རྒྱ་གར་གྱི་མཚན་ཉིད་རིག་པའི་གོ་དོན་དང་ཁྱབ་ཚད།

ཟམ་པ།
རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི། རྒྱ་གར་གྱི་བསམ་བློ་བ་གནའ་རབས་དང་དེང་རབས། ཧིན་དྷུ་དང་ཧིན་དྷུ་མ་ཡིན་པ། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་དང་བཅས་པ་ཐམས་ཅད་ཀྱི་མཚན་ཉིད་རིག་པའི་འདོད་ཚུལ་ལ་བྱ་བ་ཡིན། གང་ཟག་འགའ་ཞིག་གིས་རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི་ཧིན་དྷུའི་མཚན་ཉིད་རིག་པ་ཞེས་པའི་རྣམ་གྲངས་སུ་འདོད་པ་ཡིན། འདོད་ཚུལ་དེ་ནི་ཧིན་དྷུ་ཞེས་པའི་ཐ་སྙད་རྒྱ་གར་གྱི་ས་ཁམས་ལ་འཇུག་པའི་དབང་དུ་བྱས་པ་ཡིན་ན་བདེན་མོད། འོན་ཀྱང་ཐ་སྙད་དེ་ཆོས་ལུགས་བྱེ་བྲག་པ་ཞིག་སྟེ། ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ལ་འཇུག་པའི་དབང་དུ་བྱས་ན་འདོད་ཚུལ་དེ་ནི་ནོར་ཞིང་ལོག་ལམ་དུ་འཁྲིད་བྱེད་དུའང་འགྱུར་རོ། །རིག་བྱེད་པའི་སློབ་དཔོན་མ་དྷྭ་ཨ་ཅརྱས་མཚན་ཉིད་རིག་པ་ཀུན་ལས་བཏུས་པ་ཞེས་པའི་བསྟན་བཅོས་སུ། མཚན་ཉིད་རིག་པའི་གྲུབ་མཐའ་ཁག་ཚང་མའི་འདོད་ཚུལ་ཕྱོགས་གཅིག་ཏུ་འགོད་ཐབས་བྱས་ཡོད་པ་བཞིན་དུ། ང་ཚོས་ཧིན་དྷུའི་གདོད་མའི་མཚན་ཉིད་པ་རྣམས་ཀྱི་གནའ་བོའི་བརྩམས་ཆོས་ཀྱི་ནང་གི་མཚན་ཉིད་རིག་པའི་གྲངས་འདྲེན་གྱི་ཁྲོད་དུ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དང་། རྒྱང་འཕེན་པ་ལྟ་བུའི་དངོས་གཙོ་སྨྲ་བ། ནང་པ་དང་གཅེར་བུ་བ་ལྟ་བུའི་ཆོས་ལུགས་གསར་མ། དེ་བཞིན་དུ་གདོད་མའི་ཧིན་དྷུའི་བསམ་བློ་བ་རྣམས་ཀྱི་འདོད་ཚུལ་ཡང་མཐོང་ཐུབ།
དེ་ལྟར་རྒྱ་གར་གྱི་མཚན་ཉིད་རིག་པ་ནི་འགྱུར་བ་མེད་པའི་བདེན་དོན་བརྩད་ཞིབ་བྱེད་པའི་ཁྱབ་ཚད་ཀྱིས་མཚོན་ཡོད། སྤྱིར་གྲུབ་མཐའ་སྣ་ཚོགས་པ་ཞིག་ཡོད་ཅིང་། དེ་དག་གི་ལྟ་གྲུབ་ཀྱང་མི་འདྲ་ལ་སྐབས་འགའ་རེར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་། དེ་དག་ཚང་མས་གཞན་དག་གི་འདོད་ཚུལ་ལ་སློབ་སྦྱོང་བྱེད་ཅིང་། རང་ཉིད་ཀྱི་འདོད་ཕྱོགས་ཇི་ལྟར་འགྲིག་མིན་དང་། གཞན་དག་གི་དགག་པ་ཇི་ལྟར་ཡོང་མིན་བཅས་ལ་ལེགས་པར་དཔྱད་ཞིབ་མ་བྱས་པར་མཐའ་བསྡོམས་མི་རྒྱག་པ་ཡིན། ལྟ་ཚུལ་དེའི་ཐོག་ནས་མཚན་ཉིད་རིག་པའི་བགྲོ་གླེང་གི་ཐབས་ལམ་གཏན་འབེབ་བྱུང་ཡོད་པ་སྟེ། མཚན་ཉིད་པ་རྣམས་ཀྱིས་ཐོག་མར་ཁ་གཏད་ཀྱི་འདོད་ཚུལ་བརྗོད་དགོས་ཤིང་དེ་ལ་ཕྱོགས་སྔའི་འདོད་པ་ཞེས་བྱ་ལ། དེ་ནས་འདོད་ཚུལ་དགག་པ་བྱས་ནས། མཐར་རང་ཉིད་ཀྱི་འདོད་ཚུལ་བརྗོད་ཅིང་སྒྲུབ་པ་ཡིན་ལ། དེར་བརྟེན། དེ་ལ་ཕྱི་རྒོལ་གྱི་འདོད་པ་ཞེས་པའམ་མཐའ་བསྡོམས་ཞེས་བྱའོ། །



