༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག
སྐལ་བཟང་ཚེ་སྒྲོན།
གཅིག
དུས་རབས་གསར་བའི་ཁ་བའི་གཞོན་ནུ་ཚོ།།
འུ་ཅག་ཨ་མའི་མངལ་ནས་སྐྱེས་པ་ནས།།
གྲངས་ཉུང་མི་རིགས་འདི་ཡི་ཁོངས་སུ་གཏོགས།།
དེ་ལྟར་འུ་ཚོ་མེས་པོའི་ཤུལ་འཛིན་ཡིན།།
གཉིས།
དུས་འགྱུར་ནག་པོས་གངས་རིའི་རང་མདངས་འགྱུར།།
ཀླ་ཀློ་དམར་པོས་མུན་པའི་ནགས་ཁྲོད་དུ།།
གཡོ་རྫུན་ངན་པའི་འཁྲབ་སྟོན་ཐེངས་ཤིག་གིས།།
མགོ་ནག་ཚང་གི་རང་བཙན་གཞན་འོག་ཤོར།།
མཉམ་ཆུང་བོད་པའི་ཕམ་ཉེས་འཁུར་བཞིན་དུ།།
ལྷ་འདྲེ་ཀླུ་སོགས་ཡིད་ཆེས་སྐྱབས་འཇུག་ཙམ།།
རིག་གཞུང་ནུབ་ལ་ཉེ་བར་མ་ཤེས་པའི།།
ཡ་ཆུང་སྡུག་གིས་ཅི་བྱ་མེད་པར་ལུས།།
འོན་ཀྱང་དུས་རབས་ཉི་ཤུའི་མཇུག་མཚམས་ནས།།
བར་དུ་འཁྱམ་པའི་བོད་ཕྲུག་རྨོངས་ཉིད་སད།།
དགོས་པའི་རིག་གཞུང་གཙང་མའི་རང་དབང་འདོད།།
དེ་མཚུངས་བློ་སྟོབས་ཆེ་བས་བོད་ཡུལ་ཁེངས།།
ནང་སོན་ལོ་ཟླའི་ཕྱོགས་མཚམས་དེ་ནས་བཟུང་།།
མེས་པོ་རྣམས་ཀྱིས་བཞག་པའི་རིག་མཛོད་དེ།།
གསར་སྐྱེས་ཁ་བའི་གཞོན་ནུ་རྣམས་ཀྱིས་བཅངས།།
ནམ་ཡང་མི་ཉམས་རྒྱུན་འཛིན་གོང་འཕེལ་བཏང་།།
རྐྱེན་ངན་བར་ཆད་ཇི་ལྟར་ཕྲད་ན་ཡང་།།
རང་རིགས་དབང་བའི་རིག་གནས་བང་མཛོད་འདི།།
ཕྱིས་འབྱུང་གདོང་དམར་བུ་རབས་ཚ་བརྒྱུད་ལ།།
དྲན་རྟེན་ཚུལ་གྱིས་མི་འབོར་བདག་བཟུང་བྱེད།།
ཤ་རུས་གཅིག་པའི་ཕ་བཟང་བུ་ཕྲུག་ཚོ།།
རང་གི་རིགས་ལ་ཤ་ཞེན་ཡོད་པའི་ཐོག།
ཕྱི་རོལ་གསར་བཏོད་ཙམ་ལ་མ་དམིགས་པ།།
ལ་རྒྱ་ལྡན་པའི་རང་གི་རིག་གཞུང་སོམས།།
འུ་ཚོའི་ཐུན་མོང་རིག་མཛོད་ཆེན་མོ་ན།།
དྭངས་གཙང་མེས་པོའི་ཁྲག་རྗེས་འདྲེས་ཡོད་པའི།།
བསམ་གཞིག་ཟབ་མོས་བརྟགས་ཤིང་དཔྱད་པས་ན།།
དེ་ནི་གང་གིས་བསུབ་ཐབས་བྲལ་ལོ་སྙམ།།
དེ་ཡང་མཛེས་སྡུག་ལྡན་པའི་ཁྲིམས་གཞིས་ཆེད།།
མ་འོངས་འོད་སྟོང་འབར་བའི་ཚུགས་འདུན་བཅངས།།
རྒྱལ་ཁམས་ཁྲོད་དུ་ཐུན་མོང་རིག་གནས་འབོད།།
གྲངས་ཉུང་མི་རིགས་འདི་ལ་སྲི་ཞུ་ཞུས།།
གསུམ།
དེ་མིན་ཁ་བཤད་ཙམ་ལ་བོད་པ་བརྗོད།།
དོན་ལ་བོད་མིའི་ཆ་ལུགས་མི་ཤེས་པའི།།
མ་ཡིན་ཡིན་མདོག་དབྱིན་སྐད་ཀྱག་ཀྱོག་སྦྱང་།།
