ཟམ་པ།
གང་ཟག་གཞན་དག་དང་མཚུངས་པར་མི་རྣམས་ཀྱང་འཚོ་གནས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ཡིན་མོད། འོན་ཀྱང་སེམས་ཅན་རིགས་དམན་པ་དེ་དག་ནི་འཆར་གཞི་དང་དམིགས་ཡུལ་མེད་པའི་ཐོག་ནས་རང་གི་ངང་གིས་རྨོངས་པའི་དབང་གིས་འབད་བཞིན་ཡོད་ལ། མི་རྣམས་ཀྱིས་ནི་རང་གི་རྣམ་དཔྱོད་དེ་འབད་བརྩོན་གྱི་གནས་བབ་དང་དགོས་དོན་གང་ཡིན་ངེས་པའི་ཆེད་དང་། བསྒྲུབས་འབྲས་ལེགས་གྲུབ་ཡོང་བའི་འཆར་གཞི་དང་ཡོ་ཆས་རྣམས་སྐྲུན་པའི་ཆེད་དུ་སྤྱོད་པ་ཡིན། མི་རྣམས་ཀྱིས་གློ་བུར་གྱི་འབྲས་བུ་ཙམ་མ་ཡིན་པར། ཆེས་ཕུགས་རྒྱང་རིང་བའི་འབྲས་བུ་ལ་བསམ་བློ་བཏང་སྟེ། རང་ཉིད་ལ་ཡོད་པའི་རང་ཉིད་དང་འཇིག་རྟེན་གྱི་གོ་རྟོགས་ཀྱི་འོད་སྣང་གི་ནང་དུ་རང་ཉིད་ཀྱི་འཚོ་བ་སྐྱེལ་བར་འདོད་པ་ཡིན། དེར་བརྟེན་མིའི་རྒྱུ་མཚན་འདོད་པའི་རང་གཤིས་ལས་ཤེས་ཡོན་ལ་འདོད་པ་སྐྱེའོ། །མཚན་ཉིད་རིག་པ་ནི་རྒྱུ་མཚན་དང་ལྡན་པའི་འདོད་པ་འདི་ཉིད་སྐོང་བའི་ཆ་ལག་ཅིག་ཡིན་སྟབས། འདི་ནི་རྒྱས་སྤྲོས་ཤིག་མ་ཡིན་པར་དགོས་ངེས་ཤིག་ཆགས་ཡོད། དེ་ཡང་དབྱིན་ཇིའི་རྩོམ་པ་པོ་ཞིག་གིས་འདི་ལྟར། མི་རྣམས་ནི་རང་ཉིད་ཀྱི་མི་ཚེ་མཚན་ཉིད་རིག་པ་དང་འཇིག་རྟེན་གྱི་གོ་རྟོགས་ལ་བརྟེན་ནས་འཚོ་བཞིན་ཡོད་ལ། མི་བསམ་མེད་རྣམས་ཀྱང་དེར་ཚུད་ཡོད། འཚོ་གནས་ཀྱི་རྒྱུ་མཚན་གང་ཡང་མེད་པར་འཚོ་བ་ནི་ཡོང་མི་སྲིད་པ་ཞིག་རེད། ང་ཚོ་ལ་ཡོད་པའི་གདམ་ག་ནི་འཚོ་གནས་ཀྱི་རྒྱུ་མཚན་འགའ་ཞིག་ཡོད་པ་དང་འཚོ་གནས་ཀྱི་རྒྱུ་མཚན་གང་ཡང་མེད་པའི་འཚོ་བ་གཉིས་མ་ཡིན་པར། དེ་ནི་རྟག་ཏུ་འཚོ་གནས་ཀྱི་རྒྱུ་མཚན་བཟང་བ་དང་འཚོ་གནས་ཀྱི་རྒྱུ་མཚན་ངན་པ་བཅས་གང་དུ་འཚོ་མིན་དེ་རེད། ཅེས་གསུངས་ཡོད།
