ཤུན་ལྤགས་དེ་དྲན་པ།

ནགས་ཤོད་ཅོང་བརྡ་ནས།

གངས་རི་གནམ་ལ་ཐུག་པའི་ཕར་ནང་ན། །
ཆུ་མོ་བདུད་རྩི་འབབ་པའི་མགོ་ཁུངས་ན། །
ཉི་མ་ཟླ་བ་འདྲ་བའི་ཤུན་ལྤགས་ཁྱེད། །
ཅང་མེད་འཁྱམ་པོས་དྲན་ཚུལ་བརྗོད་རྒྱུ་ཡིན། །

ལ་ལས་སེམས་ཅན་ཐམས་ཅད་མ་རེད་ཟེར། །
ང་ཡང་ཁྱེད་ཀྱི་ཨ་མ་བྱ་མྱོང་སྐད། །
དེ་ལྟར་བསམ་ན་ང་ཡང་ཆད་ལྷག་མེད། །
འོན་ཀྱང་དེ་ཚོ་བདག་གིས་ཉར་མ་མྱོང་། །

གནམ་འོག་འདི་ན་མ་ནི་གཅིག་ལས་མེད། །
ཉེ་ཚེ་མ་ལོའི་བཀའ་དྲིན་མ་རྟོགས་ཐལ། །
ས་མཐའ་ཉུལ་དུས་མ་ཁྱེད་ཡང་ཡང་དྲན། །
དྲན་པས་གདུང་བའི་རྩེ་མོ་སྙིང་དུ་ཟུག །

ཚེ་འདི་བུ་ཕྲུག་ཆེད་དུ་རྫོགས་ལ་ཉེ། །
མཚན་མོ་རྨི་ལམ་ལྟེབ་ནས་ངེད་ཅག་སྒོམ། །
ཉིན་མོ་བཟའ་ཞོར་ལས་ཞོར་ངེད་ཅག་གླེང་། །
ནམ་མཁའ་བཞིན་དུ་སྐྱེས་མའི་བཀའ་དྲིན་ཁྱབ། །

སྐྱ་རེངས་མ་གསལ་གོང་དུ་མལ་ནས་ལངས། །
ཁྱི་དང་ཕྱུགས་དང་བུ་སོགས་ཁྲིག་ཁྲིག་བཟོ། །
མཆོད་སྒྲོམ་ནང་གི་འདམ་སྐུ་རེག་རེག་བྱེད། །
ཁྱེད་ནི་ཕར་འགྲོ་དམག་གི་སྔོན་མ་ཡིན། །

དགོང་མོ་ལས་འཕྲོ་འགྲོ་ལྷག་མཐའ་རུ་སྐྱེལ། །
ཡོད་རྒུ་རྨི་ལམ་ཞིང་དུ་ཕྱིན་ཀྱང་རུང་། །
ད་དུང་རྩག་རྩིག་བྱ་བ་མཐའ་དག་རྒུམ། །
ཁྱེད་ནི་ཚུར་ཡོང་ཀུན་གྱི་རྗེས་མ་ཡིན། །

དགྲ་དང་ལྷགས་རླུང་ཁ་ཆར་བུ་ཡུག་དང་། །
འཇིགས་སྐྲག་སྲོག་ལ་ཐུག་ཀྱང་ཕྱིར་ནུད་མེད། །
རང་ལས་བུ་ལ་གཅེས་པའི་ཡུམ་ཆེན་ནི། །
གླིང་གི་དཔའ་ཐུལ་དག་གི་ཁྲབ་རྨོག་ཡིན། །

གྲང་དུས་བསྲོ་བའི་མེ་ནི་ཨ་མ་ཡིན། །
ཚ་དུས་གྲང་བའི་རླུང་ནི་ཨ་མ་ཡིན། །
བསྐྲེས་སྐུམ་མནར་དུས་ཨ་མ་བཟས་དང་འགྲོགས། །
དགོས་འདོད་ནོར་བུ་ཨ་མ་དྲིན་མོ་ཆེ། །

བཟས་གཙང་ཆུ་གཙང་གོས་གཙང་བུ་ལ་གཡོགས། །
སྐྱག་གཅིན་ཁ་སྣབ་འཇིབ་ཅིང་དགའ་དགའ་སྨྲ། །
བདེ་ས་ཡག་ས་སྐྱིད་ས་བུ་ཆུང་འཇོག །
སྐྱེས་མ་ཕལ་ཆེར་བྱང་ཆུབ་སེམས་པ་ཡིན །

ཚེ་སྲོག་ཤ་ཁྲག་རུས་ནི་མ་ཡིས་སྦྱིན། །
འགྲོ་འདུག་སྤྱོད་གསུམ་རེ་རེ་མཛུབ་ཁྲིད་བྱས། །
བུ་ཁྱོད་བདེ་ན་སྐྱིད་ན་དེའི་ཆོག་ཟེར། །
ས་འབུ་མི་རུ་བཞེངས་མཁན་ཨ་མ་རེད། །

མི་མཐོང་ལྷ་འདྲེར་མི་མཆོད་ཨ་མར་མཆོད། །
མགོ་བོ་འཇིམ་སྐུར་མི་དུད་ཨ་མར་དུད། །
གནམ་འོག་སྐྱབས་མགོན་ཡང་དག་མ་ལས་མེད། །
གནས་ལུགས་བརྩིས་ན་གཏམ་འདི་གོ་རྒྱུ་ཞིག །

ཨ་མའི་དཀའ་ངལ་བཀའ་དྲིན་རྫོགས་མཐའ་མེད། །
གནས་སྐབས་དེ་ཙམ་ཞིག་ལ་འདུ་བར་བྱོས། །
ཅོང་མིང་པ་ཡིས་མ་ལོ་དྲིན་མོ་ལ། །
ཇ་རྩམ་ཞིམ་པོ་ཞིག་གི་ཚབ་ཏུ་ཕུལ། །


༢༠༡༤/༡/༣/ལ།

Related Articles