འཇིག་ལ་ཉེ་བའི་སྐད་ཡིག

༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག

འབྲི་རུ་བ་སྐལ་བཟང་འགྲོ་མགོན།

འཇིག་རྟེན་ས་ཡི་གོ་ལའི་ཡང་རྩེ་ན།།
འགྲོ་བ་མི་ཡི་སྤྱི་ཚོགས་འདྲ་མིན་ནང་།།
ལ་ལ་ཡར་ཐོན་ལ་ལ་རྗེས་ལུས་འདི།།
སློབ་གསོའི་ཁ་ཕྱོགས་བཟང་ངན་ལས་ལ་རག།

འཚོ་གནས་དཔལ་འབྱོར་ངེད་ཅག་དགོས་མཁོ་ཡིན།།
རིག་པའི་གནས་ལྔ་ཀླད་པའི་གནད་དོན་ཡིན།།
ཚན་རྩལ་ཤེས་བྱ་ཉེར་གཅིག་ལག་རྩལ་ཡིན།།
ཁ་བ་བོད་པ་ཚན་རྩལ་ལམ་དུ་སྐྱོད།།

ཕ་མས་ཕྲུ་གུ་སློབ་གྲྭར་མངག་རྒྱུ་དང་།།
དགེ་རྒན་ཕྲུ་གུར་སློབ་གསོས་སྐྱོང་རྒྱུ་དང་།།
ཕྲུ་གུས་ཤེས་ཡོན་རིན་ཐང་རྟོགས་རྒྱུ་གསུམ།།
ཕྱིས་འབྱུང་རང་རིགས་མདུན་ལམ་ཐག་ཆོད་ཅིག།

བདུན་གསུམ་ཤེས་ཡོན་འགྲན་པའི་གླིང་ཁ་འདིར།།
གཤིས་ཀ་འཇམ་ཞིང་ལུས་སེམས་བདེ་ཐང་དང་།།
ཕུགས་བསམ་རིང་ཞིང་དཀའ་ཁག་བཟོད་ནུས་མཁན།།
དེ་དག་འཛོམས་མིན་སློབ་གསོའི་ལས་ལ་རག།

སྲོལ་རྒྱུན་ཤེས་ཡོན་བོད་པའི་སྙིང་ནོར་ཡིན།།
དེང་དུས་ཤེས་བྱ་རང་གི་རུས་རྐང་ཡིན།།
གནའ་དེང་ཤེས་བྱ་རང་གི་འདབ་གཤོག་ཡིན།།
ཁ་བ་བོད་པས་ཤེས་བྱའི་ནམ་འཕང་སྐྱོད།།

ཡ་རབས་གོམས་གཤིས་སྤྱི་ཚོགས་བདེ་སྐྱིད་ཡིན།།
ཁྲེལ་ཡོད་བག་ཕེབས་མེས་པོའི་ཁྱད་ནོར་ཡིན།།
ལྷག་བསམ་གཞུང་དྲང་རང་རིགས་དགོས་མཁོ་ཡིན།།
ཁ་བ་བོད་པས་ཕ་ནོར་གཅེས་པར་མཛོད།།

དེང་སང་ཁ་བ་བོད་པའི་གཉེན་སྒྲིག་ལ།།
སྐྱེ་སྒོ་བཟང་ངན་དཔལ་འབྱོར་ཕྱུག་མིན་དང་།།
ལས་གནས་མཐོ་དམའ་ཁྱིམ་ཚང་རིགས་རུས་ལས།།
གཤིས་བཟང་བརྩེ་དུང་ཅན་གྱི་བཟའ་ཟླ་དཀོན།།

བྱམས་བརྩེའི་རྩ་བ་བརྟན་པའི་མི་རིགས་ཤིག།
ལྷག་བསམ་གསེར་གྱི་གོ་ཁྲབ་མ་གྱོན་ན།།
གཡོ་རྫུན་སད་སེར་བ་མོའི་རྡུལ་མཚོན་ཁྲོད།།
བདེ་སྐྱིད་མེ་ཏོག་བཀྲ་བའི་རེ་བ་བྲལ།།

