ལམ་བཟང་པོས།
བཞུད་ཁ་ལ་མོའི་ཉི་མ་དེར།།
གྲིབ་སོ་བཀུགས་ཏེ་རྒྱང་ལྟ་བྱས།།
གཙང་ཆུའི་གཞུང་ནས་རྒལ་སྟངས་ཀྱིས།།
ཞེན་ཆགས་ཕྱོགས་འདིར་མེད་པ་འདྲ།།
ངང་པ་ཆ་གཅིག་ཚང་དུ་འཕུར།།
གསེར་ཉ་ཟུང་འགའ་མལ་དུ་ལོག།
མུན་པ་འཇབ་པའི་མཚོ་ངོགས་སུ།།
ཁྱོད་རང་ད་དུང་སུ་ཞིག་སྒུག།
ལམ་ཁར་ཆོམ་པོ་མེད་ན་ཡང་།།
འཕྲིན་པ་ཉིན་རེར་སྟོང་ལོག་བྱེད།།
ལམ་གྱི་མཐའ་ན་འགྲེང་པའི་ཁྱོས།།
ད་དུང་སྣག་ཤོག་ཉོ་བར་བྱེད།།
མཚམས་རེར་འཆར་བའི་ཉིན་མོར་སྐར།།
ཉི་མ་ལས་ཀྱང་འོད་མདངས་ཆེ།།
དེ་དུས་དྲི་ཟའི་དབྱངས་སྙན་ཞིག།
རྣ་བར་གྲག་ཅིང་སེམས་ལ་འཁོར།།
ལྕགས་ཀྱུ་ཕོག་པའི་སྙིང་ཆུང་དེ།།
ད་ལྟ་ཅི་འདྲའི་རིད་པོ་ཞིག།
ད་དུང་ན་དང་ཟུག་ལྡང་ཚེ།།
ཤི་བ་མིན་ཡང་རྨས་མ་ཡིན།།