ནགས་ཤོད་ཅོང་བརྡ་ནས།
དུས་རབས་ཉེར་གཅིག་བརྡ་འཕྲིན་དུས་རབས་རེད། །
གནས་ཚུལ་ཆེ་ཆུང་ཁ་བ་བུ་ཡུག་འཚུབ། །
ས་མཐའ་མི་ན་ཁྱི་ཞིག་ཤི་འདུག་ཟེར། །
གནམ་མཐའ་ཡེ་ན་འོད་ཅིག་འཕྲོ་སྐད་ཟེར། །
དེ་རིང་རྒྱ་གར་སྟོད་ཀྱི་དུས་ཆེན་རེད། །
ཁ་རྩང་རྒྱ་ནག་སྨད་ཀྱི་དུས་ཆེན་རེད། །
མདང་ནུབ་བལ་པོའི་ཡུལ་ཀྱི་དུས་ཆེན་རེད།།
དེ་རིང་གཅིག་གཅིག་གཅིག་གི་འཁྲུངས་སྐར་རེད། །
སང་ཉིན་གཉིས་གཉིས་གཉིས་ཀྱི་འཆི་སྐར་རེད། །
ལོ་གཅིག་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ།།
དམིགས་བསལ་ཉིན་མོ་རེ་རེ་བསུ་རྒྱུ་ཡོད། །
མི་རིགས་རེ་ལ་དུས་ཆེན་མང་པོ་ཡོད། །
རྒྱལ་ཁབ་རེ་ལ་དམིགས་བསལ་མང་པོ་ཡོད། །
ཡོད་ཚད་གདོང་དམར་ཚང་གིས་བསུ་དགོས་ན།།
མི་ཚེ་མི་ཚེ་དུས་ཆེན་རྫོགས་རྒྱུ་མེད། །
འཛམ་གླིང་བློ་མིག་ལྡན་པའི་མི་བུ་དག །
སོ་སོའི་དུས་ཆེན་སོ་སོས་བསུ་བཞིན་གདའ། །
དེ་ལ་དགོས་པ་རྒྱུ་མཚན་རེ་རེ་ཡོད།།
དོན་མེད་སྨྱོ་རྒྱུགས་འབའ་ཞིག་བོད་པ་ཚང་། །
ཡང་ལིང་ཆུ་ཡིས་ཁུར་བ་གྲངས་ལས་འདས། །
འདར་མགོ་མེ་ཡི་འཚིག་པ་ཁྲི་མ་འབུམ། །
བཙད་པོ་ཚང་གི་ཁྱིམ་རྒྱུད་ཆེན་པོ་འདི།།
རླུང་རྟ་དར་བའི་གཏམ་རྒྱུད་མང་ན་ཡང་། །
དུས་ཆེན་དོན་སྙིང་ཡོད་པ་ཁེ་རུ་མེད། །
སུམ་གཉིས་དབང་དུ་བསྡུས་པའི་དུས་ཆེན་མེད། །
ཐོན་མིས་ཡི་གེ་བཟོས་པའི་དུས་ཆེན་མེད།།
སྲོང་བཙན་སློབ་མ་བྱས་པའི་དུས་ཆེན་མེད། །
རྒྱ་བཟའ་བལ་བཟའ་བསུས་པའི་དུས་ཆེན་མེད། །
གནད་འགག་ཆེ་ས་འདི་ཚོ་དུས་ཆེན་མེད། །
མི་དགོས་གཞན་གྱི་དུས་ཆེན་བསུ་བ་འདི།།
རང་ལས་གཞན་གཅེས་ཡིན་ན་དགོད་རེ་བྲོ། །
འོན་པ་ལོང་བ་ཡིན་ན་སྙིང་རེ་རྗེ། །