རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།

སེམས་ཙམ་པའི་ལུགས་ཀྱི་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།ལེགས་བཤད་སྙིང་པོར་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་གཉིས་བཤད་པ་ལས།དང་པོར་ཡིད་ཤེས་རྟོག་པ་ལ་ལྟོས་ཏེ་རྣམ་རིག་ཙམ་དུ་འཇུག་ཚུལ་བཤད་རྗེས་སུ། ཁ་ཅིག་དོགས་པ་འདི་ལྟར།གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་རིགས་པས་ཁེགས་པ་ཡིན་ལ།

བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིཌ་པས་ཁེགས་པ་མིན་པས་རྣམ་རིག་ཙམ་དུ་འཇུག་པ་ཇི་ལྟར་འཐད་ཅེ་ན་སྐྱོན་མེད་དེ །   ཞེས་པའི་སྐབས་རྟོག་པའི་ཞེན་གཞི་རང་མཚན་ཁེགས་ན་སྔོ་འཛིན་སྣང་ཡུལ་ལ་འཁྲུལ་བ་འགྲུབ་ཅེས་ལན་མཛད་པ་ལ།ཁ་ཅིག་རང་རིག་འཁྲུལ་ཤེས་སྒྲུབ་པའི་རིགས་པ་གཉིས་ཀྱི་སྒོ་ནས་རྩོད་པ་ལ། རིགས་པ་དང་པོ་ནི། སྔོ་འཛིན་དེ་ལྟར་གྲུབ་ན། རང་རིག་ལ་རང་གི་མྱོང་བྱ་ཤེས་པ་དེ་སྣང་བ་ན་དེའི་ཐ་སྙད་འདོགས་པའི་གཞི་ཀུན་བཏགས་དེ་རང་མཚན་སྣང་དགོས་ལ། དེ་ལྟར་ན་དེ་འདྲའི་ཀུན་བཏགས་དེ་རང་རིག་ལ་སྣང་བ་ལྟར་མ་གྲུབ་པས་རང་རིག་འཁྲུལ་ཤེས་སུ་ཐལ་བ་དང། རྣལ་འབྱོར་སྤྱོད་པ་བའི་གྲུབ་པའི་མཐའ་དོར་བར་འགྱུར་རོ་ཞེས་ཟེར། རང་ལན་ནི།གཉིས་སྣང་ནུབ་པའི་རང་རིག་དང་སློབ་པའི་མཉམ་གཞག་ཡེ་ཤེས་རྣམས་རང་གི་འཛིན་སྟངས་ཀྱི་ཡུལ་གང་ཡིན་དེ་སྣང་ཡང་ཤེས་པ་དང་སྟོང་ཉིད་ཅེས་པའི་ཐ་སྙད་འདོགས་པའི་གཞི་དེ་མི་སྣང་པ་དང། འཛིན་སྟངས་ཀྱི་ཡུལ་དུ་གང་སོང་དེ་སྣང་བ་ན་ཞེན་གཞི་ཀུན་བཏཌ་དེ་རང་མཚན་སྣང་དགོས་པའི་འཁྲུལ་ཤེས་དང་མི་དགོས་པ་མ་འཁྲུལ་བའི་རང་རིག་གཉིས་སྣང་ཚུལ་མི་འདྲ་བ་བཞག་པ་ལ་འགལ་བ་མེད་ཅེས་ལན་མཛད་དོ།། རྟོག་པའི་ཞེན་གཞི་དེ་སྣང་བ་ན་གཉིས་སྣང་ཡོད་དགོས་པའི་རྒྱུ་མཚན་ནི་དེའི་སྤྱི་རྟོག་པ་ལ་འཆར་བ་ན་ངེས་པར་གཉིས་སྣང་གི་རྣམ་པ་ཅན་དུ་འཆར་བའི་ཕྱིར་རོ།། འདི་ཤེས་པ་ལ་མཚུངས་པ་མ་ཡིན་ཏེ།རྟོག་པ་ལ་སྤྱི་འཆར་བ་ནའང་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་བའི་ཕྱིར་རོ།། ཞེས་གསུངས་པའི་རྟོགས་དཀའ་བའི་གསུང་ཚིག་འདི་ལ་འགྲེལ་ཚུལ་མང་པོ་ཡོད་ནའང་རང་བློར་གང་ཤར་ཅིག་འབྲི་ན། འདི་ཤེས་པ་ལ་མཚུངས་པ་མ་ཡིན་ཏེ་ཞེས་པའི་འདི་སྒྲ་རྟོག་པ་ལ་ཞེན་གཞི་སྣང་བ་ན་དེའི་སྤྱི་རྟོག་པར་སྣང་དགོས་ལ། སྤྱི་དེ་སྣང་སྟོབས་ཀྱིས་རྟོག་པ་གཉིས་སྣང་འཁྲུལ་བ་ཅན་དུ་འཇོག་དགོས་པའི་ཕྱིར།

