ཁ་ཆེ་ཕ་ལུའི་བསླབ་བྱ་རྩོམ་པ་པོ་སུ་ཡིན་དཔྱད་པ།

དར་ལྕེ་ཟད་པོ། 

ཁ་ཆེ་ཕ་ལུའི་བསླབ་བྱ་རྩོམ་པ་པོ་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ཡིན་པར་ཡོངས་སུ་གྲགས་ཤིང་།  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་ཁ་ཆེ་ཕ་ལུའི་བསླབ་བྱའི་གླེང་བརྗོད་ལ་ཡང་པཎ་ཆེན་སྐུ་ཕྲེང་བདུན་པས་བརྩམས་པར་བཀོད། ཧོར་ཁང་བསོད་དཔལ་གྱིས་ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱིས་བརྩམས་པར་གསུངས། ཁ་ཆེ་བ་<<འ་ཧུང་>>ཞེས་པ་ཞིག་གིས་བརྩམས་པར་གྲགས་པ་བཅས་བཤད་ཚུལ་མི་མཐུན་པ་གསུམ་ཡོད། 

གལ་ཏེ་པཎ་ཆེན་སྐུ་ཕྲེང་བདུན་པས་བརྩམས་ན་གསང་བ་བྱེད་དགོས་དོན་གང་ཡང་མི་སྣང་བས་ཁོང་གི་གསུང་འབུམ་ནང་ལ་ངེས་པར་དུ་འགོད་དགོས་ཀྱང་གསུང་འབུམ་པོད་དགུའི་ནང་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་མེད་པ་མ་ཟད། རྣམ་ཐར་འགོ་ནས་མཇུག་བར་བཀླགས་ཀྱང་།   ’’མེ་རྟ་ལོར་ཤམ་བྷ་ལའི་སྨོན་ལམ་གྱི་འགྲེལ་པ་བརྩམས’’། ཞེས་པ་ལྟ་བུ་གསུང་འབུམ་རྣམས་བརྩམས་པའི་དུས་བཤད་ཀྱང་ཁ་ཆེ་ཕ་ལུའི་སྐོར་སྦྲང་སྐད་ཙམ་ཡང་མ་བྱུང་བ་ནི་པཎ་ཆེན་སྐུ་ཕྲེང་བདུན་པས་བརྩམས་མིན་པའི་རྒྱུ་མཚན་དང་པོ་ཡིན། འོན་ཏེ་རྣམ་ཐར་ལས་ཀ་ཤི་མེར་ནས་ཡིན་པ་ཁ་ཆེ་བ་ཕ་བུ་གཉིས་རྟག་པར་ཁོང་གི་སྐུ་མདུན་ལ་བཅར་གྱི་ཡོད་པ་གསལ་བ་དང་། པཎ་ཆེན་སྐུ་ཕྲེང་བདུན་པས་ཁ་ཆེའི་སྐད་མཁྱེན་ཚུལ་བཤད་པ་དང་། ཁ་ཆེ་ཕ་བུ་གཉིས་པོ་བརྡ་སྤྲོད་སྦྱོང་བར་ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་སྐུ་མདུན་དུ་བཏང་བར་གསུངས་པ་ནི་ཁ་ཆེ་ཕ་ལུ་སུ་ཞིག་གིས་བརྩམས་པའི་དཔྱད་གཞི་གལ་ཆེ་བ་ཞིག་ཡིན།

ཕྲད་ལྟོས་རྟེན་གསུམ་གྱི་དོན་ལ་དཔྱད་པ་རྒྱ་མཚོའི་ཐིགས་པ།

ནགས་ཀྱི་ཤིང་ལོ།

 

དངོས་ཀུན་སྟོང་པར་གཟིགས་པའི་ལྷ་ལམ་ནས།།

རྟེན་འབྱུང་གཏམ་གྱི་སྦྱོར་བའི་ཆར་འབེབས་པས།།

འགྲོ་བའི་ཞིང་སར་ཐར་པའི་ས་བོན་ཆེ།།

སྐྲུན་མཛད་རྣམ་འདྲེན་མཆོག་དེར་གུས་ཕྱག་འཚལ།།

བདེ་བར་གཤེགས་པའི་ཆོས་ཚུལ་རྒྱ་མཚོ་ལས།།

མཐའ་བྲལ་དབུ་མའི་གཏམ་གྱི་ནོར་བུའི་གཏེར།།

དྲི་མེད་རིགས་པའི་སྟོབས་ཀྱིས་ལེན་མཛད་པ།།

ཀླུ་རྒྱལ་སྦྲུལ་གྱི་གདེངས་ཀ་ཅན་དེར་འདུད།།

རིགས་ཚོགས་ཀྱི་ཐ་སྙད་དང་གྲངས་ངེས་ལ་དཔྱད་པ།

དར་ལྕེ་ཟད་པོ།

རིགས་ཚོགས་ལྔ་དང་དྲུག་གི་གྲངས་འདྲེན་ལ་མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་ཞིང་། ཐ་སྙད་འདོགས་ཚུལ་ཡང་སྣ་ཚོགས་མཆིས་ཏེ།  རིགས་ཚོགས་དང་། རིགས་སྐོར། རིགས་པའི་ཁྱུ་སོགས་ཀྱི་ཐ་སྙད་སྣ་ཚོགས་བྱུང་ཞིང་། <<དབུ་མ་སྣང་བ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པའི་སྒྲོན་མེའི་ཚོགས་རྣམ་པ་དུ་མས་འདི་གསལ་བར་རབ་ཏུ་བརྗོད། ཅེས་རྒྱ་གཞུང་ལས་རིགས་ཚོགས་ཀྱི་ཐ་སྙད་འབྱུང་བ་དང་།  <<ལོ་ཙཱ་བ་པ་ཚབ་ཀྱི་རྩ་ཤེའི་འགྲེལ་པ་ལས། >>རྩ་བ་ཤེས་རབ།  རིགས་པ་དྲུག་ཅུ།  སྟོང་ཉིད་བདུན་ཅུ།  རྩོད་ཟློག  །ཞིབ་མོ་རྣམ་འཐག་བཅས་ལ་རིགས་སྐོར་ལྔ་ཞེས་པའི་ཐ་སྙད་འབྱུང་ཞིང་།  དེ་ཡང་གཙོ་བོའི་བསྟན་བཅོས་ལ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས། འཕྲོས་པའི་བསྟན་བཅོས་ལ་ལྷག་མ་གསུམ་པོ་བཞེད་དེ།  གྲངས་ངེས་ལ་རིགས་སྐོར་ལྔ་ཟེར་ཡང་སློབ་དཔོན་གྱིས་རང་བཞིན་མེད་པ་གཙོ་བོར་སྟོན་པའི་གཞུང་ལ་ལྔ་ལ་ངེས་པ་མེད་པར་བཞེད་དོ། །