མཐུན་པ་སྤུན་བཞིའི་གཏམ་རྒྱུད།

༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག

བསྟན་འཛིན་སྐལ་ལྡན།

རྩེ་གསུམ་གངས་དཀར་རི་བོ་གདན་ལ་བཞུགས།།
སྐེད་གསུམ་སྤང་ལྗོངས་མེ་ཏོག་གོས་ཀྱིས་བརྒྱན།།
མདའ་གསུམ་གཡུ་མདོག་ལྗོན་པའི་ཤམ་ལྭ་གྱོན།།
མཛེས་ལྗོངས་ལྷ་ཡུལ་འགྲན་པའི་གནས་མཆོག་འདིར།།

རིག་གཞུང་ལྗོན་པ་ཞེས་པའི་ལྷ་མོ་ཞིག།
འདོད་པའི་དཀྱིལ་ནས་གོམ་སྟབས་སྒྱུར་བཞིན་ཡོང་།།
ཉེར་གཅིག་རི་བོ་བརྒལ་ཏེ་འགྲོ་ལ་རྩོམ།།
མཛེས་སྡུག་ལྡན་པའི་གཞུང་ལུགས་དགའ་མ་དེ།།

ཀྱག་ཀྱོག་དཀའ་སྡུག་ལམ་འཕྲང་བརྒྱུད་པའི་ཚེ།།
བག་ཆགས་ཆུ་འཛིན་འཁྲིགས་པའི་ཀློང་དཀྱིལ་ནས།།
འདོད་པའི་བྱ་ཁྱུང་གསུང་དབྱངས་སྒྲོག་བཞིན་སླེབས།།
བཙུན་མོའི་གམ་དུ་དགའ་བའི་རྣམ་འགྱུར་ངོམ།།

མོས་པའི་མིག་གིས་ཧྲིག་ཧྲིག་ཞལ་དུ་ལྟ།།
ཆགས་པའི་གཤོག་ཟུང་དབང་མེད་ལྡེམ་ལྡེམ་གཡོ།།
འདུན་པས་མྱོས་པའི་མགྲིན་པ་འདེགས་བཞིན་དུ།།
སེམས་ཀྱི་གཟུགས་བརྙན་མང་ཞིག་ངག་ནས་ཤོར།།

ཚུར་ལ་གསོན་དང་རིག་གཞུང་དགའ་མ་ལགས།།
ཁྱེད་ཀྱི་ཡོན་ཏན་བརྗོད་པར་དཀའ་ན་ཡང་།།
བྱ་ཁྱུང་བདག་གིས་དབང་མེད་ཚིག་གསུམ་འདི།།
སྒྲ་འཛིན་དབང་པོ་མ་གཡེང་མཉན་པར་མཛོད།།

གཤིས་བཟང་ལྷ་མོ་ཁྱེད་ཀྱི་གཟུགས་སྐུ་ལས།།
སྡེབ་སྦྱོར་དཀར་འཇམ་ས་ཡི་གངས་རི་ལ།།
དོན་གྱི་རྟ་བདུན་དབང་པོའི་འོད་ཟེར་འཕྲོ།།
འཇིག་རྟེན་པ་རྣམས་དབང་མེད་ཁྱེད་ལ་སྔགས།།

 སྙིང་སྡུག་དགའ་མ་ཁྱེད་ཀྱི་རྣམ་འགྱུར་ལས།།
དགའ་སྤྲོ་མཛེས་ཉམས་གར་སྟབས་ལིང་ལིང་སྒྱུར།།
འདོད་པ་འདྲེན་བྱེད་ཟུང་གི་ཟུར་མདའ་འཕེན།།
ཉམས་འགྱུར་ལྡན་པའི་ཟློས་གར་འདི་ཡི་རྒྱན།།

