ཤར་ཕྱོགས་ནང་པ་དང་ནུབ་ཕྱོགས་ཚན་རིག་པ་གཉིས་ཀྱི་ལྟ་གྲུབ་མཐུན་ཆ་གནའ་དེང་ཟུང་གི་མེ་ལོང༌། སྣང་སྟོང་ལྟོས་གྲུབ་འགལ་མེད་ཤེས་བྱའི་མཁར། །འཁོར་འདས་གསལ་བའི་ཡེ་ཤེས་ཉི་གཞོན་གྱིས།།
སྣ་ཚོགས་འགྲོ་བློ་རྨོངས་པའི་མི་ཤེས་མུན། །བསལ་མཛད་རྣམ་འདྲེན་ཤཱཀྱ་སེངྒེར་འདུད།།
ཅེས་མཆོད་པར་བརྗོད་པས་སྔོན་བསུས་ཏེ་གང་གླེང་བར་བྱ་བ་ནི། ཤར་ནུབ་ཀྱི་གནའ་དེང་ཤེས་ཡོན་མཐུན་ཆ་མང་པོར་ཡོད་པར་བརྟེན། ནང་པས་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་རྣམ་གཞག་ཇི་ལྟར་འཇོག་པ་བསྡུས་ཏེ་བཤད་པ། ནུབ་ཕྱོགས་པས་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་རྣམ་གཞག་དེ་དང་ཆ་འདྲ་བར་བཤད་ཚུལ་གཉིས་ལས། དང་པོ། ཇི་སྐད་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ།
།དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ལོ་ངོ་བརྒྱ་ཕྲག་ཉི་ཤུའི་སྔ་རོལ་དུ་བདག་ཅག་གི་སྟོན་མཆོག་མཉམ་མེད་ཤཱཀྱ་སེངྒེས་རྫས་འཕྲུལ་ལ་མ་བརྟེན་པར་ནང་པའི་ཚན་རིག་གི་རྣམ་གཞག་དང༌། མཐོང་སྤྱོད་ལས་འདས་པའི་ལྟ་གྲུབ་ཀྱི་རྣམ་གཞག །ཉམས་ལེན་སྒོམ་སྒྲུབ་ཀྱི་རྣམ་གཞག་གསུམ་ལས། དང་པོ་ནང་པའི་ཚན་རིག་དེང་དུས་ཀྱི་རིག་གསར་དང་མཐུན་པ་མ་ཟད། གཉིས་པ་མཐོང་སྤྱོད་ལས་འདས་པའི་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཀྱང། དེང་གི་ཚན་རིག་དང་མཐུན་ཆ་ཆེ་བས་དཔེར་ན། སྟོང་པ་དང་རྟེན་འབྱུང་གི་རྣམ་གཞག་ཞིབ་ཅིང་ཕྲ་བ་མངོན་སུམ་གྱི་མྱོང་བས་དྲངས་ཤིང་དེ་ལྟར་གཞན་ལ་འདོམས་པ་དེ་དག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མ་བཅོས་ཤིང་མ་ལྟོས་པ་མེད་ཅིང་ལྟོས་ནས་ཡོད་པ་དང༌། རྟེན་འབྲེལ་ལྟོས་ཤིང་བཅོས་མ་ཉིད་ཡིན་པའི་རྒྱུ་མཚན་གྱིས། བྱ་བྱེད་ཐམས་ཅད་ཕན་ཚུན་ལྟོས་གྲུབ་ཀྱིས་འཇོག་དགོས་པས་རིག་གསར་དང་མཐུན་ཆ་ཆེ་ཞིང༌། དགག་སྒྲུབ་ཀྱི་ཆ་གང་ནས་ཀྱང་གཞན་གྱིས་སུན་འབྱིན་པའི་གོ་སྐབས་དབེན་གཉིས་པ། དུས་རབས་བཅུ་དགུ་པའི་སྐབས་སུ་བྱོན་པའི་དབྱིན་ཇིའི་ཕྲ་རྡུལ་དངོས་ཁམས་ཀྱི་ཚན་རིག་པ་གྲགས་ཅན་ཏཱ་ཝུན་གྱིས་ཕྱི་ལོ་ ༡༩༣༧ ལོར་ཞི་མིའི་ཚོད་ལྟ་ཟེར་བའི་ཤི་གསོན་གྱི་དཔེ་ལ་བརྟེན་ནས་དངོས་པོའི་ཆོས་ཉིད་ལ་འགྲེལ་བཤད་བྱེད་སྐབས་སུ། གཞི་གཅིག་ཡོད་དང་མེད། ཡིན་དང་མིན། ཤི་བ་དང་གསོན་པ་སོགས་ཀྱི་ཐ་སྙད་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་ནས་འཇོག་དགོས་པ་ལས། ཕན་ཚུན་མ་ལྟོས་པར་ཁ་ཚོན་གཅོད་མི་ནུས་པར་གསུངས་པ་དེ་དག་ནང་པའི་ལྟོས་གྲུབ་ཀྱི་རྣམ་གཞག་དང་ཆེས་མཐུན་ཆ་ཆེ་བར་མཐོང༌། ཁོང་གིས་རང་བྱུང་གི་འདེམ་སྒྲུག་དང༌། དེང་རབས་ཀྱི་འཕེལ་འགྱུར་རིགས་པའི་རྨང་གཞི་བཙུགས་པ་དེ་དག་ཕྱིའི་སྣོད་དང༌། ནང་བཅུད་ཀྱི་སེམས་ཅན་གཉིས་ཀྱི་ལས་འབྲེལ་ལ་བརྟེན་ནས་ཡིན་པ་ནང་པའི་གཞུང་ནས་གསུངས་པ་དང་མཐུན་ཆ་ཆེ། འཕེལ་འགྱུར་ལ་བརྟེན་ནས་སེམས་ཅན་རྣམས་མེས་པོ་གཅིག་པ་དང༌། སེམས་ཅན་རྣམས་གཉེན་ཉེ་ཡིན་པའི་འགྲེལ་བཤད་ཀྱང་བྱས། གོང་དུ་བརྗོད་པ་ལྟར་གཞི་གཅིག་ཡོད་མེད་སོགས་ཁ་ཚོན་གཅོད་མི་ནུས་པ་བཞིན་རྡུལ་ཕྲན་གཅིག་གི་མོ་རྡུལ་ལམ་གློག་རྡུལ་དེ་འཇུག་པ་མྱུར་བས་དུས་གཅིག་ལ་ཡུལ་གཉིས་ལ་ཡོད་པ་ལྟར་མཐོང་སྲིད་ཀྱང༌། སྤྱིར་ཚན་རིག་པས་གཟུགས་ཅན་གཅིག་དུས་གཅིག་ལ་ཡུལ་གཉིས་ལ་ཡོད་མི་སྲིད་པར་འདོད་པས། ཆོས་མངོན་པ་མཛོད་ལས། གཅིག་ན་ལྷན་གཅིག་གཉིས་ཡོད་ཕྱིར། གསུངས་པ་དང་མཚུངས། གྷི་རིག་གི་ཚན་རིག་པ་ཧྥིལོ་ཧྥར་རྫི་ནོ་ཡིས་ལྟོས་གྲུབ་དཔེའི་ཐོག་ནས་འགྲེལ་བཤད་བྱེད་སྐབས་དུས་ཀྱི་སྐད་ཅིག་མ་གཅིག་ལ་མདའ་ཞིག་འཕངས་པས་ན་བར་སྣང་དུ་གོ་ས་ངེས་ཅན་ཞིག་ལ་ཡོད་དགོས། མདའ་དེ་རྒྱང་ཐག་ཇི་ཙམ་སོང་ཡང་དེའི་རྒྱང་ཐག་ཕྱེད་བསྐྱོད་པ་ལ་ཐོག་མ་འགོ་འཛུགས་ས་ནས་བརྩིས་པའི་རྒྱང་ཐག་ཕྱེད་བསྐྱོད་དགོས།
དེའི་ཕྱེད་བསྐྱོད་པ་ལ་ཡང་དེའི་ཕྱེད་བསྐྱོད་པ་སོགས་ཐོག་མའི་མཐའ་མི་རྙེད་གསུངས་པས་དཔལ་ལྡན་ཐལ་འགྱུར་བའི་ལྟ་བ་ཐ་སྙད་བཏགས་པའི་དོན་བཙལ་བའི་ཚེ་ན་མི་རྙེད་པ་གསུངས་པ་དང་མཐུན་ཆ་ཆེ། ཆེས་སྐད་གྲགས་ཅན་གྱི་མཚུངས་རྩིས་ཞེས་པ་དཔེར་ན། མཚེ་མ་སྤུན་གཉིས་ཡོད་པ་ལས