མཚོ་ཁའི་རེ་སྒུག

ནགས་གཡག

བསིལ་རླུང་འཇམ་པོ་ཞིག་གི་ལྡང་ཕྱོགས་དེས།།
མཚོ་མོའི་རླབས་ཕྲེང་དག་གི་རྒྱུགས་ཕྱོགས་དེས།།
འཁྱམ་པོ་ཁེར་འདུག་ཅིག་གི་སྙིང་ཁམས་ན།།
སེམས་པ་འཁྱག་པ་སྟོང་གི་རྫོང་ཞིག་བཅས།།

གནམ་མཐའི་སྤྲིན་ནག་དེ་ཚོ་འཚུབ་ཅིག་ལངས།།
སེམས་པའི་འཆར་སྒོ་དག་ཀྱང་དྲག་ཏུ་ལྡིང།།
སྡོང་རྒན་སྐམ་པོའི་ཡལ་ག་སྐྱ་ཟིང་ཟིང་།།
ཁེར་རྐྱང་འཁྱམ་པོའི་ཅོ་སྤུ་ཚ་ཟིང་ཟིང་།།

ཡར་ལ་བལྟས་ན་གནམ་ངོ་སྤྲིན་གྱིས་བསྒྲིབས།།
མར་ལ་བལྟས་ན་ས་གཞིར་མུན་པ་འཐིབས།།
གནམ་ས་གཉིས་ཀྱི་བར་ན་ཁེར་རྐྱང་བདག།
ཡ་ཆུང་སེམས་ན་སྡུག་གི་མུན་པ་རུབ།།

སེམས་པ་སྟོང་པ་དག་ནི་སྡུག་གིས་གང་།།
ཁོག་པ་སྟོང་པ་དེ་ཡང་གཟིར་གྱིས་དཀྲིགས།།
ལག་པ་སྟོང་པ་ཟུང་དེ་འཁྱགས་ནས་འདར།།
མི་ཚེ་སྟོང་པའི་རྣམ་ཐར་བདག་ལ་རིང་།།

དང་པོ་འདི་རུ་ཡོང་བའི་དབྱར་གཞུང་དེར།།
སྡོང་རྒན་འདི་ཡང་གསར་སྐྱེས་ལྗོན་པ་ཞིག།
ཐོག་མར་རེ་བའི་ས་བོན་འདེབས་པའི་དུས།།
མཚོ་ཁ་འདི་ཚོ་མེ་ཏོག་རབ་ཏུ་མཛེས།།

ད་ནི་རྒྱབ་ཀྱི་སྡོང་རྒན་འགྱེལ་ལ་ཁད།།
ད་ནི་སེམས་ཀྱི་རེ་བ་ཤི་ལ་ཁད།།
ད་ནི་མཚོ་ཁ་འདི་ཚོར་ཐལ་བ་འཚུབས།།
ད་ནི་བདག་གི་ཁ་ངོར་ཐལ་བ་ཆགས།།

Related Articles