ཉི་ཟླའི་འོད་མདངས་འགྲན་པའི་ཞལ་དཀྱིལ་ནས།།
མངོན་བརྗོད་འཛུམ་གྱི་དུང་སོ་ཕྱི་རུ་ངོམ།།
འདོད་ལྡན་ཚོགས་ཀྱི་སྙིང་གི་འཕར་ཙ་ལྡིང་།།
མཁས་པའི་ཡིད་སེམས་འགུགས་པའི་ལྕགས་ཀྱུ་ཉིད།།

སྐབས་གསུམ་མཛེས་སྡུག་འགྲན་པའི་སྐེད་མེད་མ།།
སྐུ་སྟོད་གཡུ་མདོག་གོས་ཀྱི་འོད་མདངས་བཀྲ།།
དམར་ནག་ཟ་འོག་རི་མོ་བརྗིད་ཉམས་ལྡན།།
སོག་ལྷམ་སྟེང་སྣོ་གྱོན་ཏེ་གོམ་སྟབས་སྒྱུར།།

དེ་ཉིད་མཐོང་ཚེ་བདག་གི་སྙིང་དབུས་ནས།།
ཆགས་སེམས་རྒྱ་མཚོའི་རྦ་རླབས་བཞིན་དུ་གཡོ།།
སྨྲ་འདོད་ཁ་ལྕེ་དབང་མེད་ལིང་ལིང་འགུལ།།
དུས་ཀྱི་འཁོར་ལོ་འཁོར་མིན་ཆ་མ་ཆོད།།

ཞལ་འཛུམ་སྤྱན་ཟུང་རྒྱང་དུ་གཟིགས་ཙ་ན།།
གནའ་དེང་རི་བོ་གཉིས་ཀྱི་ཡར་ཕྱོགས་སུ།།
འཕགས་བོད་རིག་པའི་ལམ་གྱི་སུམ་མདོ་ནས།།
བློ་ལྡན་རི་བོང་རྣ་བ་སྒྲེང་བཞིན་སླེབས།།

བཙུན་མོའི་སྐུ་ལ་ལྟ་བཞིན་གམ་དུ་སླེབས།།
ཞབས་ཟུང་མི་རྐྱོང་གུས་པས་འོག་ཏུ་སྐུམ།།
ཉན་འདོད་རླུང་བུས་རྣ་བའི་ལྗོན་པ་འགུལ།།
འདྲེན་བྱེད་མི་ཟིམ་ཧྲིག་ཧྲིག་འདར་བཞིན་ལུས།།

མཛེས་ལྡན་བུ་མོའི་ཞལ་ནས་འདི་སྐད་གསུངས།།
བཟང་པོའི་ལས་ལ་འཇུག་པའི་འདུན་པའི་ཁྱུང་།།
བློ་རྩལ་ཤེས་རབ་མྱུར་བའི་རི་བོང་གཉིས།།
ལན་གཅིག་རྣ་བ་མ་གཡེང་བདག་ལ་ཉོན།།

དུས་འདིར་ཤེས་རིག་འབྲི་རྩལ་གླིང་དུ་སླེབས།།
དུས་འདིར་སྦྱངས་འབྲས་མེ་ཏོག་བཟང་ངན་བསྡུར།།
དུས་འདིར་ཤེས་མེད་རིགས་ལ་རིན་ཐང་དབེན།།
དུས་འདིར་རིན་ཐང་དགོས་ན་སློབ་ལ་བརྩོན།།

དུས་འདིར་ཕུགས་བསམ་རི་བོ་གང་མཐོ་རྩོད།།
དུས་འདིར་མདུན་ལམ་གོམ་ཁ་སུ་མགྱོགས་འགྲན།།
དུས་འདིར་གཅིག་སྒྲིལ་ལམ་བུར་སུ་སླེབ་བསྡུར།།
མ་གསང་དྲང་པོའི་གཏམ་གྱི་སྦྲང་ཆར་ཕོབས།།