་གཅིག་འོད་ཀྱི་མགྱོགས་ཚད་ཐོག་གནས་གཞན་དུ་སྐྱོད་པ་དང༌། གཞན་དེ་གནས་གཅིག་ཏུ་སྡོད་པ་གཉིས་ལས་དུས་ཀྱི་ཁྱད་པར་འབྱེད་པ་དེ་གོ་དཀའ་ཞིང་ཁས་ལེན་ཐུབ་པ་ཡང་དཀའ་ནའང༌། རྩིས་ཀྱི་ཐོག་ནས་གོ་བདེ་བར་འགྲེལ་བཤད་བྱེད་ན། དུས་ཞེས་པ་དེ་མགྱོགས་ཚད་དམ་འགུལ་སྐྱོད་ལ་ལྟོས་པས་ཇི་ཙམ་གྱིས་འགུལ་སྐྱོད་མགྱོགས་པའམ་མང་བ་དེའི་ཚོད་ཀྱིས་དུས་དལ་བས། དེ་ལས་ཆེས་སྐད་གྲགས་ཅན་གྱི་མཚུངས་རྩིས་དེའི་གོ་རྟོགས་རྙེད་ཐུབ། མཁའ་དཀྱིལ་དུ་འགུལ་སྐྱོད་ལྡན་པ་ཉི་ཟླས་མཚོན་པའི་དངོས་གཟུགས་ཇི་འདྲ་ཞིག་ཡིན་ཡང་འགོག་ཤུགས་མ་འཕྲད་བར་དུ་མགྱོགས་ཚད་བརྟན་པོའི་ངང་རྒྱུགས་ངེས་པ་ཡིན་པ་མ་ཟད། གཟའ་སྐར་ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་པ་ཤ་སྟག་ཡིན། དེར་བརྟེན་ཉེ་བའི་ཆར་ཨེ་ཊ་ལི་ནས་ཡིན་པའི་གྲགས་ཅན་གྱི་ཚན་རིག་པ་རྒི་ལི་ལེའོ་ཡིས་
འགྱུར་འགོག་རང་གཤིས་ཀྱི་ཁྲིམས་ཟེར་བའི་ལྟ་གྲུབ་སྤེལ་བས་འཛམ་གླིང་ནང་སྐད་གྲགས་ཆེ་བར་བྱུང༌། ཁོང་གིས་ཀྱང་མཁའ་དབྱིངས་སུ་འཁོར་སྐྱོད་བྱེད་པའི་གཟའ་སྐར་རྣམྶ་ཕན་ཚུན་ལྟོས་པར་བཤད། མཐར་ཐུག་གི་དམིགས་ཡུལ་ནང་ཆོས་དང་ཚན་རིག་གཉིས་ལ་ཆེས་མི་འདྲ་བ་དེ་ཡང༌། ནང་པའི་ཕུགས་ཀྱི་དམིགས་འདུན་གཞན་ཕན་ལྷག་བསམ་གྱི་རྩ་བ་བྱེད་ནས་ནང་སེམས་ཀྱི་མི་མཐུན་ཕྱོགས་མཐའ་དག་འགོག་ཅིང༌། དེའི་མཐུན་ཕྱོགས་གཏན་དུ་བདེ་བའི་གོ་འཕང་སེམས་ཀྱི་སྟེང་ནས་བསྒྲུབ་པར་འདོད། ཚན་རིག་པས་ཕྱིའི་མི་མཐུན་པའི་རྐྱེན་དཔལ་འབྱོར་དཀའ་ངལ་གྱིས་མཚོན་པའི་འགལ་རྐྱེན་དེ་དག་བསལ་ཞིང༌། མཐུན་ཕྱོགས་ཕྱིའི་དངོས་པོ་ཡར་རྒྱས་ཚད་མཐོར་གཏོང་ཞིང་འགྲོ་བ་མིའི་བདེ་སྐྱིད་ཕུན་སུམ་ཚོཌ་པ་བསྐྲུན་པར་འདོད། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཕྱིའི་དངོས་པོ་དང་ནང་སེམས་ཀྱི་ཞི་བདེ་མཉམ་གནས་དགོས་པ་ནི། ཆེས་ཛ་དྲག་པའི་གོ་ལ་ཧྲིལ་པོར་དབང་སྒྱུར་གྱི་དུས་སྐབས་འདིར་དུས་ཀྱི་དགོས་མཁོ་དང་འཚམས་པར་མེད་དུ་མི་རུང་བའི་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མིས་མཚོན་པའི་སྐྱེ་འགྲོ་མཐའ་དག་གི་བདེ་སྐྱིད་ཀྱི་གཞི་རྩ་དང་བཟང་ཕྱོགས་ཀྱི་ཆ་རྐྱེན་ཞིག་ཀྱང་ཡིན། དེ་ལྟར་ཡོང་བ་ལ་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་སྤོབས་པ་མཐོན་པོའི་སྒོ་ནས་དཔུང་པ་མཉམ་གཤིབ་འགྲོ་ཐུབ་པའི་སེམས་གཙོ་སྨྲ་བ་ནི་ནང་པ་ཉག་གཅིག་ཡིན།
དེ་ལྟ་བུའི་གཏིང་མཐའ་ཟབ་པའི་ནང་དོན་རིགས་པའི་གཞུང་ལུགས་དང་ཐུན་མོང་མིན་པའི་བོད་གངས་ཅན་གྱི་སྐད་ཡིག་དེ་དག་འཛམ་བུ་གླིང་འདིར་ཆེས་ཚད་མཐོ་བའི་ཤེས་ཡོན་ཞིག་ཡིན་ན་ཡང༌། འཛམ་གླིང་གི་ཤེས་ཡོན་གདེང་ཆའི་སྟེང་དུ་ཐོན་ཐུབ་མེད། རྒྱུ་མཚན་དེར་བརྟེན་ནང་པའི་མཁས་པ་ཚོས་ངེས་པར་དུ་དེང་དུས་ཀྱི་ཤེས་རིག་པ་དང་མཉམ་དུ་བགྲོ་གླེང་ཡང་ཡང་བྱ་བ་དང༌། ཕན་ཚུན་བསམ་ཚུལ་བརྗེ་ལེན་དགོས་པ་ནི། དུས་རབས་ཉེར་གཅིག་གི་སྐབས་འདིར་རྨད་དུ་བྱུང་བའི་གོ་སྐབས་ཤིག་ཡིན་པར་མཐོང༌། རང་ངོས་ནས་ནང་པའི་ལྟ་གྲུབ་ཟབ་མོ་དེ་དག་ལ་སློབ་གཉེར་གྱི་གོ་སྐབས་ཡང་དག་པར་ཐོབ་ཅིང་ཅུང་ཟད་ཡིད་ཆེས་པའི་ནང་པའི་དགེ་འདུན་པ་ཞིག་གི་མིང་ཁུར་མཁན་ཡིན་པའི་ཆ་ནས་གཞན་ལ་འཆད་སྤེལ་བྱ་དགོས་པ་ནི། རང་གི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ཞིག་ཀྱང་ཡིན་པར་སྙམ་ནས་གོང་སྨོས་དེ་དག་བླུན་རྨོངས་པས་མཐོང་ཚོད་འགའ་བྲིས་པས་ཉེས་པའི་ཚོགས་མཁས་པའི་སྤྱན་སྔར་སྙིང་ནས་འཆགས་སོ།
སྟོང་གསུམ་རྫས་ཚོགས་འདུས་པའི་གོང་བུ་ལས། །བྱུང་བའི་དངོས་གཟུགས་ནུས་པའི་ཚོགས་ཀྱི་འཇིངས།།
ཧྲིལ་ཟླུམ་གོ་ལའི་སྟེང་གི་ཕྱི་ནང་བཅུད། །ཕན་དང་བདེ་བའི་ཐབས་ལམ་ཡོད་དོ་ཅོག།།
དེང་དུས་རིག་གསར་རྫས་འཕྲུལ་ཟླ་གཞོན་གྱིས། །མཁོ་རྒུའི་ཡོ་བྱད་ཀུ་མུད་འདབ་བརྒྱ་བཀྲོལ།།
མེས་པོའི་སྲོལ་བཟང་ནང་བསྟན་འོད་སྟོང་གཟིས། །སྣ་ཚོགས་འགྲོ་བའི་བློ་རྨོངས་མུན་ཚོཌ་བཅོམ།།
ཚན་ཆོས་ཟུང་འབྲེལ་རབ་ཡངས་རྒྱ་ཆེའི་ཞིང༌། །ཕྱི་ནང་སྣོད་བཅུད་བགྲངས་ཡས་ལོ་འདབ་གྲོལ།།
གནའ་དེང་ཟུང་གི་ཤེས་རིག་ཆར་གྱི་ཆུས། །འགྲོ་ཁམས་རྒྱ་མཚོའི་བདེ་སྐྱིད་དཔལ་ཡོན་རྒྱས།།
སེར་ལྷོ་སྒྲུབ་གྲྭ་སྐལ་འདོད།