འདས་གསོན་གྱི་ཆིག་ལབ།

མ་ཏི་བྷ་དྲ།

འདི་ནས་བརྩིས་པའི།

འཇིག་རྟེན་གྱི་སྣང་བ་གཞན་ཞིག་རེད།

ན་བུན་དང་རེ་འབྲས་དབེན་པའི་གོ་ལ་ཞིག་ཀྱང་ཡིན་སྲིད།

ཉི་ཟེར་དང་ཟླ་འོད་དབེན་པའི་ལོ་ཟླ་དག་ལ།

དྲོད་ཁུལ་དང་འོད་ཐིགས་ཀྱི་ཆ་ཤས་ཤིག་གང་ནས་འཚོལ།

རེ་སྒུག་དང་མཇལ་འཛོམས་ཀྱི་སྣང་བ་ཡང་དུས་དེ་ནས་ཡལ་སོང་ངམ།

གནས་འདི་ནས་རང་སྣང་གི་ཚོར་བ་རེ་ཁྱེར་ནས།

མངར་སྐྱུར་གྱི་འཚོ་བ་ལ་ཚིག་དུམ་འགས་གསོ་བར་བྱ།

 

རེ་བའི་ཐག་སྣེ་ནས་འཇུས་ཏེ།

ལོ་ཟླ་ཡི་བང་རིམ་སོར་རྩེ་རུ་བརྩིས་ཀྱང་།

བཟུང་དུ་མེད་པའི་སྟོང་གསུམ་གྱི་འཇའ་ཚོན་བཞིན།

བསམ་བཞིན་དྲན་བཞིན་དལ་བོར་ཡལ་སོང་སྟེ།

འཛུམ་བག་གི་ཞལ་རས་གོར་མོ་དེ་ནམ་ཞིག་ན་མཐོང་སྲིད་དམ།

ཞེས་རང་ཉིད་ལ་དྲི་བ་མང་དག་ཅིག་འདྲི་མྱོང་།

ཡིན་ཡང་ལོ་ཟླ་དང་ལས་དབང་གིས་གཏུབ་པའི་མི་ཚེའི་དུམ་བུ་དེ།

ཆ་མི་འཚལ་བའི་དུས་ཤིག་ལ་ཡལ་འགྲོ་བ་སྔ་ནས་ངེས་སོང་ཟིག།

 

ཚེ་སྲོག་གི་བཞུད་ལམ་རིང་མོ་ནས།

དགའ་སྐྱོ་ཡི་སེམས་རིས་ལ་འཐམ་པའི་ཚོར་བའི་ཕུང་པོ།

མི་མངོན་པའི་མཚོན་ཆ་ཕོག་པའི་རྣམ་ཤེས་ཤིག།

སུ་ཞིག་གི་ཡིད་ཀྱི་མེ་ལོང་ལ་ཤར་སྲིད་དེ།

གསོ་མི་རུང་བའི་སེར་ཁ་དུ་མ་ཞིག་དལ་གྱིས་གཡུག་ཞོག།

ཤུགས་རིང་གིས་བསྐྱོམས་པའི་ལོ་ཟླ་དང་ཞག་གྲངས་རེ་རེ།

མིག་ཟུར་ན་བཞག་སྟེ་ལྟག་རྒྱབ་ཀྱི་ཐལ་བ་བཞིན་གཡུག་ཞོག

 

 

སྣང་བའི་འཆར་སྒོ་རེ་ལ།

ཕུག་བསམ་ཀྱི་གཤོག་ཡ་གཅིག་གིས་ནམ་ཞིག་སྒུག་ཀྱང་།

མི་རྟག་གི་འགྱུར་བ་དེ་ཡིས་རང་སེམས་བསླུས་སོང་སྟེ།

ངས་དམ་དུ་བཟུང་བའི་བྲང་དཀྱིལ་གྱི་དམ་བཅའ་དེ།

སྐྱ་རེངས་ཀྱི་སྣང་བ་དང་ས་སྲོད་ཀྱི་གྲིབ་སོ་བཞིན་ཡལ་སོང་།

ད་གཟོད་ཅི་ལྟར་བཤད་ཀྱང་བསྐྱར་ལོག་མེད་པས།

གཞན་ཡུལ་གྱི་ཚ་རླབས་ཁྲོད་ནས།

ངས་སྨོན་ཚིག་གིས་མཆོག་གསུམ་འབོད་བཞིན།

ངས་གསོལ་འདེབས་ཀྱི་སྐྱོ་དབྱངས་ཤིག་དང་ལྷན་དུ།

ཤུགས་ཀྱིས་དེད་པའི་ཚིག་དུམ་གྱིས།

ཕྱི་མར་ལམ་ཐག་བདེ་བའི་གདུང་ཤུགས་ཀྱི་འབོད་ཚིག་ཞིག་འཐེན།

 

ཤུལ་ལམ་གྱི་ཐང་ཆེན་ནས།

བཞུད་ཟིན་པའི་སེམས་ཁོང་གི་ཉི་ཟླ་ཟུང་།

ཁྲ་ཚོམ་གྱི་སྐར་ཚོགས་ཁྲོད་ན་མུན་ཁམས་གསལ་བའི་མགོན།

ལོ་ཟླ་འདི་དག་ཐ་མལ་བ་ཞིག་གི་ངོས་ནས།

མིག་མདངས་ཤོར་བའི་ལས་ཀྱི་བགོ་སྐལ་ཞིག་ཡིན་སྲིད།

འཇིག་རྟེན་གྱི་འགྲོ་ལུགས་ཤིག་དང་།

མ་བརྟགས་པའི་སྣང་བའི་འཆར་སྒོ་ཞིག་དང་ལྷན།

མིག་རྐང་ནས་ཆུ་རྡོག་ཅིག་དང་དུས་མཚུངས་ཏེ།

བསམ་གཞིག་གི་སྨུག་ལོང་ཁྲོད་ནས་ཡོད་ཚད་དུར་སོང་བའི།

སྣང་བརྙན་གསོན་པོ་དེ་ངང་ནས་དྲངས་སོང་ངོ་། །

Related Articles