རང་རིག་ལ་རང་གི་མྱོང་བྱ་རྟོག་པའམ་ཤེས་པ་དེ་སྣང་བ་ན་གཞན་དབང་འདུས་བྱས་ཙམ་ལས་འཇུག་གཞི་ཀུན་བཏགས་དེ་མི་སྣང་པས་རྟོག་ པ་དང་སྣང་ཚུལ་མི་འདྲ་བ་དང༌། རྟོག་པ་ལ་ཞེན་གཞིའི་སྤྱི་འཆར་བ་ནའང་རྟོག་པ་ཉམས་མྱོང་གི་རང་རིག་ལ་རྟོག་པ་མྱོང་བའི་རྣམ་པ་ཙམ་ལས་འཁྲུལ་གཞི་གཞན་གང་གི་རྣམ་པ་མི་འཆར་བའི་ཕྱིར་ཞེས་གསུངས་པ་ལ། ཕྱོགས་སྔ་མས་རང་རིག་འཁྲུལ་ཤེས་སྒྲུབ་པའི་རིགས་པ་གཉིས་པ་ནི། རྟོག་པ་ལ་གཉིས་སྣང་ངེས་པར་ཡོད་པས་མཚུངས་སོ་ཞེས་རྩོད་པ་ནི། རྟོག་པ་ལ་སྤྱི་དང་གཉིས་སྣང་འཆར་བ་ན་རྟོག་པ་དང་དེ་འདྲའི་འཆར་ཆ་གཉིས་སོ་སོར་མེད་དེ། དཔེར་ན་ཆུ་དང་འདྲེས་པའི་འོ་མ་སྣང་བ་ན་ཁྱོད་དང་སོ་སོར་མེད་པའི་ཆུ་སྣང་དགོས་པ་ལྟར། རང་རིག་ལ་རང་གི་མྱོང་བྱ་རྟོག་པ་དེ་སྣང་བ་ན་རྟོག་པ་གཉིས་སྣང་གི་ཆ་དེ་སྣང་དགོས་ཆ་དེ་ཤེས་པ་ལས་ལོགས་སུ་བཞག་ཏུ་མེད་པའི་ཕྱིར། དེ་ལྟར་ན་རང་རིག་ལ་གཉིས་སྣང་ཡོད་དགོས། གཉིས་སྣང་ཡོད་ན་འཁྲུལ་ཤེས་ཡིན་དགོས་པའི་ཕྱིར་ཟེར་ན། རང་ལུགས་ཀྱི་ལན་ནི། དེ་ལྟར་སྨྲ་མི་ནུས་ཏེ། རྟོག་པ་ལ་ཞེན་གཞི་སྣང་བའི་སྟོབས་ཀྱིས་གཉིས་སྣང་ཡོད་པ་དང་ཡུལ་རྟོག་པ་དེ་རང་ཉམས་མྱོང་གི་རང་རིག་ལ་ཡུལ་གཉིས་སྣང་གི་རྣམ་པ་ཅན་གྱི་བློ་འཆར་ཚུལ་གཉིས་དོན་མི་གཅིག་པའི་ཕྱིར། དེ་ལྟར་མ་ཡིན་ན་གཉིས་སྣང་ནུབ་པ་རྣམ་རྟོག་ལ་འཆར་མི་སྲིད་པར་ཁས་ལེན་དགོས་ལ་དེ་ཡང་མི་རིགས་ཏེ། གཉིས་སྣང་ནུབ་པ་མི་སྲིད་པར་ཐལ་བའི་ཕྱིར་རོ། ཞེས་གསུངས་པའི་དོན་ལ་བསམ་ན། རྟོག་པ་ཉམས་མྱོང་རང་རིག་ལ་མྱོང་བྱ་གཉིས་སྣང་ཅན་གྱི་རྟོག་པ་སྣང་བ་ན་རང་རིག་ལ་གཉིས་སྣང་ཡོད་མི་དགོས་པའི་མགོ་མཚུངས་རིགས་པ་ནི། དེ་ལྟར་མ་ཡིན་ན། གཉིས་སྣང་ནུབ་པའི་བློ་ཆོས་ཅན། ཁྱོད་རྣམ་རྟོག་གཉིས་སྣང་ཅན་ལ་སྣང་བ་མི་སྲིད་པར་ཐལ། ཁྱོད་རྣམ་རྟོག་ལ་སྣང་ན་རྣམ་རྟོག་གཉིས་སྣང་ནུབ་དགོས་པ་གང་ཞིག། རྣམ་རྟོག་དེ་གཉིས་སྣང་ནུབ་པ་མི་སྲིད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། གཉིས་སྣང་ཅན་གྱི་བློ་རང་རིག་ལ་སྣང་བ་ན་རང་རིག་ལ་གཉིས་སྣང་ཡོད་དགོས་པའི་ཕྱིར། ཞེས་ཁྱོད་རང་གི་ཁས་ལེན་དང་མཚུངས་ཞེས་མགོ་མཚུངས་ཀྱི་སྒོ་ནས་བཀག །འདོད་ན། གཉིས་སྣང་ནུབ་པ་ཆོས་ཅན། གཞི་མ་གྲུབ་པར་ཐལ། རང་ཉིད་སྣང་བའི་རྣམ་རྟོག་གམ་རང་འཛིན་པའི་རྟོག་པ་མེད་པའི་ཕྱིར། ཞེས་གཞི་གྲུབ་ན་རྣམ་རྟོག་ལ་སྣང་དགོས་པ་ཚད་གྲུབ་ཀྱི་སྒོ་ནས་བཀག་གོ་དྲང་ངེས་འགྲེལ་བྱེད་ཁ་ཅིག། འདི་ཤེས་པ་ལ་མཚུངས་པ་མ་ཡིན་ཏེ། རྟོག་པ་ལ་སྤྱི་འཆར་བ་ནའང་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་བའི་ཕྱིར་རོ་ཞེས་གསུངས་པའི་དོན་ནི་ཤེས་པའི་སྤྱི་རྟོག་པ་ལ་འཆར་བ་ན་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་བ་དང་ཞེན་གཞིའི་སྤྱི་རྟོག་པ་ལ་འཆར་བ་ན་ངེས་པར་གཉིས་སྣང་ཡོད་དགོས་ཞེས་འགྲེལ། དེ་ལ་ཤེས་པའི་སྤྱི་འཆར་བ་ན་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་ཞེས་པ་ནི། ཤེས་པའི་སྤྱི་ཤེས་པ་འཛིན་པའི་རྟོག་པ་ལ་སྣང་བ་ན་ཤེས་པའི་རྣམ་པ་ཅན་དུ་འཆར་བ་དང༌། སྔོ་འཛིན་རྟོག་པ་ལ་ཞེན་གཞིའི་སྤྱི་འཆར་བ་ན་སྤྱི་དེ་ཞེན་གཞིར་སྣང་བས་མི་མཚུངས་པ་སྒྲུབ་ན་ཕྱོགས་སྔ་མས་རང་རིག་དང་རྟོག་པ་འཁྲུལ་ཤེས་ཡིན་པ་མཚུངས་པར་ཐལ་བའི་རྩོད་པ་ལ་ལན་འགྲོ་མིན་དཔྱད་རྒྱུ་མང༌། རྩོད་ཚུལ་ནི། རྟོག་པ་ཉམས་མྱོང་གི་རང་རིག་ཆོས་ཅན། འཁྲུལ་ཤེས་སུ་ཐལ། རང་ཡུལ་རྟོག་པ་གཉིས་སྣང་ཅན་དེ་ཁྱོད་ལ་སྣང་བ་གང་ཞིག །གཉིས་སྣང་ཅན་དེ་སྣང་ན་ཁྱོད་ལ་གཉིས་སྣང་ཡོད་དགོས་པའི་ཕྱིར་དང༌། ཁྱོད་ལ་གཉིས་སྣང་ཡོད་ན་འཁྲུལ་ཤེས་ཡིན་པས་ཁྱབ་པའི་ཕྱིར་ཞེས་ཟེར་ན། རྟོག་པ་ཞེན་གཞི་སྣང་བའི་གནད་ཀྱིས་འཁྲུལ་ཤེས་སུ་སྒྲུབ་པ་དང༌། རང་རིག་ལ་རང་གི་མྱོང་བྱ་གཉིས་སྣང་ཅན་དེ་སྣང་བ་ཙམ་གྱིས་འཁྲུལ་ཤེས་སུ་སྒྲུབ་མི་ནུས་པ་གཉིས་ཀྱི་ཁྱད་པར་ཤིན་དུ་ཆེའོ། དེ་ལྟར་མིན་ན་གཉིས་སྣང་ནུབ་པ་རྣམ་རྟོག་ལ་འཆར་མི་སྲིད་པ་དང་གཉིས་སྣང་ནུབ་པའི་བློ་མི་སྲིད་པའི་ཧ་ཅང་ཐལ་བ་དེ་བཟློག་ཏུ་མེད་པས་རང་ལན་ནི་སྔར་ལྟར་མཛད་ན་ལེགས་སོ།།སྤྱིར་ཤེས་པ་ཞེས་པའི་ཚིག་ཡོད་པ་དང་རང་རིག་འཁྲུལ་ཤེས་སུ་ཐལ་པའི་རིགས་པ་སྔ་མ་གཉིས་སྒྲིལ་ན་གཞུང་གོང་འོག་འབྲེལ་བ་ཆགས་ཡོད་མེད་དཔྱད་རྒྱུ་སྣང༌། ཤེས་པ་འཛིན་པའི་རྟོག་པ་ལ་ཤེས་པའི་སྤྱི་དེ་མྱོང་བའམ་ཤེས་པ་ཡིན་པ་སྣང་བ་དང༌། ཞེན་གཞི་འཛིན་པའི་རྟོག་པ་ལ་ཞེན་གཞིའི་སྤྱི་ཞེན་གཞིར་འཆར་བ་གཉིས་མི་མཚུངས་པ་བརྗོད་ན་རྩོད་ལན་ཡིན་མིན་དཔྱད་རྒྱུ་འདུག་གོ །དཔེར་ན་ཕྱོགས་སྔས། རང་རིག་ཆོས་ཅན། འཁྲུལ་ཤེས་སུ་ཐལ། རྟོག་པ་སྣང་བ་གང་ཞིག །རྟོག་པ་ལ་གཉིས་སྣང་ཡོད་པའི་ཕྱིར། ཁྱབ་སྟེ། རྟོག་པ་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་དེ་རང་ཡུལ་གཉིས་སྣང་ཡོད་པས་སྒྲུབ་པའི་ཕྱིར་ཟེར་ན། མི་མཚུངས་པའི་ལན་ནི། དེ་གཉིས་ཆོས་ཅན། མི་མཚུངས་པར་ཐལ། བུམ་འཛིན་རྟོག་པ་ལ་བུམ་པའི་སྤྱི་བུམ་པར་སྣང་བ་དང་ཀ་འཛིན་རྟོག་པ་ལ་ཀ་བའི་སྤྱི་ཀ་བར་སྣང་བའི་ཕྱིར་ཞེས་ལན་མཛད་པ་ལྟར་མ་ཡིན་ནམ།། ཡང་འགྲེལ་བྱེད་ཁ་ཅིག། མཚུངས་སོ་ཞེས་སྨྲ་མི་ནུས་ཏེ་ཞེས་པའི་སྐབས། རྟོག་པ་ཉམས་མྱོང་རང་རིག་ལ་གཉིས་སྣང་ཡོད་པར་ཐལ། སྤྱི་རྟོག་པ་ལ་འཆར་བ་ན་ངེས་པར་གཉིས་སྣང་གི་རྣམ་པ་ཅན་དུ་འཆར་བའི་ཕྱིར་ཞེས་ཕྱོགས་སྔའི་འདོད་པ་བཀོད་ནས། མི་མཚུངས་པའི་ལན་ནི། རང་རིག་མྱོང་ཙམ་མིན་པར་མ་ཟད་རྟོག་པ་ལ་རང་རིག་གི་སྤྱི་འཆར་བ་ནའང་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་བའི་ཕྱིར་རོ་ཞེས་པ་ལྟར་ན་རང་རིག་སྣང་བའི་རྟོག་པ་དང་ཤེས་པ་སྣང་བའི་རྟོག་པ་གཉིས་མི་