ཐོས་པ་ཙམ་གྱིས་ཁྱུང་ཆེན་ནམ་མཁར་ལྡིང་།།
གནའ་དེང་གཤོག་ཟུང་འདྲ་མིན་བར་སྣང་བཀང་།།
རིགས་ཞེན་དགའ་མར་ཆགས་པའི་དུང་གླུ་སྒྲོག།
སེམས་ཀྱི་བུ་ཆུང་ལེ་ལོའི་གཉིད་ལས་སད།།

མཚར་སྡུག་དབྱིག་འཛིན་མ་ཡི་མགྲིན་སྒོ་ནས།།
ཆུང་ཆུང་ཡིད་དབང་མེ་ཏོག་སྤུན་ལྔ་འཁྲུངས།།
བདག་བློའི་བུང་བ་འགུགས་པའི་ལྕགས་ཀྱུ་ཉིད།།
འདི་ལ་མི་སྨོན་སྦྲང་ཆུང་སུ་ཞིག་མཆིས།།

བརྗིད་ཆགས་གངས་དཀར་ལྷུན་པོ་ལ།།
སྙན་ཚིག་རྟ་བདུན་འོད་ཟེར་འཕྲོ།།
སྡེབ་སྦྱོར་རྩིས་ཀྱི་ཟློས་གར་སྒྱུར།།
མངོན་བརྗོད་འཛུམ་གྱིས་གཞན་སེམས་བསུ།།

ཁྱེད་ཀྱི་ཡོན་ཏན་མཐོང་ཙ་ན།།
བདག་བློའི་འདུན་པའི་སྤྲིན་གསེབ་ནས།།
གངས་ཚིག་སྦྲང་ཆར་ཟིམ་ཟིམ་འཇོ།།
དུངས་སེམས་གསར་པའི་མེ་ཏོག་བཀྲ།།

བློ་ལྡན་རི་བོང་མགྲིན་པ་འདེགས་བཞིན་དུ།།
རྨོངས་པའི་རྐང་ཟུང་ཤེས་རབ་ལུས་ཀྱིས་མནན།།
ཐབས་ཤེས་ལག་ཟུང་དྲང་པོར་སྒྲེང་བཞིན་དུ།།
དགའ་གུས་འཛུམ་དང་བཅས་ཏེ་འདི་སྐད་སྨྲ།།

ཀྱེ་ཀྱེ་ཡིད་དབང་བཙུན་མོ་རིན་པོ་ཆེ།།
ཁྱེད་དང་འུ་གཉིས་བཟང་པོའི་ལས་ཀྱིས་ཕྲད།།
ལས་སྨོན་བཟང་པོའི་བྱ་བ་ཀུན་ལ་བཟང་།།
གང་བྱས་ཐམས་ཅད་དོན་དུ་སྨིན་པར་ངེས།།

ད་ནི་ཤེས་རབ་རྩལ་ལྡན་རི་བོང་སྟེ།།
གཞན་ཕན་བཟོ་རིག་ལུས་ཀྱི་སྟོབས་ཤུགས་རྒྱས།།
གསོ་དང་གཏན་ཚིགས་དར་གོས་རྒྱན་གྱིས་སྤྲས།།
སྒྲ་རིག་ནང་གི་ཤེས་རབ་གློག་ལས་མྱུར།།

གནས་ཆུང་རིགས་ལྔའི་དབུ་རྒྱན་གཙུག་ཏུ་བཀོད།།
མི་འགྱུར་མདུན་ལམ་བཟང་པོའི་སྙིང་དམར་ཕུལ།།
ཐུགས་ཀྱི་རླུང་བུ་བདག་ཕྱོགས་མི་གཡོ་མ།།
ཞེས་ཟེར་བཙུན་མོའི་ཞལ་དུ་བལྟས་པའི་སྐབས།།

མཆོང་རྩལ་རབ་ཏུ་རྒྱས་པའི་སྤྲེའུ་ཞིག།
གང་བྱུང་མི་ཤེས་གློ་བུར་མདུན་དུ་སླེབས།།
གདོང་བསྙེར་སོ་སྒྲིག་སྒྲ་ཡིས་ཙིག་ཙིག་བྱས།།
སྔམ་སྟབས་བཙུན་མོ་ཞལ་དུ་བལྟས་ཙ་ན།།

