རང་གིས་རང་ལ་ཁྲེལ་བ།

རང་ཐར།

ཁྱོད་རང་འདི་ལྟར་དྲག་ཆར་ནང་དུ་འདུར་རྒྱུག་བྱེད་དོན་ཅི་ཡིན་ནམ།

      ལག་ངར་དུ་འཁྱག་འབུར་དོད་ཅིང་།

               ཆར་ཆུའི་གྲང་རེག་གིས་སྐེད་པ་གཟིར་བཞིན།

                        ཕྱེད་ཟུམ་པའི་མིག་ཟུང་ཆར་ཆུས་ཁེབས་པའི་གཞུང་ལམ་ལ་ཅེར་ནས།

འདི་ལྟར་བུ་མོའི་སྦག་སྦག༡་བཞོན་ནས་རྒྱུག་དོན་ཅི་ཡིན་ནམ།

 

ཁྱོད་ཀྱིས་མི་དྲན་ནམ།

      སྔོན་ཆད་ཁྱོད་ཀྱིས་རོགས་པ་ཚོའི་མདུན་ནས

      “ང་རང་བོད་ཀྱི་ལིས་ཐྲོ་ལི་སི་ཐྲོའོ༢་བྱེད་རྒྱུ་ཡིན”ཟེར་ནས་འུད་བཤད་མ་མྱོང་ངམ།

               ད་དུང་། བོད་ཀྱི་རྩོམ་པ་པོ་ཕལ་མོ་ཆེ།

      འཚོ་བའི་རྒྱ་མཚོ་ལ་ཟབ་ཏུ་ཞུགས་རྟིང་།

 

དགུན་གྱི་ཁུ་བྱུག་ཏུ་འགྱུར་འགྲོ་བར་འཁང་ར་བྱེད་མཁན་དེའང་ཁྱོད་མ་རེད་དམ།

 

ཨ་ཅང་ཅང་། ཁྱོད་རང་ལིས་ཐྲོ་ལི་སི་ཐྲོའོར་འགྱུར་འགྲོ་བ་དེར་ཁྱོད་ལའང་གདེང་ཚོད་མེད།

      ཁྱོད་ཀྱིས་དེ་རོགས་པ་ཚོར་བཤད་རྒྱུར་དགའ་བའི་རྨི་ལམ་ཞིག་ཡིན་པ་རྟོགས་ཡོད་ལ།

               རོགས་པ་ཚོས་ཀྱང་སྐབས་རེར་ཁྱོད་རང་རྨི་ལམ་དེར་རོལ་མྱོང་བྱེད་དུ་འཇུག་ངེས།

                        འོན་ཀྱང་། ཁྱོད་ཀྱི་སེམས་སུ་གཏན་ནས་འཁོར་མ་མྱོང་བ་ནི།

ཁྱོད་རང་སྒྲུང་གཏམ་གསར་པ་ཇི་ལྟར་བྲི་དགོས་མིན་བསམ་གཞིགས་བྱེད་མཁན་ཞིག་ནས།

      ཁང་གླ་རྗེས་མ་དེ་ཇི་ལྟར་འཚོལ་དགོས་མིན་སེམས་ཁྲལ་བྱེད་མཁན་ཞིག་ཏུ་གྱུར་བ་དེ་རེད།

               སྔོན་ཆད་ཁྱོད་ཀྱིས་འཚོ་བ་གསར་རྩོམ་གྱི་རྒྱུ་ཆ་ཡིན་ཟེར་མྱོང་ཡང་།

ད་ལྟ་འཚོ་བ་ཁྱོད་ཀྱིས་མི་འདོད་བཞིན་དུ་འཁུར་བཞིན་པའི་གཟུགས་མེད་ཀྱི་ཕ་བོང་ཞིག་ཏུ་གྱུར་ཡོད་ལ།

རྡོ་དེའི་ལྗིད་ཀྱིས་ཁྱོད་རང་དྲག་ཏུ་མནན་ནས་སེམས་ཀྱི་སྤྲོ་སྣང་དང་གདོང་གི་འཛུམ་མདངས་ཀྱང་།

               སྐམ་པས་ལིམ་བུ་བཙིར་བ་ལྟར་ཕྱི་ལ་བཏོན་ཡོད་པས།

      ད་ལྟ་ཁྱོད་ཀྱིས་རོགས་པ་ཚོ་དང་ཐུག་དུས་སྟོན་པའི་འཛུམ་མདངས་བཅོས་མ་དེ་དང་།

སྐབས་རེར་གླེང་མོལ་གྱི་མཚམས་ནས་ཤོར་བའི་ཤུགས་རིང་དེ་ལས་ཅི་ཡང་ལྷག་མེད།

 

སྐབས་རེར་ངས་ཁྱོད་ལ་སྙིང་རྗེ་ཞིང་ཤ་ཚ་ཡོང་།

      ཁྱོད་རང་འདི་ལྟར་རྟག་ཏུ་ཁང་གླར་སེམས་ཁྲལ་བྱེད་མཁན་ཞིག་ཏུ་གྱུར་བ་དེ།

               ཁྱོད་ཀྱི་ནོར་འཁྲུལ་དང་སྐྱོན་ཆ་ག་ལ་ཡིན།

                                          དེ་ནི་——

 

རེད་ཨང་། ཁྱོད་ཀྱིས་ལོ་ངོ་གསུམ་ལ་ལུས་སེམས་ཀྱི་ངལ་བར་མ་འཛེམ་པར་བསྒྱུར་ཅིང་།

      རོགས་པ་ཚོར་ངོ་འཕངས་ནས་ཞུ་དག་བཏང་བའི་བརྩམས་སྒྲུང་ཞིག

                        ཧིན་སྒོར་ཁྲི་འགའ་ལ་བརྗེ་དགོས་ཐུག་དུས།

               ཁྱོད་ལ་ཁག་ཅི་ཡོད། ཁྱོད་རང་འདི་ལྟར་མི་རྒྱུག་རང་རྒྱུག་རེད་ཨང་།

      ངས་སེམས་གཏིང་ནས་ཁྱོད་ཀྱི་ངལ་བའི་འདུར་རྒྱུག་ལ།

འོས་ཤིང་བབས་པའི་འབྲས་བུ་ཞིག་ཡོང་བའི་སྨོན་ལམ་འདེབས།

                        ཁྱོད་ཤ་ཚ། ཁྱོད་སྙིང་རྗེ།

                                                      ༢༠༢༢.༧.༡༤ ཉིན།

(དེ་རིང་ཟ་ཁང་ལ་དགོས་པའི་ནང་ཆས་ཆེད་དུ་ཀང་རཱར་འགྲོ་དུས། ལམ་བར་ནས་ཆར་པས་དྲག་ཏུ་གདུངས་ནས་ལུས་ལ་ཟུག་གཟིར་དང་སེམས་སུ་སྐྱོ་སྣང་དྲག་པོ་སྐྱེས་པས། ལམ་ཟུར་གྱི་རྒྱ་གར་གྱི་ཟ་ཁང་ལ་ཆར་གཞོལ་བྱེད་ཞོར་དུ་བློས་བསླངས་ནས་རང་ཤག་གི་མལ་སར་བྲིས། ད་ལྟ་ངའི་ལུས་པོ་ངལ་དུབ་ཀྱིས་མནར་ནས་ལང་འདོད་ཀྱང་མི་འདུག་པར་བརྟེན། དཀར་ལྡེའུ་བོས་ནས་དགོང་ཟས་བཟོ་རུ་བཅུག་པ་ཡིན།)

Related Articles