མཚུངས་པ་དང་རང་རིག་མྱོང་ཙམ་མ་ཡིན་པ་དང་ཤེས་པ་མྱོང་བ་ཡིན་པས་ཞིབ་ཆ་བྱས་པ་འདྲ། ཕྱོགས་སྔས་རང་རིག་འཁྲུལ་ཤེས་ཡིན་མིན་རྩོད་པ་ལ་དོགས་པ་གཅོད་དགོས་པ་ལས་དེ་མྱོང་བ་ཡིན་མིན་དོགས་པ་གཅོད་ན་སྐབས་སུ་མ་བབ་པ་འདྲ། སྤྱིར་མྱོང་བ་དང་མྱོང་ཚུལ་ལ་གཞུང་ལུགས་ལས་འདྲ་མིན་ཡོད་ན་ཡང་སྐབས་འདི་མྱོང་ཙམ་གྱི་རྣམ་པ་ཅན་དུ་འཆར་བའི་ཕྱིར་ཞེས་པ་དེ་ཤེས་པའི་རྣམ་པ་ཙམ་ལས་གཞན་དུ་འགྲེལ་ན་གཞུང་གི་དོན་འགྲོ་མིན་དཔྱད་རྒྱུ་སྣང༌། ཤེས་པ་རང་རིག་ལ་སྣང་ཚུལ་རྟོག་པ་ལ་འཆར་ཚུལ་དང་གཟུགས་རྟོག་པའི་ཞེན་གཞི་ཡིན་པ་རྟོག་པ་ལ་འཆར་ཚུལ་གཉིས་མི་འདྲ་ཞེས་ལན་མཛད་ཀྱང་ཕྱོགས་སྔ་མའི་རྩོད་པ་ནི་དེ་ལྟར་མི་སྣང་ལགས། དོན་བསྡུས་ན། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ་ཞེས་པ་ནས་སྒྱུ་མ་རྟ་གླང་ཡིན་པ་ཡང་རྟོག་བྲལ་ལ་མི་སྣང་བར་འགྱུར་ཏེ། རྟོག་པས་བཞག་པ་ཙམ་ཡིན་པའི་ཕྱིར་ཞེས་པའི་བར་ཕྱོགས་སྔའི་རྩོད་པ་ནི་རང་རིག་དང་སྔོན་འཛིན་གཉིས་མཚུངས་པའི་རིགས་པ་གཉིས་ལས་མ་འདས་ལ། རང་ལུགས་ནི་མི་མཚུངས་པའི་རིགས་པ་གཙོ་བོ་གཉིས་དང་ཧ་ཅང་ཐལ་བ་བཅས་ཀྱི་སྒོ་ནས་བཀག་པ་ལས་དེ་ལས་གཞན་མང་དུ་འགྲེལ་ན་གཞུང་དོན་གཞན་དུ་འགྲོ་བ་དང་གཞུང་གོང་འོག་ལ་འབྲེལ་མེད་ཆགས་པའི་ཉེན་ཁ་ཆེའོ།།

འཕགས་བོད་གཞུང་ལུགས་རིན་ཆེན་འབྱུང་གནས་ཆེར།། མཁས་མང་སློབ་ཚོགས་བགྲོད་བྱེད་གཟེངས་བསྡེབས་ནས།།
གཞུང་དོན་མཚོ་ལས་བྱུང་བའི་ནོར་བུའི་རིགས། །སྐལ་བཟང་རྡུལ་ཕྲན་ཙམ་ཞིག་ཐོབ་པ་བཀོད། །

སྡེབ་སྦྱོར་སྙན་ངག་ཚིག་གི་གོས་དང་བྲལ། ། ཚད་ཐུབ་དྲི་མེད་ལུང་གི་འགོ་འདྲེན་དབེན། །

བསྟན་དོན་ཟབ་དང་རྒྱ་ཆེའི་གཟུགས་སྟོབས་དམན། ། འོན་ཀྱང་གསར་གཏོད་རིགས་པས་མཆོད་པ་འབུལ། །

སེར་ལྷོ་ངག་དབང་བསྟན་པ།།

 

 

 

རྩོམ་ཡིག་འདི་ཐེངས་ 2015 བཀླགས་འདུག

Related Articles