ཁ་བ་མར་མར་བབ་དུས་ཕ་ཡུལ་ཡིད་ལ་དྲན་བྱུང་།

ནགས་ཤོད་ཅོང་བརྡ།

བས་མཐའི་ཁེར་བུ་ཕ་ཡུལ་དྲན་སྟངས་ཟུག་གཟེར་སྣ་ཚོགས་སྙིང་ལ་རླུང་གིས་ཚ་ཚ་ལྡང་། །
བརྗོད་ཚོད་མེད་ལ་བརྗོད་ཀྱང་དཀའ་བའི་ཉིན་མཚན་འཁོར་མོར་དྲན་གདུང་ཕ་བོང་རི་ལྟར་བརྩིགས། །
ཚིག་དང་ཐ་སྙད་ཡོད་ཚད་སྤུངས་ཀྱང་མཚོན་བྱེད་མི་རྙེད་གཉུག་སེམས་འདི་ན་ནད་ཅིག་ཁོལ། །
བག་ཆགས་ཟབ་མོ་ཆུང་ནས་བཏབ་པས་ཁ་བ་བབས་ཚེ་ཕ་ཁྱིམ་མཉམ་དུ་བྱིས་དུས་དྲན། །

བྱིས་པ་ཁྱུ་ཞིག་གངས་རྡོག་འཕེན་རེས་གབ་རེས་བརྩེ་བཞིན་ལམ་ཟུར་བརྒྱུད་ནས་འགྲོ་བ་དང་། །
ནངས་སྔ་དགོང་ཕྱིར་ཁྱི་ཡན་ཟུག་སྐད་རྒྱང་རིང་གོ་བའི་འབྲོག་དུད་ཁ་བས་བསྐོར་བ་དང་། །
ཉི་མའི་གུང་ལ་འཁྱགས་དར་ཁ་རུ་བུད་མེད་རེ་འགས་ནང་འཇམ་དམར་སྐྱ་འཁྲུད་པ་དང་། །
ལོ་ཆུང་མང་པོ་འཁྱགས་ཤུད་གློད་དེ་ཡང་ཡང་དགོད་པའི་སྣང་བ་དེ་ནི་ད་དུང་འཆར། །

ལུག་གི་རྗེས་སུ་དུབ་པའི་ཚུལ་གྱི་སྒུར་སྒུར་འགྲོ་བཞིན་ཕྱིར་བལྟས་ཐེངས་དགུ་བལྟ་བ་དང་། །
སྨན་ཤར་རེ་གཉིས་ནོར་བརྫི་འགྲོ་ཞོར་ཀེར་ཀེར་བྱེད་དེ་ཁ་ངོ་མ་ལུས་འཐུམ་པ་དང་། །
ཉག་ག་ཕར་ནས་སྐྱ་མི་དུམ་ཞིག་ཁལ་མ་དེད་དེ་འགྲུལ་ལམ་འགྲིམ་གྱིན་ཡོང་བ་དང་། །
རི་གྲོང་གངས་ཀྱི་ལྭ་བ་ཅན་ཞིག་དུ་སྨུག་ཤིག་ཤིག་ང་ཡི་མིག་ལམ་ཡང་ཡང་འཆར། །

དགུན་གྱི་ཁ་བའི་འདབ་མ་དཀར་འཇམ་ཚོད་མེད་འཐོར་བས་རྩྭ་ཐང་ནང་དུ་གནག་ཕྱུགས་འཚོ། །
ཕྱུགས་བརྫི་དེ་རྣམས་སློག་པའི་སྤུ་གསེང་ཉི་མར་བལྡེ་བཞིན་ཤིག་སྲོ་བསྒྲུགས་ཏེ་ལ་གཞས་ལེན། །
ཕོ་གཞོན་མོ་གཞོན་འདོད་གཏམ་སྨྲ་བཞིན་བགད་མོ་ཚག་ཚག་ཁ་བརྡ་མིག་བརྡ་འཕེན་གྱིན་འགྲོ། །
ན་གཞོན་ལ་ལ་དཔུང་ཐུག་རྒྱག་གིན་གྲི་མགོ་ཕུར་བ་ང་ཡི་ཞེ་ན་ལྷོག་ལྷོག་འཕྱོར། །

འབྲི་མོ་གྭ་མས་སོ་སྒྲ་ཧྲག་ཧྲག་མ་དང་སྲིང་མོས་ཆས་ཁུག་ཁྲ་ཁྲ་སྐོན་གྱིན་པ། །
མ་མོ་སྨུག་མགོར་མ་དང་རྨོ་མོས་གཟན་རྡོག་སྤྲད་པ་ལྡད་ཀྱིན་ལྡད་ཀྱིན་འཚང་བཞིན་པ། །
ཡ་རུ་རོག་རོག་ཁུ་ལུ་ཅན་པོ་ཉྭ་ཆག་དེ་ཡང་སུག་པ་དྲུད་དེ་ངུར་གྱིན་པ། །
ར་མ་རྒྱ་རྒྱ་ལག་ག་འཛི་ཡུ་སྐྱུག་ལྡད་མེད་པའི་དགུན་དུས་དེ་ནི་ད་དུང་གཟན། །