མཐོང་བ་ཙམ་གྱིས་ཡིད་ལ་དགའ་བ་སྐྱེས།།
བསམ་པ་ཉིད་དུ་མོས་པ་གཏིང་ནས་འཁྲུངས།།
མཛེས་ལྡན་དགའ་མའི་ལུས་ཀྱི་གར་སྟབས་ཀྱིས།།
དབང་མེད་དྲན་པའི་སྤྲེ་འུ་མགུ་གྱུར་ནས།།

ཡིད་ལ་དགའ་བའི་ཁོང་འཛུམ་གཏིང་ནས་ཤོར།།
རྐམ་ཆགས་སེམས་ཀྱི་བཞིན་རས་དམར་སངས་གྱུར།།
འབྲེལ་འདོད་བློ་ཡིས་ལུས་ཀྱི་ཤ་ཡང་འཁུམས།།
སྙིང་ཆུང་ཁ་རུ་ལྡིང་བའི་མཆིད་འདི་སྨྲས།།

ཀྱེ་ཀྱེ་གསོན་དང་རིག་གཞུང་ལྷ་མོ་ལགས།།
ཁྱེད་ཀྱི་ཡོན་ཏན་པདྨོའི་ཟེའུ་འབྲུ་ལ།།
གསལ་བའི་མདངས་དང་དོན་གྱི་དྲི་བཟང་རྒྱས།།
བདག་བློའི་བུང་བ་དབང་མེད་ཉིད་དུ་འཁོར།།

ལུས་ཀྱི་དྲི་བཟའི་པི་ཝང་ལ།།
ཙྭ་ཕུང་རྒྱུན་ཐག་ཡོངས་འཐེན་ནས།།
འདོད་སེམས་སོར་རྩེ་བརྡར་བ་ཡིས།།
རྣམ་འགྱུར་དབྱངས་བཅས་ཚིག་འདི་ཤོར།།

མོས་པའི་ཚིག་གི་མདའ་མོ་དེ།།
རི་ཁྱུང་སེམས་ཀྱི་འབེན་དུ་ཕོག།
ཕྲག་དོག་བློ་ཡི་རྒྱུད་བསྡམས་ནས།།
ཐལ་རྡུལ་བར་སྣང་འགེངས་པར་བྱས།།

གཅིག་གིས་གཅིག་རྩོད་དུས་ཟིང་སྐབས།།
བཙུན་མོ་ཁྲོས་པའི་རྣམ་འགྱུར་གྱིས།།
རྩོད་པར་མ་ནུས་ཞལ་དུ་བལྟས།།
མི་སྨྲ་ཏིང་འཛིན་ཞུགས་པའི་སྐབས།།

བརྩོན་འགྲུས་རྩལ་ལྡན་གླང་པོ་རིན་ཆེན་ཞིག།
མི་འཇིགས་སྤོབ་སེམས་ངར་སྒྲ་འབྲུག་ལྟར་སྒྲོག།
ལུས་ཀྱི་རིག་བྱེད་རྐང་བཞི་རབ་ཏུ་རྒྱས།།
གནས་བཅུ་རིག་པའི་དབུ་འཕང་དགུང་ལས་མཐོ།།

དྲག་ཤུལ་ཉམས་ལྡན་རྩོད་པའི་གནས་སུ་སླེབས།།
ཁྱེད་རྣམས་དགོས་མེད་རྩོད་པ་ཅི་ཕྱིར་བྱེད།།
དགའ་མ་བསམས་ན་ལུས་ཀྱི་སྟོབས་རྩལ་འགྲན།།
མ་ནུས་བདག་ཐོབ་ཁྱེད་རྣམས་རང་སར་དེངས།།

