འཇམ་དབྱངས་བསྟན་མཚོ།
ཁྱོད་རང་ཁུ་བྱུག་བཞིན།
ནགས་ཀློང་དུ་ཡང་ཡང་གྲེ་འགྱུར་སྒྲོག་དུས།
ང་ནི་དགའ་སྡུག་གི་ཚོར་བ་སྐྱེན་ལ།
མི་ཡུལ་གྱི་མགྲོན་པོ་དེ་ཡིན་གཤིས།
རྣ་བ་བླགས་ཏེ་ཉན་པར་སྤྲོ།
ཁྱོད་ནི་སྦྲང་ཆར་བཞིན།
མེ་ཏོག་དང་འབྲུ་དྲུག་གི་གསོས་སུ་འབབ་ན།
ང་ནི་འཇའ་ཚོན་ལྟར།
ཁྱོད་ཀྱི་དྭངས་གཙང་དང་མཛེས་སྡུག་ལ་རོལ་མཁན་དེ་ཡིན།
ཁྱོད་རང་ཁ་བ་བཞིན།
དཀར་གཙང་གིས་རི་རབ་ཀྱི་དབུ་རྒྱན་དུ་འབབ་ན།
ང་ནི་ཤག་ཤག་ཏུ་འབབ་པའི།
ཆུ་ཀླུང་གི་དལ་འགྲོས་དེ་བྱ་འདོད།
ཁྱོད་རང་མེ་ཏོག་བཞིན།
བསུང་ངད་ཀྱིས་ལྡིང་བའི་དཔྱིད་དཔལ་དེ་ཡིན་ན།
ང་ནི་རོ་མཆོག་ལ་མགུ་ཞིང་།
ཁྱོད་ཀྱི་སྐེད་པར་འཁྱུད་པའི་སྦྲང་ཆུང་དེ་བྱ་འདོད།
ཁྱོད་རང་ཟླ་བ་བཞིན།
སྟོན་འཇམ་གྱི་བསིལ་རླུང་དང་འགྲོགས་ཏེ་འཆར་ན།
ང་ནི་ཁྱོད་ཀྱི་རི་བོང་གི་མཚན་མ་སྟེ།
འཇིག་རྟེན་བྱེད་པོས་ཀུན་རྟོག་དང་འགྲོགས་ཏེ་གསོན་འདོད།
ཁྱོད་རང་ཀུན་གསལ་བཞིན།
སྒྱུ་གར་གྱི་དབུས་ནས་འཆར་ན།
ང་ནི་ཁྱོད་རང་གཉེན་དུ་སྒོམ་པའི།
པད་ཚལ་གྱི་མཛེས་པ་མངོན་པའི་མེ་ཏོག་དེ་བྱ་འདོད།