བསྟན་འཛིན་དར་རྒྱས།
སྐྱབས་རྗེ་ཞིང་གཤེགས་འཁོར་ལོའི་མགོན་པོ་གང་། །
དགོངས་པ་ཆོས་དབྱིངས་བསྡུས་པར་ཀྱེ་མ་ཧུད། །
ངེས་པ་དོན་གྱི་བླ་མ་ཁྱེད་འདྲ་དཀོན། །
མཁས་བཙུན་བཟང་གསུམ་རྣམ་ཐར་བྱིན་གྱིས་རློབས། །
ཟབ་གསལ་གསུང་གི་ཉིང་ཁུ་རེ་རེ་བཞིན། །
དྲན་པའི་མོད་ལ་གདུང་བའི་མཆི་མ་ཤོར། །
ཕ་ཡུལ་རྒྱང་ལ་གྱེས་ཏེ་མི་ཡུལ་དུ། །
སྐུ་ཚེའི་མཐའ་མར་མ་མཇལ་ཡིད་རེ་ཕངས། །
ཐོབ་དང་སྙན་གྲགས་རེ་བས་མི་སྙེགས་པར། །
ཁྱབ་དཔལ་རིག་གསུམ་མི་ཉམས་གོང་འཕེལ་བསྐྱེད། །
བོད་ཀྱི་རིག་གཞུང་སྲོག་བཞིན་གཅེས་པར་འཛིན། །
བཀའ་དྲིན་ཅན་གྱི་བླ་མ་སྙིང་ནས་དྲན། །
ཤེས་བྱ་རིག་པའི་གནས་ལ་མཁྱེན་རྒྱ་ཡངས། །
དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས་མཁས། །
དཔལ་ལྡན་བླ་མའི་གསང་གསུམ་ཡོན་ཏན་ཚོགས། །
བློ་དམན་བདག་འདྲས་དཔག་པར་དཀའ་བ་ཡི། །
མཐོང་ཐོས་ཡོངས་རྫོགས་དྲན་པས་མ་ཟིན་ཀྱང་། །
ངོ་མཚར་མཛད་སྤྱོད་མཐོང་དང་ཐོས་པ་ལས། །
ཞལ་མཇལ་གསུང་ཐོས་ཞབས་དྲུང་དུ་མ་ཡིས། །
ཉིན་མཚན་མེད་པར་དཔེ་ཆ་སྨྱུ་གུ་བཟུང་། །
གྲུབ་མཐའ་ཕྱོགས་རིས་མེད་པར་དང་དུ་ལེན། །
རིན་འབྱུང་བརྒྱ་རྩའི་དབང་ལུང་སུམ་བརྒྱ་ལྷག །
རིས་མེད་དགོན་སྡེ་འདུས་མང་མ་ལུས་བསྩལ། །
ཁྱེད་ཀྱི་རྣམ་ཐར་དྲན་བཞིན་བླ་མ་དྲན། །
གནས་དགོན་གྱོན་རུལ་ངོ་མཚར་བསམ་ཡུལ་བཞེངས། །
ནགས་ཤོད་དམངས་ཁྲོད་སྒྱུ་རྩལ་ལམ་བུ་བསྐྲུན། །
ནགས་ཤོད་འབྲི་རུའི་ལོ་རྒྱུས་ཐོག་མར་བརྩམས། །
འབྲི་གུང་སྐྱོབ་པའི་སྟོང་སྐུ་ཐོག་མར་བཞེངས། །
རྣམ་དག་ཚུལ་ཁྲིམས་གཙང་མའི་རྩ་བ་བརྟན། །
བྱམས་དང་སྙིང་རྗེའི་དཀར་ཟས་སྐུ་ཚེ་གང་། །
ཐོས་བསམ་སྒོམ་པའི་ལོ་འདབ་ཕྱོགས་ཀུན་རྒྱས། །
འཆད་རྩོད་རྩོམ་པའི་པོ་ཏི་བཅུ་ཕྲག་བརྩམས། །
གོང་མའི་སློབ་ཚོགས་མགོན་མེད་དྭ་ཕྲུག་གྱུར། །
གསོལ་བ་འདེབས་སོ་བདག་སོགས་བུ་སློབ་ཀུན། །
མགོན་ཁྱེད་གསེར་ཞལ་མཇལ་བའི་རེ་སྨོན་ལ། །
ཡང་སྲིད་འཁྲུལ་བྲལ་ཉི་གཞོན་ཨེ་མ་རྨད། །
དྲིན་ཅན་རྩ་བའི་བླ་མ་༸སྐྱབས་རྗེ་ཞིང་གཤེགས་མཆོག་སྤྲུལ་༸རི་དབང་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་རྗེས་དྲན་གྱི་ལྷ་རྫས་དར་དཀར་པོ་དྲི་མེད་ལག་ཏུ་བཟུང་ནས་ཕྱག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་འདེབས་སོ།།