག་པུ་ཤོར་བའི་གནས་དོན་ཞིག་མ་རེད། བཞེས་མཁན་གྱི་རིན་ཐང་གུད་བཞིན་པའི་གནས་ལུགས་དང་འབྲེལ་ཡོད། གནས་སྟངས་འདིས་གང་ཟག་གི་ཚད་གཞི་ཉམས་དམས་སུ་མཚོན་སྲིད་ཀྱང་། བོད་ཀྱི་སྤྱི་ཚོགས་སུ་ཆོས་ལ་ཞེན་ལོག་ཅུང་ཙམ་སྐྱེས་པའི་རྣམ་པ་དང་འབྲེལ་བ་ཤུགས་ཆེན་ཆགས་ཡོད། དེ་དང་ཆབས་ཅིག་རབ་བྱུང་ཁ་ཅིག་གིས་ཐེ་ཚོམ་མེད་པར་ངུར་སྨྲིག་གི་གོས་འདི་འདོར་རྐྱང་བྱེད་མོད་དོན་དངོས་སུ་བསམ་ཤེས་བྱས་ཡོད་མེད་བརྗོད་དཀའ་བ་ཞིག་རེད། མ་གཞི་ཕྱི་ཚུལ་ཙམ་ལ་གལ་ཆེན་མིན་ཡང་ནང་གི་བསམ་བློའི་འགྱུར་ཤུགས་ལས་ཕྱིའི་སྤྱོད་ལམ་འགྱུར་བ་མཐོང་ཆོས་སུ་ཡོད་པས་ནང་གི་བསམ་བློའི་ཚད་གཞི་གུད་པའི་དན་རྟགས་ཤིག་ཀྱང་མངོན་པ་རེད། ཤམ་ཐབས་བགོ་བ་ལ་བསླབ་པར་གསུངས་པའི་སངས་རྒྱས་ཀྱི་གསུང་ངག་དེས་རྒྱུན་དུ་སྐུ་ཉམས་སུ་བཞེས་དགོས་པའི་བསྐུལ་མ་ཀྱང་བྱས་ཡོད། གོས་ལུགས་མི་འདྲ་བའི་སྔར་སྲོལ་འདི་དག་ཀྱང་ཆོས་ལུགས་དང་འབྲེལ་ལ་ཡུལ་སྲོལ་གོམས་གཤིས་སོགས་ལ་འབྲེལ་ཤུགས་ཆེན་པོ་ཡོད་ངེས། གང་ལྟར་ངུར་སྨྲིག་གི་གོས་འདི་རབ་བྱུང་ཚོའི་རྒྱུན་གོས་སུ་གྱུར་པས་དེང་རབས་ཀྱི་སྒྲིག་ཆས་ལྟ་བུ་མ་རེད་ལ་རྣམ་ཀུན་རྒྱུན་བཞེས་དགོས་པའི་རྒྱུ་མཚན་ལྡན་ཡོད། མདོར་ན་སེམས་ཚུལ་ནང་གི་ཡོན་ཏན་ལ་དད་པ་དཀའ་ཡང་ཕྱི་ཚུལ་སྤྱོད་པར་མ་དད་པ་འབྱུང་ཉེ་བས་གཟབ་ལུགས་གང་དྲག་རེ་གནང་རྒྱུ་ནི་རབ་བྱུང་མིང་འཛིན་པ་ཀུན་གྱི་འགན་དབང་ཞིག་ཆགས་ཡོད།

འདྲ་མཉམ།

ནགས་ཤོད་སྐལ་རྒྱན། 

འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་ནི་ཡར་ཐོན་དང་དེང་རབས་ཀྱི་རྣམ་པ་དང་།

སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་དུས་རབས་ཀྱི་རིན་ཐང་རེད། སྤྱིར་དུས་རབས་འདིར་སྨྲ་བརྗོད་དང་། བསམ་བློའི་འདུ་ཤེས། ཤེས་ཡོན་ཀུན་སྤྱོད། ལས་རིགས་འཚོ་སྐྱོང་དང། ཆབ་སྲིད་བདག་དབང་སོགས་ཕོ་མོ་འདྲ་མཉམ་ཡིན་པས་རྩ་བའི་འདྲ་མཉམ་ཀྱི་རང་བཞིན་ངོ་ མ་ནི་ཀུན་ལ་སྤྱི་མཚུངས་སུ་ཐོབ་ཡོད། གོ་སྐབས་འདི་བརྒྱུད་དེང་རབས་ཀྱི་ཤེས་ཡོན་ལ་བརྩོན་ལེན་དང་། བསྐུལ་འདེད་རང་བཞིན་གྱིས་གོམ་གང་མདུན་བསྐྱོད་ཕོ་མོ་སུས་ཐུབ་ན་དོན་དངོས་ ཀྱིས་ཐོབ་ཐང་ལ་ལོངས་སྤྱོད་བྱས་པ་རེད། དེང་དུས་ཤེས་ཡོན་གྱི་སྟོབས་ཤུགས་ནི་གཟི་བརྗིད་དང་འོད་སྟོང་ལྡན་པའི་ལམ་བུ་ དང་། ཐོབ་ཐང་གི་རྒྱབ་ལྗོངས་དངོས་ཡིན་པས། ཡོད་ཚད་ཀྱི་སྟོབས་ཤུགས་དང་ཤུགས་སྣོན་དུས་རབ་ཀྱི་ཤེས་ཡོན་ལ་སྤུང་རྒྱུ་ནི་མ་ འོངས་པའི་རྩ་དོན་གྱི་ནང་སྙིང་ཡིན། ཕོ་མོ་གང་ཞིག་ཤེས་ཡོན་ཀྱི་རིན་ཐང་ལྡན་ན་ཐོབ་ཐང་གིས་འདོར་མི་སྲིད་ལ་སུ་ཞིག་ གིས་རྡོག་རྫིས་གཏོང་མི་ཐུབ། འདི་ནི་ཁྱོད་ལ་དགོས་པའི་ཐོབ་ཐང་གི་རིན་ཐང་རེད། རིན་ཐང་འདིས་ཁྱོད་ནམ་ཡང་བསླུ་མི་སྲིད་ལ་ཁྱོད་ཉིད་ཀྱི་འདུན་མ་ཡང་འདི་ལ་བཅོལ་ ཆོག ཕོ་མཆོག་མོ་དམན་གྱི་འཐབ་རྩོད་ནི་དོན་དངོས་སུ་ཐོབ་ཐང་གི་ལམ་འགག་མ་རེད་ལ་ཐོབ་ ཤོར་གང་ལ་ཡང་ཉེས་སྐྱོན་ཅི་ཡང་མེད་པས་ཁྱོད་ཀྱི་དུས་ཚོད་གྲོན་མི་ཉེན། སྤྱིར་སྐྱེ་བོ་རྣམས་མཆོག་དམན་གྱི་རྣམ་དབྱེ་མེད་པ་མིན་ལ་ཐོབ་ཐང་ཡོད་ཚད་ཀྱང་ ཁྱོད་ཀྱིས་རག་མི་སྲིད། གནས་ལུགས་འདིར་བསམ་ཤེས་ཅུང་ཙམ་ཐུབ་ན་དོན་དངོས་ཀྱི་ཐོབ་ཐང་གང་ཞིག་དང་། ཕུགས་བསམ་གྱིས་རྩོད་ལེན་ཅི་ཞིག་བྱ་དགོས་མིན་སོགས་གསལ་པོ་ཤེས་ཐུབ་རྒྱུ་རེད། རྩོད་ལེན་ལ་དགའ་བསུ་དང་རྒྱབ་ལྗོངས་ཀྱི་གནས་བབ་རྟོག་དཔྱོད་བྱེད་པར་འགལ་ འཁྲུལ་ཞིག་མིན་པས་ཐོག་མར་ལྟ་སྟངས་མ་ནོར་བ་གལ་ཆེ། འཛམ་གླིང་འདིར་ཕོ་མོའི་ཐོབ་ཐང་གི་འཐབ་རྩོད་འདི་རྣོ་ཁ་ཡུན་རིང་དར་བའི་རལ་ གྲི་ཞིག་དང་མཚུངས། དུས་རབས་ཉི་ཤུའི་སྨད་ཆར་ཆོས་ལུགས་པ་ནུབ་ཕྱོགས་པའི་བུད་མེད་ཁ་ཤས། རབ་བྱུང་ཕོ་མོར་འདྲ་མཉམ་མེད་པའི་ཚོར་ཤུགས་རྒྱས་པ་མ་ཟད། བཅོམ་ལྡན་འདས་ཀྱང་དྲང་པོ་མེད་པའི་བསམ་ཚུལ་བརྗོད་མྱོང་།