བརྩོན་འགྲུས་གོས་ཀྱིས་དབེན་པའི་བཙུན་མོ་ལ།།
ཕྱི་ཡུལ་མིག་གི་མཛེས་ཉམས་རྩལ་ཉིད་ཀྱིས།།
དོན་གྱི་འབྲས་བུ་སྨིན་པ་ཤིན་ཏུ་དཀོན།།
དེ་ཕྱིར་མྱུར་དུ་བརྩོན་འགྲུས་བུ་དང་འགྲོགས།།

སྟོབས་ལྡན་ལུས་ཀྱི་རྣམ་འགྱུར་མཐོང་ཙ་ན།།
སྤྲེལ་ཁྱུང་རི་བོང་སྙིང་ནས་འབྲུག་སྒྲ་སྒྲོག།
ཞེ་སྡང་དྲག་པོའི་གློག་ལྕེ་དྲག་ཏུ་འཁྱུག།
ཡིད་དབང་དགའ་མ་ཐོབ་པའི་ཆར་དང་བྲལ།།

རེ་བའི་ཐབས་འཆོར་ཁྱུང་ཆེན་མཁའ་རུ་ལྡིང།།
གཞན་འདུལ་སྒྲ་ཚད་ལྗོན་པའི་རྩེ་རུ་བབས།།
ཐབས་ཤེས་གཤོག་ཟུང་འགུལ་བའི་ནུས་སྟོབས་ཀྱིས།།
རྩོད་པའི་ལོ་མ་མ་ལུས་མདའ་རུ་ཕབ།།

དྲན་པའི་སྤྲེལ་ཕྲུག་སྡོང་ལོའི་རྩེ་རུ་འཛེགས།།
བག་ཆགས་ཆུ་འཛིན་ཡོངས་བསྡུས་ཀླུ་ལ་བཅོལ།།
མྱོང་བའི་ཆར་ཆེན་འབེབས་པའི་ལས་ལ་བརྩོན།།
ཤེས་རབ་རི་བོང་ལྗོན་པའི་འོག་ཏུ་གབ།།

ཇི་ལྟར་རྩོད་པའི་རླུང་བུ་ལྡང་གྱུར་ཀྱང་།།
བརྩོན་འགྲུས་སྟོབས་ལྡན་མེ་ལྕེ་རབ་ཏུ་འབར།།
གནས་བཅུ་རྩོད་པའི་སྒྲ་ཡི་ཕྱོགས་བཞིར་བཀང་།།
ལེ་ལོའི་གྲོགས་རྣམས་རྨོངས་པའི་གཉིད་ལས་བསླངས།།

རང་དབང་མདུན་ལམ་གསལ་བའི་འདྲེན་བྱེད་ལ།།
སྦྱངས་པའི་ཤེས་རབ་ལག་གིས་ཡོངས་ཕྱིས་ནས།།
རྔམ་སྟབས་རྩོད་པའི་གླིང་དུ་བལྟས་པ་ན།།
རང་སེམས་མི་བརྟན་རླུང་བུ་དྲག་ཏུ་གཡོས།།

བག་མར་ལེན་འདོད་ཆགས་པའི་བུད་ཤིང་ལ།།
རྩོད་པའི་མེ་ལྕེ་རབ་ཏུ་འབར་གྱུར་ནས།།
རིག་གཞུང་ལྗོན་པ་བསྲེགས་པའི་གམ་དུ་སླེབས།།
འཇིགས་པས་ཕུགས་བསམ་རལ་གྲི་འཚོལ་དུ་ཆས།།

ལྗོན་པའི་བུ་མོ་སེམས་ཀྱི་མཁའ་དབྱིངས་སུ།།
རྩོད་པའི་རླུང་བུ་ཞི་བར་མ་མཛད་ན།།
ཐལ་རྡུལ་ཐམས་ཅད་མཁའ་རུ་འཕགས་བྱས་ནས།།
དྭངས་མོའི་ལྷ་ལམ་འཇིག་པར་ངེས་སོ་སྙམ།།