སྒྲ་དོན་ཆེས་ཡངས་པའི་དབང་དུ་བྱས་ན། མཚན་ཉིད་རིག་པ་ནི་”ཤེས་ཡོན་ལ་དུང་བ“ཞིག་རེད། རིག་པ་འདིས་ནི་མི་སོ་སོ་དང་། འཇིག་རྟེན། དཀོན་མཆོག་བཅས་དང་འབྲེལ་བའི་གོ་རྟོགས་འཚོལ་ཐབས་བྱེད་པ་ཡིན། གནད་དོན་མང་དག་ཅིག་ཡོད་པའི་ནང་ནས་འགའ་ཞིག་གིས་ནི་སྲིད་པའི་དཔལ་ཡོན་དར་འགོ་ཚུགས་པ་ནས་བཟུང་སྟེ་མི་རྣམས་ལ་སུན་པོ་བཟོས་ཡོད། མཚན་ཉིད་རིག་པས་འདི་ལྟ་བུའི་རང་བཞིན་ཅན་གྱི་གནད་དོན་རྣམས་སེལ་ཐབས་བྱེད། མཚན་ཉིད་རིག་པས་བདེན་དོན་གྱི་གོ་རྟོགས་འཚོལ་བར་དམིགས་པས། རྒྱ་གར་གྱི་རྩོམ་རིག་ལས་འདི་ལྟར། རྒྱ་གར་གྱི་གྲུབ་མཐའ་ཐམས་ཅད་ཀྱིས་སོ་སོའི་ལུགས་ལྟར་བདེན་དོན་ནི་དངོས་སུ་རྟོགས་ནུས་སུ་བཞེད་ཅིང་། རྟོགས་པ་དང་ལྡན་པའི་མི་རྣམས་ནི་རང་དབང་དང་། རྟོགས་པ་མ་ཐོབ་པའི་མི་རྣམས་ནི་འཇིག་རྟེན་དུ་འཁྱམ་པའོ། །ཞེས་གསུངས་ཡོད།
ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་བྱུང་རབས་ཀྱི་ནང་ལས་ང་ཚོས་མཐོང་བ་ནི། གོང་དུ་བཤད་པའི་གནད་དོན་སྣ་ཚོགས་པ་དེ་དག་དང་འབྲེལ་བའི་མིའི་ཤེས་ཡོན་འཕེལ་འགོ་ཚུགས་པར་བརྟེན། མི་རེ་རེས་གནད་དོན་དེ་དག་ཡོངས་རྫོགས་ཤེས་རྟོགས་ཐུབ་པ་ནི་ཡོང་མི་སྲིད་པར་གྱུར་ཡོད། ལས་རིགས་ཆ་བགོས་སམ་རིགས་གཅིག་རྐང་འཛིན་ནི་དགོས་ངེས་སུ་གྱུར་ཅིང་། མི་སྣ་འགའ་རེས་གནད་དོན་བྱེ་བྲག་པ་ཞིག་གམ་འབྲེལ་ཡོད་གནད་དོན་ཁག་ལ་ཆེད་སྦྱོང་བྱས། དེའི་ཐོག་ནས་ཚན་རིག་གི་དམིགས་བསལ་སྡེ་ཚན་སྣ་ཚོགས་པ་འདི་བྱུང་བ་རེད། དངོས་ཁམས་དང་། རྫས་སྦྱོར། རྩི་ཤིང་། སྐར་དཔྱད། ས་ཁམས། དེ་མཚུངས་ཀྱི་ཚན་རིག་གི་སྡེ་ཚན་རྣམས་ཀྱིས་རང་བཞིན་གྱི་འཇིག་རྟེན་གྱི་ཆ་ཤས་སམ་རྣམ་པ་བྱེ་བྲག་པ་རེ་ལ་འཇུག་པར་བྱེད། སྲོག་ལྡན་གྱི་ལུས་ཁམས་ཀྱིས་བྱ་བ་བྱེད་ཚུལ་རིག་པ་དང་། ལུས་ཁམས་ཆགས་ཚུལ་རིག་པ། དེ་མིན་གསོ་རིག་དང་འབྲེལ་བའི་ཚན་རིག་རྣམས་ནི་མིའི་གཟུགས་ཕུང་གི་གནད་དོན་སྣ་ཚོགས་ལ་འཇུག་པ་ཡིན་ལ། སེམས་ཁམས་རིག་པས་མིའི་བསམ་བློའི་གནད་དོན་ལ་འཇུག་མགོ་བརྩམས་ཡོད། དེར་བརྟེན་མཚན་ཉིད་རིག་པའི་འཆར་སྒོ་འགོ་ཚུགས་སའི་གཞིར་གྱུར་པའི་གནད་དོན་བྱེ་བྲག་པ་མང་དག་ཅིག་གི་ཞིབ་ཕྲའི་རིག་པ་ནི་དམིགས་བསལ་ཚན་རིག་སྡེ་ཚན་ཁག་གི་གླེང་གཞིའི་གནད་དོན་དུ་གྱུར་ཡོད། དེའི་དབང་གིས་མཚན་ཉིད་རིག་པས་ཚན་རིག་གི་སྡེ་ཚན་འདྲ་མིན་གྱིས་བྱས་པའི་དཔྱད་བརྗོད་སྙན་ཐོ་ལ་བརྟེན་འགོ་ཚུགས་ཤིང་། དེ་དག་གི་དགོས་དོན་དང་མཚོན་དོན་རྣམས་ལེགས་པར་རྟོགས་པའི་འབད་བརྩོན་བྱས་ཡོད་ལ། གྲུབ་འབྲས་དེ་དག་འཇིག་རྟེན་ཁམས་སྤྱིའི་རང་བཞིན་ཏེ། མི་དང་། རང་བྱུང་ཁམས། དཀོན་མཆོག་བཅས་གོ་རྟོགས་ཡོང་བའི་ཆེད་དུ་བཀོལ་སྤྱོད་བྱས་ཡོད།
དེང་སྐབས་ཀྱི་ནུབ་ཕྱོགས་ཚན་རིག་ལ་ཡོད་པའི་སྡེ་ཚན་གལ་ཆེ་བ་ནི། (ཀ) དངོས་དཔྱད་རིག་པ་སྟེ། མི་དང་། འཇིག་རྟེན། དཀོན་མཆོག་བཅས་ཀྱི་གནས་ལུཊ་དང་འབྲེལ་བའི་གནད་དོན་ཁག་ལ་གླེང་སློང་བྱེད་པའི་རིག་པ་དང་།
(ཁ) ཚད་མ་རིག་པའམ་རྟོགས་བློའི་རྣམ་གཞག་སྟེ། རྟོགས་བློའི་འཕེལ་ཚད་ཀྱི་ནུས་པ་དང་གནས་ལུཊ་ཇི་ཙམ་ཞིག་རྟོཊ་ནུས་ལ་དཔྱོད་པའི་རིག་པ་དང་།
(ག) རིགས་ལམ་སྟེ། རྟགས་ཡང་དག་གི་འགྲོ་ལུགས་དང་དེ་མིན་པའི་གློ་བུར་བའི་གནད་དོན་ཁག་ལ་དཔྱོད་པའི་རིག་པ་དང་། (ང) བཟང་སྤྱོད་རིག་པ་སྟེ། སྤྱོད་ལམ་ལྟ་ཚུལ་གྱི་ཚད་གཞི་དང་། མིའི་མི་ཚེའི་ནང་གི་དགོས་དོན་གཙོ་བོ་གང་ཡིན། དེ་མིན་པའི་དེ་འབྲེལ་གྱི་གནད་དོན་ལྟ་བུའི་བཟང་སྤྱོད་སྐོར་ལ་དཔྱོད་པའི་རིག་པ་དང་། (ཅ) མཛེས་ཉམས་རིག་པ་སྟེ། མཛེས་ཉམས་ཀྱི་གནད་དོན་ལ་འཇུག་པའི་རིག་པ་བཅས་སོ། །ཉེ་བའི་ཆར་དར་རྒྱས་བྱུང་བའི་རིན་ཐང་རིག་པ་ཞེས་པའི་མཚན་ཉིད་རིག་པ་དེས། རིན་ཐང་དང་འབྲེལ་བའི་གནད་དོན་ལ་གླེང་སློང་བྱེད་པ་ཡིན། སྤྱི་ཚོགས་ཀྱི་མཚན་ཉིད་རིག་པ་ཡང་མཚན་ཉིད་རིག་པའི་ཡན་ལག་ཅིག་དང་། དེ་ཡང་གནས་སྐབས་མང་པོར་བཟང་སྤྱོད་དང་སྦྲགས་ཏེ་གླེང་བ་ཡིན། སེམས་ཁམས་རིག་པ་ནི་དུས་ཡུན་རིང་པོ་ཞིག་ནས་མཚན་ཉིད་