ནགས་གཡག
{བློ་}ཁ་མཐུན་པའི་གྲོགས་པོ་ཡག་ཤོས་དེས།།
{བཟང་}པོ་ལས་ཀྱིས་སྒྲིག་པའི་ཆོས་གྲོགས་དེས།།
{བློ་}རིག་མཉམ་དུ་སྦྱོང་བའི་འཛིན་གྲོགས་དེས།།
{གཏན་}དུ་བྲལ་ནས་འགྲོ་རེད་བསམ་མྱོང་མེད།།
མི་རྟག་འཆི་བ་གཤིན་རྗེའི་རལ་གྲི་དེ།།
འགོ་མཇུག་མེད་པའི་སྨྱོ་དབྱུག་གཟའ་དབྱུག་དེས།།
ལོ་གཅིག་རྗེས་སུ་འཛོམ་རྒྱུའི་གྲོགས་པོ་དེ།།
འཇིག་རྟེན་ཕྱི་མར་བཏང་སོང་ཀྱེ་མ་ཧུད།།
འགྲོ་ཁའི་ཁ་གཡང་དེ་དག་རྫུན་ཚིག་དང་།།
གྱེས་ཁའི་ལག་གཡུག་དེ་ནི་བདེན་པ་ཞིག།
ཁྱོད་ཀྱིས་མ་ཚོར་ང་ཡིས་མ་བསམས་པས།།
མ་རིག་འཁོར་བ་ཚང་གི་གསང་བ་བརྙེད།།
ཁྱེད་ཀྱིས་རྐྱེན་ངན་བཟློག་པར་མ་ནུས་པས།།
ང་ཡིས་སྡུག་བསྔལ་སངས་ཐབས་ཇི་ལྟར་རྙེད།།
ཁྱོད་རང་དེ་ལྟར་ཕྱི་མར་གཤེགས་ཤུལ་ན།།
ང་ལ་ལྷག་པར་མྱ་ངན་འདི་དག་ལགས།།
ཁྱོད་རང་མེད་པའི་ཉིན་རེའི་འཚོ་བའི་ནང་།།
དགོད་སྒྲའི་སྐད་ཆ་རྣ་བས་མ་ཐོས་ཞིང་།།
ཀུ་རེའི་སྤྱོད་ཚུལ་མིག་གིས་མ་མཐོང་བ།།
ཁྱོད་ཀྱིས་ང་ལ་ལྷག་པའི་མྱ་ངན་ལགས།།
ཁྱོད་རང་མེད་པའི་ཟླ་རེའི་ཆོས་རའི་ནང་།།
འགྲོ་འདོད་བློ་ཞིག་ནམ་ཡང་མ་སྐྱེས་ཤིང་།།
སོང་ཀྱང་རྩོད་པའི་ཟླ་བོ་མ་རེག་པ།།
ཁྱོད་ཀྱིས་ང་ལ་ལྷག་པའི་མྱ་ངན་ལགས།།
ཁྱོད་རང་མེད་པའི་ལོ་གཅིག་དགོན་པའི་ནང་།།
ཞིམ་པོའི་ཟས་ཤིག་གང་དུ་མ་བཟས་ཤིང་།།
བདེ་བོའི་གཉིད་ཅིག་ཉལ་རྒྱུ་མ་བྱུང་བ།།
ཁྱོད་ཀྱིས་ང་ལ་ལྷག་པའི་མྱ་ངན་ལགས།།
མདོར་ན་ཁྱོད་རང་མེད་པའི་ཡུལ་དུས་ནང་།།
འགྲོ་འཆག་ཉལ་འདུག་སྤྱོད་ལམ་གང་ལ་ཡང་།།
ཁྱོང་རང་མེད་པའི་སྡུག་སྣང་དྲག་པོ་རེ།།
ཁྱོད་ཀྱིས་ང་ལ་ལྷག་པའི་མྱ་ངན་ལགས།།
མི་ཆུ་བཏང་ཀྱང་སྡུག་བསྔལ་མི་འཛད་ཅིང་།།
མྱ་ངན་བྱས་ཀྱང་ཤི་བ་མི་ལྡོག་པས།།
ང་ཡིས་གསོན་པའི་ཉམས་དེ་ཤོར་མི་འཇུག།
ཁྱོད་ཀྱིས་ཤི་བའི་ལུགས་ལྟར་ཤར་སེ་ཕེབས།།
ཆོས་གོས་གསུམ་གྱི་ཁྲབ་རྨོག་སྐུ་ལ་གསོལ།།
བསླབ་པ་གསུམ་གྱི་འཁོར་གསུམ་སྐེད་ལ་བསྐོར།།
དམ་གཙང་དགེ་བའི་མགྱོགས་འགྲོ་འོག་ཏུ་ཞོན།།
བར་དོའི་འཕྲང་ལ་འཇིགས་པ་ཡོང་དོན་མེད།།
སེམས་པ་དཀར་གཙང་ཞིག་གི་རྒྱབ་མདུན་ངོས།།
སྡེ་སྣོད་གསུང་རབས་ལམ་ཡིག་ནོག་མེད་ཐོག།
སྡོམ་གསུམ་གཙང་མའི་དམ་ཕྲུག་བསྐྱོན་ཤག་ཡོད།།
མ་གིའི་ངན་སོང་གསུམ་དུ་འགྲོ་དོན་མེད།།
རྫོགས་བྱེད་ངན་པའི་ལས་ནི་མ་བསགས་པས།།
རྐང་ཆད་ལག་དུམ་རིགས་སུ་ཅི་ཟེར་སྐྱེ།།
གཟུགས་དང་ནོར་ལ་ཞེན་པ་མི་ཆེ་བས།།
ལྷ་དང་ལྷ་མོའི་གནས་སུ་སྐྱེ་དོན་མེད།།
དེས་ན་བློ་རིག་རྣམ་པར་བཀྲ་བ་ཡི།།
ཕ་བཟང་བུ་ཡི་སྐྱེ་བ་ལོན་ལ་ཤོག།
སླར་ཡང་ངུར་སྨྲིག་རྒྱལ་མཚན་ཚུགས་ལ་ཤོག།
དལ་བའི་རྟེན་ལ་སྙིང་པོ་ལོན་ལ་ཤོག།