ལམ་བཟང་པོས།
ལང་ལོང་སྤྲིན་པ་འཕྱུར་བའི་ཉིན་མོ་དེར།།
ཤག་ཤག་ཆར་པ་འབབ་པའི་ཉིན་མོ་དེར།།
བསིལ་བསིལ་རླུང་བུ་ལྡང་བའི་ཉིན་མོ་དེར།།
ཁང་ཆུང་གྲུ་བཞིའི་ནང་ནས་མ་ཁྱོད་དྲན།།
ཉི་མ་སྤྲིན་གསེབ་ཡིབ་པའི་ཉིན་མོ་དེར།།
ཟླ་བ་ཁྲུས་ལ་བྱོན་པའི་ཉིན་མོ་དེར།།
སྐར་མ་ཁོག་འདར་ཞུགས་པའི་ཉིན་མོ་དེེར།།
ལྗོན་ལོ་སེར་པོའི་འོག་ནས་མ་ཁྱོད་དྲན།།
ཀྱག་ཀྱོག་ལམ་བུར་སྐྱོད་པའི་ཉིན་མོ་དེར།།
ཁེར་རྐྱང་གོམ་སྒྲ་ཉན་པའི་ཉིན་མོ་དེར།།
འཚོ་བའི་དཀའ་སྡུག་བགྲང་པའི་ཉིན་མོ་དེར།།
ས་མཐའི་གྲུ་ཁ་ཞིག་ནས་མ་ཁྱོད་དྲན།།
འདས་པའི་ལོ་རྒྱུས་ཀློག་པའི་ཉིན་མོ་དེར།།
ད་ལྟའི་གནས་བབ་གླེང་བའི་ཉིན་མོར་དེར།།
མ་འོངས་འཆར་སྣང་འབྲི་བའི་ཉིན་མོ་དེར།།
དཔེ་དེབ་ཆུང་ཆུང་ངོས་ནས་མ་ཁྱོད་དྲན།།
དྲན་གདུང་དབྱངས་རྟ་འཐེན་པའི་ཉིན་མོ་དེར།།
གྲིབ་སོ་རྒྱང་དུ་འགུགས་པའི་ཉིན་མོ་དེར།།
ཕ་ཡུལ་མིག་སྔར་སྣང་བའི་ཉིན་མོ་དེར།།
རྐང་ལམ་སྐྱ་བོའི་ཐོག་ནས་མ་ཁྱོད་དྲན།།
ཨ་མའི་གསུང་སྐད་མ་ཐོས་ཉིན་མོ་དེར།།
ཨ་མའི་འཛུམ་མདངས་མ་རིག་ཉིན་མོ་དེར།།
ཨ་མའི་ལག་ཟས་མ་རྙེད་ཉིན་མོ་དེར།།
ཨ་མའི་བྱམས་བརྩེ་སྒོམ་བཞིན་མ་ཁྱོད་དྲན།།
མིག་མཐའ་ཆུ་ཡིས་གང་བའི་ཉིན་མོ་དེར།།
མཁུར་བ་བརླན་གྱིས་བཤིས་པའི་ཉིན་མོ་དེར།།
དབུགས་སྣེ་གནམ་ལ་འདོགས་པའི་ཉིན་མོ་དེར།།
ལས་དབང་བཙན་པོར་འཁང་བཞིན་མ་ཁྱོད་དྲན།།