རིག་པའི་ཡན་ལག་གལ་གནད་ཧ་ཅང་ཆེ་བ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་དེང་སྐབས་ཀྱི་ལྟ་ཚུལ་ལ་འདི་ནི་དངོས་ཁམས་རིག་པ་དང་རྫས་སྦྱོར་རིག་པ་ལྟ་བུའི་དམིགས་བསལ་གྱི་ཚན་རིག་གི་སྡེ་ཚན་མང་པོའི་ནང་གི་བྱེ་བྲག་ཅིག་ཙམ་གྱི་ངོ་བོར་གནས་ཡོད་པ་དང་། འདི་ལ་མཚན་ཉིད་རིག་པ་ལ་མ་བརྟེན་པའི་གནས་ཤིག་ཏུའང་ལྟ་བ་ཡིན།
ཤར་ཕྱོགས་ཀྱི་མཚན་ཉིད་རིག་པའི་གནད་འགག་གཙོ་བོ་རྣམས་ཀྱང་ནུབ་ཕྱོགས་ལྟར་གཅིག་པ་ཡིན་ཞིང་། གནད་འགག་གི་འབྲེལ་བརྗོད་གཙོ་བོ་རྣམས་ལ་ཡང་ཧང་སང་དགོས་པའི་མཚུངས་ཆ་ཡོད་མོད། འོན་ཀྱང་མཚན་ཉིད་རིག་པ་དང་འབྲེལ་བའི་དཔྱད་ཐབས་ནི་རྣམ་པ་གང་འཚམས་ཤིག་མི་འདྲ་ལ། མཚན་ཉིད་རིག་པ་དང་འབྲེལ་བའི་བསམ་བློའི་འཕེལ་ཕྱོགས་ལ་ཡང་ཁྱད་པར་ཡོད། རྒྱ་གར་གྱི་མཚན་ཉིད་རིག་པས་ནི། དངོས་དཔྱད་དང་། བཟང་སྤྱོད། སེམས་ཁམས། ཚད་མ་བཅས་ཀྱི་རིག་པ་ལ་གླེང་སློང་བྱེད་ན་ཡང་། སྤྱིར་བཏང་ནས་དེ་དག་ཕན་ཚུན་ལོགས་སུ་བཀར་བའི་ཐོག་ནས་གླེང་སློང་མི་བྱེད། རྒྱ་གར་གྱི་མཚན་ཉིད་སྨྲ་བ་རྣམས་ཀྱིས་གནད་དོན་ཐམས་ཅད་དངོས་དཔྱད་རིག་པ་དང་། བཟང་སྤྱོད་ཀྱི་རྣམ་གཞག །རིགས་ལམ་གྱི་འགྲོས། སེམས་ཁམས་རིག་པ། ཚད་མ་རིག་པ་བཅས་སྒོ་ཐམས་ཅད་ནས་གླེང་བར་བྱེད་པ་ཡིན། སྐུ་ཞབས་སཻལ་ལྟ་བུའི་བསམ་བློ་བ་འགའ་ཞིག་གིས་ལྟ་ཕྱོགས་དེ་ནི་རྒྱ་གར་གྱི་མཚན་ཉིད་རིག་པས་བྱས་པའི་རྣམ་པ་ཞིག་ཡིན་པར་བརྗོད། ཅེས་པ་འདི་ནི་རྒྱ་གར་གྱི་མཚན་ཉིད་སྨྲ་བ་ཆེན་པོ་ཆ་ཏེར་འཇི་(Satischandra Chatterjee) དང་། ཌཱ་ཊཱ་(Dhirendramohan Datta) གཉིས་ཀྱིས་མཛད་པའི་མཚན་ཉིད་བསྟན་བཅོས་<<རྒྱ་གར་གྱི་མཚན་ཉིད་རིག་པ་ངོ་སྤྲོད་>>ཅེས་པ་ལས། རིག་གནས་ནང་འདྲེན་ལ་མོས་པས་སྒྲ་སྒྱུར་གྱི་བྱ་བ་ལ་ཅི་ནུས་ཀྱིས་འཇུག་པའི་གྱི་ན་བ་ཟམ་པ་ཞེས་བྱ་བས་སྤྱི་ལོ ༢༠༡༩ ཟླ་བ ༠༨ ཚེས་པ ༠༤ལ་བསྒྱུར་བ་དགེའོ། །