རྐང་གཉིས་ས་རུ་བཙུགས་པ་འདྲ་འདྲ་རེད།།
ལག་ཟུང་དོན་ལྔ་སྣོད་དྲུག་གཅིག་དང་མཚུངས།།
འོན་ཀྱང་སློབ་གསོའི་ཁ་ཕྱོགས་བཟང་ངན་གྱིས།།
སྔོན་ཐོན་རྗེས་ལུས་རི་མོ་གསལ་ཡོང་ངོ་།།

མ་མའི་མངལ་དུ་སྦྲུམ་པའི་བྱིས་པ་དེ།།
མ་མའི་འགྲོ་འཆག་ཉལ་འདུག་སྤྱོད་ལམ་དང་།།
དེ་བཞིན་ཟ་འཐུང་འཚོ་བའི་ལས་ཀ་སོགས།།
མངལ་སྦྲུམ་བྱིས་པའི་སློབ་གསོ་དེ་བས་ཞན།།

བྱིས་པའི་དགེ་རྒན་བྱིས་པའི་ཕ་མ་ཡིན།།
བྱིས་པའི་འཇོན་ནུས་བྱིས་པའི་སློབ་གསོ་ཡིན།།
རང་གི་བྱིས་པ་སྤྱི་མི་བྱ་འདོད་ན།།
ཞིང་འབྲོག་ཕ་མས་བྱིས་པའི་སློབ་གསོ་སྦྱོངས།།

དང་པོ་ཕ་མར་བྱིས་པའི་སློབ་གསོ་སྐྲུན།།
གཉིས་པ་ཕ་མས་བྱིས་པར་སློབ་གསོ་སྤྲོད།།
གསུམ་པ་དགེ་རྒན་བྱིས་པ་གསོ་སྐྱོང་མཛོད།། 
ཁ་བ་བོད་པ་སློབ་གསོའི་ལམ་དུ་སྐྱོད།།

 ༼ སྐད་ཡིག༽
ཡིད་ཆེས་བརྩེ་སེམས་རྒྱལ་ཁའི་རྩ་བ་ཡིན།།
ལར་ཞེན་ཆིག་སྒྲིལ་སྟོབས་ཤུགས་རྨང་གཞི་ཡིན།།
སྔོན་ཐོན་རྩེ་མོ་སྐད་ཡིག་ཚད་ལྡན་ཡིན།།
ཁ་བ་བོད་པས་སྐད་ཡིག་གཅེས་པར་མཛོད།།

འཇིག་ནུབ་ཁད་ལ་ཉེ་བའི་སྐད་ཡིག་ཅིག།
རང་གི་སྲོག་ལས་གཅེས་པར་མ་བསྐྱངས་ན།།
སྡིག་ཅན་ཤར་ཕྱོགས་ཀླ་ཀློའི་སྲིད་བྱུས་འོག།
ཁ་བའི་སྐད་ཡིག་སྔོན་ཐོན་ཉིན་སྐར་ཙམ།།

མངའ་ཐང་སྟོབས་འབྱོར་ཅན་གྱི་སྐད་ཡིག་དེ།།
འཛམ་བུའི་གླིང་འདིར་འཕྲིན་ལས་ཇེ་རྒྱས་རེད།།
དཔལ་འབྱོར་རྒྱབ་རྩ་མེད་པའི་སྐད་ཡིག་ནི།། 
ཨ་ཁུ་ཆོས་རྒྱལ་མཇལ་ཁ་ཇེ་མགྱོགས་རེད།།

རང་དབང་འདྲ་མཉམ་མེད་པའི་མི་རིགས་དེའི།།
སྐད་ཡིག་གསོན་པོ་གནས་པའི་རེ་བ་བྲལ།།
དེ་བས་ཁ་བ་ཚང་གི་གཞོན་སྐྱེས་ཚོས།།
ཕ་སྐད་དྭངས་མ་ངག་གིས་འགྱུར་ཁུག་འཐེན།།

ར་སྐད་ལུག་སྐད་བསྲེས་པའི་སྐད་ཡིག་ཅིག།
ཕ་སྐད་དྭངས་མའི་གདངས་སུ་མ་གྱེར་ན།།
སྐར་ལྔའི་སྲིད་བྱུས་ངན་པའི་ཐུ་འོག་ནས།།
ཁ་བའི་སྐད་ཡིག་སྲོག་ཐར་རི་བོང་རྭ།།

སྐད་ཡིག་རིག་གཞུང་ཡོད་པའི་མི་རིགས་ཤིག།
རིག་གསར་གསེར་གྱི་མིག་ཤེལ་མ་གྱོན་ན།།
མ་འོངས་ཁ་བ་བོད་པའི་འབྱུང་རབས་ནང་།།
བསུབ་ཏུ་མེད་པའི་ནག་ཉེས་ཡོང་ལ་ཉེ།།

ལེགས་སྦྱར་གཞུང་དང་མཐུན་པའི་སྐད་ཡིག་ཅིག།
དབྱངས་གསལ་སོ་བཞི་གདངས་སུ་མ་གྱེར་ན།།
ཤར་ཕྱོགས་སད་སེར་བ་མོའི་རྡུལ་འཚུབ་ཁྲོད།།
སྐད་ཡིག་ལང་ཚོ་སྨིན་པའི་རེ་བ་བྲལ།།

གྲོང་སྐད་ཕལ་སྐད་བསྲེས་པའི་བརྡ་སྤྲོད་དང་།།
ཡིག་ནོར་དག་ནོར་བྲིས་པའི་ཚིག་མཛོད་དང་།།
ཡ་མ་ཟུང་གི་རྩོམ་འཆལ་ཐར་ཐོར་སོགས།། 
ཁ་བ་བོད་པའི་སྐད་ཡིག་བསྟན་དགྲ་ཡིན།།

ཨ་མདོའི་མི་ཚོས་འབྲོག་པའི་ཁ་སྐད་འབྲི།།
ཨ་རོགས་ཁམས་པས་རོང་པའི་ཡུལ་སྐད་འབྲི།།
ཨ་ཇོ་དབུས་པས་ཞིང་པའི་ཆང་སྐད་འབྲི།།
ཁ་བ་བོད་པས་གྲོང་སྐད་རྩོམ་ཞིག་འབྲི།།

རང་གི་སྐད་ཡིག་གཅེས་འཛིན་མེད་པ་དང་།།
གཞན་གྱི་སྐད་ཡིག་དུང་བ་ཆེ་བ་ཡིས།། 
ངན་དུག་ཁོག་ནས་མངོན་དུ་མ་གྱུར་ཀྱང་།། 
ལོ་ཤས་རྗེས་ནས་ནད་རྟགས་གསལ་ཡོང་ངོ་།།

ནང་དུ་ང་སྤྱང་ཁོ་གྲུང་བཀྲ་མ་ཤིས།།
ཕྱི་རུ་དོན་ཆེན་སྒྲུབ་པའི་དཔུང་སྟོབས་དབེན།།
ཁ་བ་བོད་པའི་ཕ་སྐད་དྭངས་མ་ལ།།
གྲོང་པའི་སྐད་ཀྱིས་མི་སྐྱོབ་དངོས་པོའི་གཤིས།།

སྲོལ་རྒྱུན་རིག་གནས་དགའ་ཞེན་མེད་པ་དང་།།
ཆོས་ལུགས་གང་ལ་དད་མོས་མི་བྱེད་པ།། 
རང་གི་རིགས་ལ་ནང་དམེ་བྱས་དང་གསུམ།།
སྐད་ཡིག་བག་ཕེབས་བཞུགས་པའི་རེ་བ་བྲལ།།

ངེད་ཅག་ཕ་སྐད་ཕ་ས་དགྲ་ལག་ཤོར།།
ཕ་སྐད་ཤི་གསོན་གཉིས་ཀྱི་སོ་མཚམས་ལྷགས།།
གཅེས་ནོར་ཡིག་ཚང་མེ་ལྷའི་ཞལ་དུ་བསྟབས།།
སྐད་ཡིག་ཅིག་གི་ལས་དབང་མ་བརྗེད་ཨང་།།

ཕ་སྐད་ལང་ཚོ་ཤར་སྤྲིན་ནག་པོས་བསྒྲིབས།།
དབྱངས་གསལ་སོ་བཞིའི་བཀོལ་སྤྱོད་རང་དབང་བཀག།
ངེས་དོན་མཁས་དབང་མུན་ནག་བཙོན་དུ་བཅུག །
ཁ་བ་བོད་པའི་སྐད་ཡིག་འཇིག་ལ་ཉེ།།

Related Articles