ཁ་འཇམ་ཚིག་སྙན་ཁོ་ནའི་འཚོ་ཐབས་མིན།།
བཞི།
ང་ཚོ་ཆོས་ལྡན་བོད་པའི་གོམས་ལུགས་ལ།།
འཛམ་གླིང་དྲང་བདེན་མི་རྣམས་ཡིད་རང་སྐྱེ།།
དྲང་བདེན་མཁས་པ་སྟོང་གིས་རྒྱབ་སྐྱོར་མང་།།
དེས་ན་འུ་ཅག་བློ་ཕམ་ཅི་ལ་བྱེད།།
ལྔ།
ཞི་བདེའི་དེད་དཔོན་བཀའ་གསུང་ལག་ལེན་བསྟར།།
འཚེ་མེད་རང་བཞིན་ལམ་བུར་མདུན་བསྐྱོད་བྱེད།།
ཞི་འཇམ་མཁས་པས་རྒྱ་དམར་ཁ་ལོ་བསྒྱུར།།
མེས་པོའི་ཤུལ་རྗེས་བཟང་པོ་སླར་གསོ་མཛད།།
གངས་ཕྲུག་ཉམས་ཆུང་ཆུ་ནང་ཉ་མོ་ལ།།
འཇིགས་རུང་རྦ་རླབས་ཇི་ལྟར་གཡོ་ན་ཡང་།།
སྔར་བཞིན་རང་གནས་ལོག་ཅིང་བུ་ཕྲུག་སྐྱོང་།།
མ་འོངས་རང་གི་བུ་ཕྲུག་མདུན་ལམ་བཙལ།།
དེ་བཞིན་དམར་པོའི་སྲིད་འོག་འབྱོར་ན་ཡང་།།
ནམ་ཡང་དོར་བ་མེད་པའི་སྙིང་སྟོབས་ཤིག།།
ང་ཚོ་གདོང་དམར་ཚང་ལ་ལྡན་ཡོད་པའི།།
དྲང་བདེན་འཐབ་རྩོད་བྱེད་བཞིན་ཐབས་ལམ་འབོད།།
གནས་སྐབས་གཞན་ཡུལ་འཚོ་དགོས་བྱུང་ན་ཡང་།།
འབྱུང་འགྱུར་འཛམ་གླིང་སྤྱི་དང་བོད་སྤྱིའི་དོན།།
ཟ་འགྲོ་སྡོད་གསུམ་ཚུན་ཆད་ཡ་རབས་སྲོལ།།
དེ་ཉིད་མི་རླགས་བདག་བཟུང་བྱེད་དགོས་ངེས།།
ད་དུང་བྱམས་དང་སྙིང་རྗེ་བོད་མིའི་གཤིས།།
ཤི་བ་མ་ཎི་བགྲངས་མཁན་བོད་མི་ཙམ།།
ཕན་ཚུན་བརྩི་བཀུར་ཤ་ཞེན་ཆེ་བ་སྟེ།།
དེ་ནི་གཞན་དང་མི་མཚུངས་སྲོལ་བཟང་པོ།།
རེད་དེ་དམར་པོའི་སྲིད་དབང་ཁ་གཡར་ནས།།
རེ་བ་ཡིད་ཆེས་འབོར་ནས་གཞན་འོག་ཏུ།།
མི་འདོད་གཞིན་དུ་གཞན་གྱི་རིག་གཞུང་འཛུལ།།
རང་གི་རིག་གཞུང་སྟོང་ན་ངོ་ཚ་ཡ།།
ཐ་ཤལ་ཕྲན་བུའི་འཚོ་ཆེད་རང་བཞིན་འདོར།།
སོ་སོའི་ལུགས་སྲོལ་མི་མཐུན་ཆ་ལུགས་སྤྱོད།།
ལས་འབྲས་འགལ་བའི་བྱ་ངན་སྤྱི་བ་ན།།
རང་རིགས་རིག་གཞུང་རྩ་བརླག་འགྲོ་བའི་རྒྱུ།།
དེ་འདྲའི་ར་མ་ལུག་གི་གོམས་སྲོལ་དེས།།
ནམ་ཞིག་སོ་སོའི་རིག་གཞུང་ཡལ་བ་དང་།།
ཐ་ན་རང་གི་མི་རིགས་རིག་གཞུང་ལ།།
ཕན་ནུས་ཡོང་རྒྱུའི་ཚབ་ལ་གནོད་པར་སེམས།།
མི་རིགས་གང་ཡིན་མཚོན་རྟགས་ངོ་མ་ནི།།
སྐད་ཡིག་ཡུལ་སྲོལ་གོམས་གཤིས་བཅས་ཡིན་པས།།
གལ་ཏེ་དེ་དག་ནུབ་པ་འགྱུར་བ་ན།།
མི་རིགས་དེ་ཉིད་གཞན་ཞིག་འགྱུར་ཚར་ངེས།།