སྒེག་ཉམས་ལྡན་པའི་བཙུན་མོས་ཞལ་འཛུམ་སྟེ།།
བརྩེ་བའི་གྲོགས་རྣམས་མ་གཡེང་བདག་ལ་ཉོན།།
ང་ཡི་བཟང་པོའི་ཚིག་གི་བདུད་རྩི་འདིས།།
རོ་འཛིན་དབང་པོ་རྒྱས་པའི་གསོས་སུ་འགྱུར།།

བཟོ་དང་གསོ་བའི་རིགས་ལ་མྱངས་ཤིང་སྦྱོང་།།
ནང་རིག་གཏན་ཚིགས་དཀར་རྩིས་བསམ་བཞིན་སྦྱོང་།།
སྒྲ་དང་སྙན་ཚིག་ཚོགས་ལ་འབྲི་བཞིན་སྦྱོང་།།
མངོན་བརྗོད་སྡེབ་སྦྱོར་སྤུན་གཉིས་ཀློག་བཞིན་སྦྱོང་།།

ཟློས་གར་ཉམས་འགྱུར་ཞལ་ལ་ལྟ་བཞིན་སྦྱོང་།།
དེང་རབས་རིག་པའི་སྙིང་བཅུད་ལེན་བཞིན་སྦྱོང་།།
འཆད་རྩོད་རྩོམ་གསུམ་ལས་ལ་འཇུག་བཞིན་སྦྱོང་།།
མ་འོངས་ཀྱག་ཀྱོག་མང་བའི་ལམ་འཕྲང་དེར།།

སྦྱངས་འབྲས་མེད་པའི་གོམ་ཁ་ཇི་ལྟར་སྤོ།།
གཅིག་སྒྲིལ་མེད་པའི་བྱ་བ་གང་གིས་སྒྲུབ།།
མ་གཡེང་མ་གཡེང་རིག་པའི་གནས་ལ་སྦྱོངས།།
དྭངས་གཙང་གནའ་དེང་རིག་པའི་ཞིང་ས་རུ།།

ནུས་ལྡན་འདོད་པའི་ས་བོན་མ་བཏབ་ན།།
སྔོ་ལྗང་དྲང་པོའི་མྱུ་གུ་སྐྱེ་མི་སྲིད།།
བཅུད་ལྡན་འབྲས་བུ་སྨིན་པ་དེ་བས་དཀོན།།
དེ་ཕྱིར་ཁྱེད་རྣམས་མ་རྩོད་གཅིག་ཏུ་སྒྲིལ།།

ཡ་རབས་རྒན་གཞོན་གཉིས་ཀྱི་གོ་རིམ་དགོས།།
ཧུར་བརྩོན་མདུན་སྐྱོད་ལམ་དུ་མཉམ་གནས་དགོས།།
ཕུགས་བསམ་ཁྲི་ལ་བཞུགས་པའི་བུ་ཆུང་སུ།།
སྦྱངས་འབྲས་རིག་ལྔའི་དབུ་འཕང་གང་མཐོ་བ།།

བཙུན་མོ་མི་སྡོད་དེ་ཡི་བག་མར་འགྲོ།།
མ་རྩོད་མ་གཡེང་མགྱོགས་པོར་སློབ་ལ་བརྩོན།།
དགའ་མ་འདོད་ན་རིག་པའི་གནས་ལ་སྦྱོངས།།
ཞེས་ཟེར་ཆགས་ལྡན་ཀུན་ལ་རེ་བ་རེ།།

རེ་བ་རེ་རེའི་རྗེས་ལ་དྲི་བ་རེ།།
དྲི་བ་རེ་རེའི་མཐའ་ན་འཇིགས་སྐྲག་རེ།།
འཇིགས་སྐྲག་རེ་རེའི་མཚམས་ནས་འབད་པ་རེ།།
འདུན་པའི་ཁྱུང་ཆེན་དེ་ཡི་བསམ་པ་ལ།།