ཁ་གཏད་ཀྱི་ལངས་ཕྱོགས་ལ་བསམ་གཞིག་ནན་ཏན་གྱི་སྒོ་ནས་འཇུག་པའི་ལྟ་ཚུལ་གུ་ཡངས་པོ་འདི་ནི། རྒྱ་གར་གྱི་གྲུབ་མཐའ་ཁག་ཕལ་ཆེ་བ་ལ་ཡོད་པའི་ཟབ་པ་དང་ཡང་དག་པའི་ཁྱད་ཆོས་ཀྱི་མཇུག་འབྲས་ལས་ཀྱང་ཁྱད་དུ་འཕགས་པ་ཡིན། གལ་ཏེ་ང་ཚོས་རིག་བྱེད་པའི་སྐོར་གྱི་བརྩམས་ཆོས་མཐུས་སྒོ་ཚང་བ་ཞིག་ལ་བལྟས་པ་ཡིན་ན། དེའི་ནང་ལ་ང་ཚོས་རྒྱང་འཕེན་པ་དང་། ནང་པ། གཅེར་བུ་བ། གྲངས་ཅན་ལྷ་ཡོད་པ་དང་ལྷ་མེད་པ། དཔྱོད་པ་བ། རིག་པ་ཅན་པ། བྱེ་བྲག་པ་བཅས་ཀྱི་སྐོར་གྱི་བརྗོད་པ་དང་། དེ་དག་གི་འདོད་ཚུལ་ལ་གླེང་སློང་དང་དཔྱད་པ་བྱས་པ་བཅས་མཐོང་ཐུབ། དེ་བཞིན་དུ་ནང་པ་དང་གཅེར་བུ་བའི་མཚན་ཉིད་རིག་པའི་སྐོར་གྱི་བརྩམས་ཆོས་ཡག་གྲས་ཇི་འདྲ་ཞིག་ཡིན་རུང་དེའི་ནང་དུ་འདོད་ཚུལ་གཞན་དག་ཀྱང་གླེང་སློང་བྱས་ཡོད། དེར་བརྟེན་སྒྲོམ་གཞི་དེ་དག་ནི་དེ་དག་གི་འདོད་ཚུལ་ཀུན་འདུས་ཀྱི་ཕུང་པོར་གྱུར་ཡོད། ང་ཚོས་རྒྱུན་དུ་རྒྱ་གར་གྱི་མཚན་ཉིད་རིག་པའི་སྒྲོམ་གཞིའི་ནང་དུ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་དཀའ་གནད་མང་དག་ཅིག་ཀྱང་གླེང་སློང་བྱས་ཡོད་པ་མཐོང་ཐུབ། དེས་ཀྱང་མ་ཚད། སྤྱི་དང་བྱེ་བྲག་ཏུ་རྒྱ་གར་གྱི་མཚན་ཉིད་རིག་པའི་ཐོག་དམིགས་ཀྱིས་ཆེད་སྦྱོང་བྱས་པའི་རྒྱ་གར་རང་གི་མཁས་པ་རྣམས་ཀྱིས། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་དཔོག་དཀའ་བའི་དཀའ་གནད་དག་ལ་ཧ་ལས་དགོས་པའི་ནུས་རྩལ་གྱི་ཐོག་ནས་འཇུག་ནུས་པ་ཡང་མཐོང་ཐུབ།

གཞན་དག་གིས་གང་ཞིག་བརྗོད་པ་དེ་ལ་རྣ་བ་གཏོད་པར་འདོད་པའི་གུ་ཡང་གི་བསམ་བློ་དེ་ནི་འདས་པའི་དུས་ཡུན་ནང་གི་རྒྱ་གར་གྱི་མཚན་ཉིད་རིག་པའི་རིན་ཐང་དང་ཆེ་བའི་རྒྱུ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། དེ་ལ་མ་འོངས་པའི་བསླབ་བྱ་ངེས་ཅན་ཞིག་ཀྱང་ཡོད། གལ་ཏེ་རྒྱ་གར་གྱི་མཚན་ཉིད་རིག་པ་བསྐྱར་དུ་གསོན་ཤུགས་རྒྱས་ཏེ་དེའི་ངོ་མཚར་ཆེ་བའི་རྒྱུད་པ་སླར་ཡང་རྒྱུན་འཐུད་དགོས་ཚེ། དེ་ནི་ནུབ་ཕྱོགས་དང་། ཤར་ཕྱོགས། ཨརྱན། སེ་མི་ཊིཀ །སོག་ཡུལ་ལ་སོགས་པའི་ཡུལ་གྲུ་གཞན་ནས་རྒྱ་གར་ནང་དུ་དར་བཞིན་པའི་གནས་ལུགས་དང་མི་ཚེའི་འདོད་ཚུལ་གསར་པ་རྣམས་ལ་དོ་སྣང་བྱེད་པ་ཁོ་ན་ལས་ཡོང་བ་ཡིན་ནོ། །

ཞེས་པ་འདི་ནི་རྒྱ་གར་གྱི་མཚན་ཉིད་སྨྲ་བ་ཆེན་པོ་ཆ་ཏེར་འཇི་(Satischandra Chatterjee) དང་། ཌཱ་ཊཱ་(Dhirendramohan Datta) གཉིས་ཀྱིས་མཛད་པའི་མཚན་ཉིད་བསྟན་བཅོས་<<རྒྱ་གར་གྱི་མཚན་ཉིད་རིག་པ་ངོ་སྤྲོད་>>ཅེས་པ་ལས། རིག་གནས་ནང་འདྲེན་ལ་མོས་པས་སྒྲ་སྒྱུར་གྱི་བྱ་བ་ལ་ཅི་ནུས་ཀྱིས་འཇུག་པའི་གྱི་ན་བ་ཟམ་པ་ཞེས་བྱ་བས་སྤྱི་ལོ ༢༠༡༩ ཟླ ༡༡ ཚེས ༢༠ ལ་མཇུག་གྲུབ་པར་བྱས་པ་དགེའོ། །

Related Articles