ལམ་བཟང་པོས།
ཟླ་བ་ལྷ་མོའི་སྐྲ་ལོ་འཛིངས་བཞག།
ཤར་ལ་གནས་བཟོད་མ་བདེ་མིན་ནམ།།
བཞིན་གྱི་མདངས་དེ་དཀར་བར་མངོན་ཡང་།།
སྤྱན་ཆབ་མ་ཆད་དག་པ་མིན་ནམ།།
འདི་རུ་རེ་བའི་མཚོ་མོ་མི་འདུག།
ཁྱེད་རང་སྟོང་ལོག་ཡིན་ཐག་ཆོད་པ།།
མུན་པས་བཀབ་པའི་ས་གཞི་སུལ་མ།།
དཀར་ངོགས་མཐོང་འདོད་ཡོད་ས་མ་རེད།།
འབྲས་བུས་སྟོང་པའི་དགུན་ཤིང་སྐམ་པོ།།
ལ་སྒང་རེ་ལ་ཟིང་ཟིང་བྱས་ཡོད།།
གནས་ས་མེད་པའི་བྱིའུ་ཁྱུ་ཞིག།
ཉིན་མཚན་དབྱེར་མེད་ཅ་ཅོ་སྒྲོག་གིན།།
ཕག་ན་ཡིབ་པའི་བྱ་ཁྲ་ཧོར་པས།།
གོ་སྐབས་རེ་རེ་མིག་གིས་འཚོས་འདུག།
ལྗོན་པའི་ལོ་མ་གཡོ་སྟངས་བྱེད་དུས།།
མཆུ་དང་སྡེར་མོ་སྲིང་རྐྱང་རེད་འདུག།
ཉི་མ་སེར་པོས་གོ་ལ་སྐོར་བཞིན།།
འཛམ་གླིང་བརྩེ་བའི་བྱིན་རླབས་སྩོལ་དུས།།
སྲིན་བྱ་འུག་པའི་སྙིང་ཤ་འཕག་སྟེ།།
ཐན་སྐད་ངན་པས་གཉིད་ལམ་དཀྲོག་གིས།།
སྐྱ་ཀ་མ་ལ་ཕྲུ་གུ་མང་ཡོད།།
ཡར་ཡར་འཚར་ན་མ་མིག་འདྲུ་གདའ།།
གོ་སེར་མ་ལ་ཁྱི་གུ་སྐྱེས་ཡོད།།
དེ་ནི་རང་དགྲ་རང་གཤེད་ཡིན་པ།།
ཐང་དཀར་རྒོད་པོས་ནམ་འཕང་གཅོད་དུས།།
བྱ་གླག་ཁྲག་རླུང་སྟོད་ལ་འཚང་གདའ།།
བར་སྣང་སྟོང་པར་གཤོག་འགྱུར་བརྒྱབས་ཏེ།།
རྩལ་དྲུག་ཡ་ཡུད་ཡོད་མདོག་བྱེད་ཀྱིན།།
ཉམས་ལེན་མེད་པའི་ཨ་བོ་ནེ་ཙོ།།
མ་ཎི་ལད་ཟློས་ཉིན་མཚན་ཁྱད་མེད།།
ཐུག་ཙམ་བྱས་ན་སྣ་མགོ་གཉེར་བ།།
སྔོན་མའི་གཤིས་ཀའི་དེ་ག་རང་རེད།།
གྲོང་འདི་ཞི་བའི་མིང་འཐོབ་ཡོད་ཀྱང་།།
དགྲ་རྐུན་ཇག་པའི་གནས་ཚང་མང་རབས།།
སུ་དང་སུ་ལ་སྨྲ་བ་མི་ནུས།།
ཚེ་སྲོག་རྟ་རྔའི་རྒྱུ་བ་ཆད་པ།།
ད་ནི་ས་སྲོད་མུན་པའི་རུམ་ལ།།
ཁྱེད་རང་སྡོད་འདོད་ཡོད་ཀྱི་མ་རེད།།
དྲན་ན་ཚེར་མ་སྙིང་ཁར་ཟུག་པའི།།
ངས་ཀྱང་གཏམ་ངན་ཤོད་འདོད་མི་འདུག།