དགོང་ཐུག་ཧུར་ཧུར་དགོང་འདོན་འུར་འུར་ཁྱོ་ཤུག་བུ་ཚ་ལྷན་དུ་འཛོམས་པས་དགོང་ཀ་སྐྱིད། །
ཨ་མྱེས་བགྲེས་པོས་གླིང་སྒྲུང་ཀློག་སྟེ་ཨ་ཉོག་ཡན་ཆོད་གཟབ་གཟབ་ནན་ནན་རྣ་བ་གཏོད། །
གཅིན་སྐྱག་གཏོང་དུས་རུ་སྣེ་འདྲེན་མཁན་ཕ་དང་ཨ་ཁུ་བུ་སྨན་དེ་ཡི་དཀྱིལ་ནས་འགྲོ །
གནམ་ངོ་དྭངས་ཤིང་སྤྲིན་པ་མེད་པས་སྐར་མ་འདར་འདར་གྲང་ཟུག་རུས་པའི་གཏིང་ནས་དྲན། །

ནམ་གྱི་སྟོད་དུ་སྲེད་ཆེན་བགྲེས་པོས་འདུན་ལྡན་བགྲེས་མོར་གཟུགས་ཀྱི་རིང་ཚད་འཇལ་འཇལ་བྱེད། །
ནམ་གྱི་དཀྱིལ་དུ་ཕོ་ཉུལ་རེ་འགའ་འཁྱགས་བག་ཁྲོག་ཁྲོག་ཟླ་ཟེར་ངོས་སུ་ཁེ་འགྲོ་བྱེད་། །
ལྷས་ཟུར་རང་ནས་འདོགས་ཁྱིའི་འབའ་སྐད་ཕོ་འབྲུག་མོ་འབྲུག་ལྕགས་ཐག་བཙའ་བོ་ཁྲུམ་ཁྲུམ་འཐེན། །
ནམ་གྱི་སྨད་དུ་བུད་མེད་དག་གིས་ཡར་མ་འཇོ་བཞིན་སྒྲོལ་མ་ལྷང་ལྷང་འདོན་པ་དྲན། །

གསེར་མདོག་ཉི་མའི་གསེར་སྐུད་འཕྲ་བོ་སྒེའུ་ཁུང་བརྒྱུད་དེ་ཁྱིམ་ཁུག་ཡོད་ཚད་ཁྱབ་པས་ན། །
མིག་སྐྱག་སེར་ཡོལ་རྭ་གྱོང་ཅན་ཞིག་ཞོགས་ཟས་སྣུམ་པོ་མལ་སའི་ནང་དུ་བཟའ་བར་བྱེད། །
ན་ཁྲེབ་ཨ་ཕ་ན་ཆུང་ཨ་བུ་ཕོ་རྟགས་ཅན་པོ་བྱ་རྨྱང་བྱེད་དེ་གཞི་ནས་ལངས་། །
རྩིག་རའི་ཁུག་ཏུ་རླངས་པ་འཕྱུར་འཕྱུར་དྲི་ཆེན་སྤོང་བཞིན་བཤང་ཁ་རྡོ་ཡིས་ཕྱིས་ཏེ་འགྲོ། །

རྒན་པ་སྐོར་ཞིག་ཕུ་ཐུང་དྲུད་དེ་ཨམ་ཕྲག་ལག་འཇུག་ཧྲོག་ཧྲོག་བྱས་ཏེ་ལངས་ནས་འཚོགས། །
ཆུ་ཁ་མར་ན་སྨན་ཤར་ཁྱུ་ཞིག་མཚན་གྱི་ཁྱི་སྐད་སྟོད་སྨད་གང་བྱུང་ལངས་ལབ་བྱེད། ། །
སྣབ་ལུག་བྱིས་པ་ལྭ་བའི་གོང་ང་སྤག་ཅོ་ཅན་པོས་ཁྱིམ་ཕུག་ཡས་ནས་ཨ་མར་འབོད། །
མར་སྒྱིད་ཁུག་ནས་མནའ་མའི་ལག་ངར་སག་རི་ཅན་དེས་ཨོང་བ་ལྡུག་པ་མིག་ལམ་འཆར། །

འབྲོག་ཕྱོགས་ཕལ་ཆེར་ཚེ་ཚེ་རབས་རབས་དེ་ལྟར་འཚོ་མིན་ཁ་ཚོད་གཅོད་ནས་མི་ཤེས་ཀྱང་། །
དེང་གི་མཐོ་སྒང་འབྲོག་རིགས་ཡོད་དོ་འདོད་འདོད་དཔལ་ཡོན་འགྲིག་པོ་དེ་ཙམ་མེད་པས་རྐྱེན། །
ཁྲོན་པའི་ཉ་སྦལ་པར་བཤུས་རེད་བཅས་བརྙས་བཅོས་བྱས་ཀྱང་སེམས་ཀྱི་བདེ་བ་ཆུང་རྒྱུ་མེད། །
བལྟས་ན་མི་སྐྱིད་རོལ་ན་སྐྱིད་པའི་འཚོ་ཐབས་དེ་ནི་མི་བཟང་ཞེས་ན་བརྫུན་གཏམ་རེད་བཅས་ཁོ་བོས་སྨྲ། །

ཕྱི་ལོ་༢༠༡༥/༡/༡༩/ལ།

ཡུལ་སྐད་གཙོ་བོར་བཟུང་ནས་བྲིས་ཡོད་པས་སྟོད་སྨད་དག་གིས་ཅུང་གོ་དཀའ་བར་ངེས་པས་སྙིང་ནས་དགོངས་དག་ཞུ། ཡིན་ན་ཡང་འདི་ལྟར་འབྲི་དགོས་པ་ནི་ཐ་སྙད་དེ་དག་དང་ཁོ་བོའི་གཉུག་གཤིས་གཉིས་ཤ་འདྲེས་སྤགས་འདྲེས་བྱས་འདུག་པས་སེམས་ཀྱི་ཚོར་དྲགས་ཀྱི་དབང་དུ་ཁོ་ན་བཏང་བ་ཡིན།

Related Articles