ངུར་སྨྲིག་གོས།

ནགས་ཤོད་སྐལ་རྒྱན།

གྱོན་པ་འདིའི་འོག་མི་ཚེ་མང་ཙམ་བསྐྱལ་ཟིན་པའི་ང་ལ་མཚོན་ན་འདི་ཉིད་རས་རྐྱང་གི་གོས་ཞིག་ཡིན་མོད་དགོས་མཁོ་ཧ་ཅང་ཆེ་བའི་འཚོ་བའི་ཡོ་བྱད་ཀྱི་གྲས་ཞིག་རེད། སངས་རྒྱས་ཀྱི་ན་བཟའ་ཞེས་པའི་གཙིགས་པོ་ཆེའི་རིན་ཐང་མ་བཞག་ཀྱང་དམན་གོས་ཐ་ཤལ་གྱི་ལྟ་སྟངས་ཤིག་ངས་ནམ་ཡང་བཟུང་མེད། དཀྱུས་མའི་གྲྭ་རྐྱང་གི་འཚོ་བའི་རྒྱུན་གོས་དམར་སེར་ཞིག་ངོས་འཛིན་བྱས་པ་ཡིན། གང་ལྟར་གོས་འདི་སྤྱི་ཚོགས་ཁྲོད་དར་ཁྱབ་ཧ་ཅང་ཆུང་ལ་རིན་ཐང་ཡང་ཆེ་རྒྱུ་མེད་པའི་དུས་སུ་བསླེབས་ཡོད། འདི་ནི་གོས་ཀྱི་རིན་ཐང་གཅིག་པུ་ཤོར་བའི་གནས་དོན་ཞིག་མ་རེད། བཞེས་མཁན་གྱི་རིན་ཐང་གུད་བཞིན་པའི་གནས་ལུགས་དང་འབྲེལ་ཡོད། གནས་སྟངས་འདིས་གང་ཟག་གི་ཚད་གཞི་ཉམས་དམས་སུ་མཚོན་སྲིད་ཀྱང་། བོད་ཀྱི་སྤྱི་ཚོགས་སུ་ཆོས་ལ་ཞེན་ལོག་ཅུང་ཙམ་སྐྱེས་པའི་རྣམ་པ་དང་འབྲེལ་བ་ཤུགས་ཆེན་ཆགས་ཡོད། དེ་དང་ཆབས་ཅིག་རབ་བྱུང་ཁ་ཅིག་གིས་ཐེ་ཚོམ་མེད་པར་ངུར་སྨྲིག་གི་གོས་འདི་འདོར་རྐྱང་བྱེད་མོད་དོན་དངོས་སུ་བསམ་ཤེས་བྱས་ཡོད་མེད་བརྗོད་དཀའ་བ་ཞིག་རེད། མ་གཞི་ཕྱི་ཚུལ་ཙམ་ལ་གལ་ཆེན་མིན་ཡང་ནང་གི་བསམ་བློའི་འགྱུར་ཤུགས་ལས་ཕྱིའི་སྤྱོད་ལམ་འགྱུར་བ་མཐོང་ཆོས་སུ་ཡོད་པས་ནང་གི་བསམ་བློའི་ཚད་གཞི་གུད་པའི་དན་རྟགས་ཤིག་ཀྱང་མངོན་པ་རེད། ཤམ་ཐབས་བགོ་བ་ལ་བསླབ་པར་གསུངས་པའི་སངས་རྒྱས་ཀྱི་གསུང་ངག་དེས་རྒྱུན་དུ་སྐུ་ཉམས་སུ་བཞེས་དགོས་པའི་བསྐུལ་མ་ཀྱང་བྱས་ཡོད། གོས་ལུགས་མི་འདྲ་བའི་སྔར་སྲོལ་འདི་དག་ཀྱང་ཆོས་ལུགས་དང་འབྲེལ་ལ་ཡུལ་སྲོལ་གོམས་གཤིས་སོགས་ལ་འབྲེལ་ཤུགས་ཆེན་པོ་ཡོད་ངེས། གང་ལྟར་ངུར་སྨྲིག་གི་གོས་འདི་རབ་བྱུང་ཚོའི་རྒྱུན་གོས་སུ་གྱུར་པས་དེང་རབས་ཀྱི་སྒྲིག་ཆས་ལྟ་བུ་མ་རེད་ལ་རྣམ་ཀུན་རྒྱུན་བཞེས་དགོས་པའི་རྒྱུ་མཚན་ལྡན་ཡོད། མདོར་ན་སེམས་ཚུལ་ནང་གི་ཡོན་ཏན་ལ་དད་པ་དཀའ་ཡང་ཕྱི་ཚུལ་སྤྱོད་པར་མ་དད་པ་འབྱུང་ཉེ་བས་གཟབ་ལུགས་གང་དྲག་རེ་གནང་རྒྱུ་ནི་རབ་བྱུང་མིང་འཛིན་པ་ཀུན་གྱི་འགན་དབང་ཞིག་ཆགས་ཡོད།

Related Articles