བདག་ནི་གཤོག་རྩལ་རྒོད་ཀྱང་དེར་མ་འགྲན།།
བཙུན་མོ་མ་ཐོབ་ཚེ་གང་སྟོང་པར་གྱུར།།
རྟག་ཏུ་ཤེས་བྱའི་གནས་ལ་སྦྱོང་དགོས་སྙམ།།
བློ་ལྡན་རི་བོང་དེ་ཡི་བསམ་སོང་སྙམ།།

སྦྱངས་འབྲས་མི་ཐོབ་གཞན་ལ་ཤོར་ལ་དོགས།།
དགའ་སྐྱོ་ཟུང་གིས་སློབ་ལ་བརྩོན་དགོས་བྱུང་།།
རྩལ་ལྡན་སྤྲེ་འུའི་སེམས་ཀྱི་རྩིག་ངོས་སུ།།
ལུས་ཀྱི་མཆོང་རྩལ་རི་མོ་ང་བཟང་ཡང་།།

སྔོན་བྱས་སྦྱངས་འབྲས་མེད་པ་སྐྱོ་འོ་སྙམ།།
ཕྱིས་སུ་སློབ་ལ་ཉིན་མཚན་བརྩོན་ལ་བྲེལ།།
གོས་མེད་དམར་ཆུང་སེམས་ཀྱི་བུད་ཤིང་ལ།།
ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ན་ཡང་།།

ཕྱི་ཚུལ་དུང་སོའི་དར་ཐག་མཐེན་བཞིན་དུ།།
ཕན་ཚུན་འདུ་མའི་གཏམ་གྱི་མགོ་བོ་འདེགས།།
ང་ཚོ་མདུན་ལམ་ཁ་ཕྱོགས་གཅིག་དགོས་ཟེར།།
ང་ཚོ་བསམ་པ་གཅིག་ཏུ་མཐུན་དགོས་ཟེར།།

ང་ཚོ་ཡ་རབས་རྒན་གཞོན་གོ་རིམ་ཟེར།།
འདི་ཉིད་རིམ་པ་ཇི་ལྟར་དཔྱད་དགོས་གླེང་།།
ཁྱུང་ཆེན་རྒྱལ་པོའི་ཞལ་ནས་འདི་སྐད་ཟེར།།
བདག་ཉིད་རིན་ཆེན་གླིང་འདིར་སླེབས་དུས་སུ།།

ལྗོན་པའི་བུ་མོའི་སྐུ་ནི་ཁྲུ་གང་ཙམ།།
ཡལ་འདབ་ལོ་མའི་ཟུར་རྒྱན་མེད་དེ་གསུངས།།
རི་བོང་མདུན་གང་ཙམ་ནས་སླེབས་གྱུར་ཀྱང་།།
ལོ་མའི་གྲིབ་མ་རྩ་ནས་མ་འཁོར་ཟེར།།

སྤྲེ་འུའི་བདག་ཉིད་དུས་སུ་མཐོན་པོར་གཤེགས།།
ཡལ་ག་རྒྱས་ལ་ལོ་མས་མ་བརྒྱན་གསུངས།།
བརྩོན་འགྲུས་གླང་ཆེན་སྤོབས་པའི་ཡ་མཆུ་སྒྲེང་།།
ཉེ་ཚོགས་དགྲ་རྣམས་འཇོམས་པའི་སྒྲ་ཆེན་སྒྲག།

བདག་ཉིད་དུས་སུ་བཅུ་དྲུག་ལང་ཚོ་རྒྱས།།
ལོ་མའི་ཟས་ལ་བདག་གི་རོལ་ལོ་བརྗོད།།
གསུངས་པ་ཙམ་གྱིས་གོ་རིམ་གསལ་བར་ཤེས།།
སློབ་ལ་བརྩོན་ཞིང་མདུན་སྐྱོད་ལམ་དུ་འཇུག།

ཐམས་ཅད་གཅིག་ཏུ་བསྒྲིལ་བའི་ནུས་སྟོབས་ཀྱིས།།
མཐུན་པ་སྤུན་བཞི་ཟེར་བཞིན་སྙན་གྲགས་རྒྱས།།

Related Articles