ནགས་ལྷ་སྐལ་བཟང་།
བསིལ་ལྡན་གདོང་དམར་ཚང་གི་གནས་མཆོག་འདིར། །
ཡབ་ཆེན་སྐད་ཡིག་སྲོལ་རྒྱུན་རིང་མོ་དང་། །
ཡུམ་ཆེན་གཤིས་རྒྱུད་བཟང་པོའི་བསླབ་བྱ་འདི། །
ཕ་ས་གངས་རིའི་ལྗོངས་ཀྱི་གཅེས་ནོར་ཞིག །
སྤངས་རྟོགས་འདབ་ཕྲེང་རྒྱས་པའི་དགེ་བའི་བཤེས། །
ཡོངས་ཁྱབ་དྲི་བསུང་རིགས་པའི་རྩལ་གྱིས་དྲངས། །
ལེགས་ཚོགས་འདོད་དགུ་ཡན་ལག་བརྒྱད་ཀྱི་གཏེར། །
འཇུག་ངོགས་བདེ་བའི་ནགས་ལྷའི་སྒྲོན་མེ་བསྒྲིགས། །
ཤར་ནུབ་རྒྱང་ཐག་རྫས་རྡུལ་ཤུགས་ཀྱིས་གཏོར། །
རིག་འཕྲུལ་སྐྱེས་པའི་རྩེད་གར་གང་རོལ་ཡང་། །
སྐད་ཡིག་ཉམས་ན་མི་རིགས་སྲོག་རྩ་ཆད། །
དེ་ཕྱིར་ནགས་ལྷའི་སྒྲོན་མེ་གསར་དུ་བཞད། །
རྒྱུས་མེད་གཞན་ཡུལ་གྱར་ཡང་སྐད་ཡིག་སྲོག །
ཧུར་བརྩོན་འདབ་མ་བཞད་པའི་སློབ་མ་དག །
རབ་དགའི་ལས་ལ་བརྩོན་པའི་འབྲས་བཟང་འདི། །
ནགས་ལྷའི་སྒྲོན་མེའི་རྗེས་འཛིན་དཔལ་དུ་མཛེས། །
འཛམ་གླིང་ནོར་འཛིན་ཡངས་པའི་སྤང་ལྗོངས་སུ། །
གནའ་དེང་ཟུང་འབྲེལ་རིགས་པའི་མེ་ཏོག་རྒྱས། །
དུས་ཀྱི་ཁ་ཕྱོགས་གང་དུ་འགྱུར་ན་ཡང་། །
ནགས་ལྷའི་སྒྲོན་མེ་གོ་ལའི་རྒྱན་དུ་མཛེས། །
མཐིང་མདོག་གནམ་སའི་བར་མཚམས་ཕྱོགས་ཀུན་ཏུ། །
རྣམ་དཔྱོད་གློག་འོད་སྒྲོན་མེ་ཁྲ་ལྡེམ་ལྡེམ། །
འཁྲུལ་མེད་རིགས་པའི་ཟེགས་མ་ཐ་ར་ར། །
ནགས་ལྷའི་སྒྲོན་མེ་བཞད་པའི་འཕྲིན་ལས་ཡིན།
དཀར་པོའི་གངས་ལས་གྲུབ་པའི་མཐོ་སྒང་ཞིག །
དམར་པོའི་གདོང་ལས་གྲུབ་པའི་མི་རིགས་ཤིག །
སེར་པོའི་དམ་ཆོས་དར་བའི་གནས་ཆེན་དེ། །
གསོ་མཁན་ནགས་ལྷའི་སྒྲོན་མེ་དཔལ་དུ་འབར།
གཞོན་ནུ་ཇི་བཞིན་བརྩོན་པའི་སྒྱུ་རྩལ་དང་། །
དར་མས་གོང་འོག་འབྲེལ་བའི་ཐབས་ལམ་དང་། །
རྒན་པས་ཇི་བཞིན་བསླབ་པའི་སྙིང་ནོར་སོགས། །
ནགས་ལྷའི་སྒྲོན་མེའི་འབྲི་མར་མཆོད་ཐིགས་ཡིན། །
ཕྱི་མིས་ཡི་རང་ཞུ་སའི་དུས་དེབ་ཅིག །
སློབ་མ་རིག་རྩལ་རྒྱས་སའི་རྩོམ་དེབ་ཅིག །
དུས་ཡུན་གཞན་ལས་རིང་བའི་ཆེད་དེབ་ཅིག །
སྐད་ཡིག་ལྷག་ཏུ་སྲུང་བའི་སྒྲོན་མེ་ལགས། །
ཀུན་གྱི་དགོངས་ཟབ་གསུང་རབ་སྙིང་པོའི་དོན། །
གསལ་ལ་མ་འདྲེས་གོ་སླའི་མིག་གི་དབང་། །
ཡོངས་ལས་ཁྱད་འཕགས་ལམ་མཆོག་གསལ་མཛད་པ། །
ཆད་མེད་ནགས་ལྷའི་སྒྲོན་མེ་རྟག་ཏུ་འབར། །
གནས་ལྔའི་རིག་གཞུང་རྒྱ་མཚོ་འཕྱུར་བའི་ངོགས། །
བྱིས་བློའི་གྲུ་གཟིངས་རླུང་གི་ལྕག་གིས་བསྐུལ། །
ལྐོག་གྱུར་རིན་ཆེན་གཏེར་སྒོ་ཟླ་གསར་འབྱེད། །
ནགས་ལྷའི་སྒྲོན་མེ་སྐྱེ་བོའི་ཚལ་དུ་མཛེས། །
སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་ཇི་བཞིན་མི་གསལ་ཡང་། །
སྦྱངས་པའི་ནོར་བསགས་ཕུན་ཚོགས་སྡེབ་སྦྱོར་རྨང་གཞི་བྱང་བའི་ཆེད། །
འཆི་མེད་མཛོད་དང་མཁས་པའི་རྣ་རྒྱན་ལྟར་གྱི་ལེགས་ཆ་མེད། །
རྣམ་པར་དཔྱོད་པའི་བློ་གྲོས་སྐྱེད་ཐོན་ཕྱིར་དུ་ཅུང་ཟད་མྱུལ། །