འབྲི་བྱ་གླག་ནས།
དལ་འབྱོར་རྟེན་བཟང་ཟེར་བཞིན་དུ།
རྣམ་གཡེང་འཁྱུད་ནས་མི་ཚེ་འདས།།
བྱམས་དང་བརྩེ་བ་ཟེར་བཞིན་དུ།།
རང་གཅེས་གཞན་སྡང་གློག་ལྟར་འཁྱུག །
མ་འོངས་ཕུགས་བསམ་ཟེར་བཞིན་དུ།།
ལེ་ལོ་གཡེང་བའི་འདམ་དུ་བྱིང་།།
ཁ་ནས་ལ་ཞེན་ཟེར་བཞིན་དུ།།
ནང་དམེ་མཚོན་གྱིས་མདུང་རྩེར་བཙུད།།
ལྷག་བསམ་གཞུང་དྲང་ཟེར་བཞིན་དུ།།
སྒེར་སེམས་རྒྱ་མཚོའི་རླབས་བཞིན་འཕྱོ།།
མེས་པོའི་ཕ་སྐད་ཟེར་བཞིན་དུ།།
གཞན་སྐད་བསྲེས་ནས་སྙིང་རྩ་བསྒུལ།།
རང་གཞན་གཉིས་ཕན་ཟེར་བཞིན་དུ།།
སྒེར་དོན་ཁོག་ཏུ་མེ་ལྕེ་འཚུབས།།
ཆགས་ཞེན་སྤོང་དགོས་ཟེར་བཞིན་དུ།།
ཉིན་མཚན་དབྱེར་མེད་ནོར་ལ་འཁྲེང་།།
དུས་རབས་ཉེར་གཅིག་ཟེར་བཞིན་དུ།།
རྙིང་ཞེན་ལྟ་བའི་དུ་ནག་འཁྲིགས།།
རྡོག་རྩ་གཅིག་སྒྲིལ་ཟེར་བཞིན་དུ།།
ཕྱོགས་འཐེན་སྤུན་ཟླའི་ཚེ་སྲོག་རྒོལ།།