ཕྱིར་མིག་གི་ན་ཟུག

འབྲི་བྱ་གླག་ནས།

ཚ་བས་རབ་ཏུ་མནར་བའི་ལྷོ་མཐའ་ཞིག་ན།།
ཀ་གདུང་མེད་པའི་ཁང་ཆུང་གྲུ་བཞིའི་ནང་དུ།།
ཚ་གདུང་སེལ་ཕྱིར་ཉིན་གང་ནང་དུ་ཡིབས་ཀྱང་།། 
ལུས་ཕུང་གསེབ་ནས་རྔུལ་ཆུ་འཛེར་འཛེར་བཞུར་བྱུང་།།

མི་རིགས་སྣ་མང་འཛོམས་པའི་ས་མཐའ་ཞིག་ན།།
 གྲོགས་མེད་ཁེར་རྐྱང་གྲོང་མཐར་འཁྱམ་ཉུལ་བྱས་དུས།། 
གཞན་སྐད་མ་ཤེས་ཐབས་མེད་ལྐུག་བརྡ་བྱས་ཀྱང་།། 
གོ་བརྡ་མ་འཕྲོད་ཡིད་སུན་གྲངས་ཀྱི་མི་ལོན།།

ངུར་སྨིག་གྱོན་པའི་ནང་བསྟན་མཐོ་སློབ་ཞིག་ན།། 
ལུས་ཕུང་ཆོས་གྲལ་གནས་ཀྱང་སེམས་པ་ངེས་མེད།། 
རླུང་བུར་འཁྱུད་ནས་རྒྱ་གྲོང་ཉུལ་བཞིན་འདས་དུས།།
 ཕྱིར་ལྟས་ཤིག་གིས་བྲང་ཁར་ན་ཟུག་རེ་རེ།།

ལེ་ལོ་གཡེང་བས་ལུས་ཡིད་དམ་པོར་བཀྱིགས་དུས།། 
ཉིན་མཚན་འཁོར་མོར་འབྲལ་མེད་བརྙན་འཕྲིན་འགྲོགས་ཏེ།།
 རིན་ཟླ་བྲལ་བའི་རྩ་ཆེའི་དུས་ཚོད་འདི་ནི།། 
ཉིན་རེར་དོན་མེད་མིག་མདུན་ཤོར་འདི་སྐྱོ་བ།།

མདོར་ན་ཆུང་ནས་མཉམ་དུ་འགྲོགས་པའི་ལེ་ལོས།།
 ང་ཡི་དམིགས་འདུན་མཐའ་དག་འཁུམས་སུ་བཅུགས་ཤིང་།།
 རིག་གསར་མཇལ་བའི་ཀླད་རྩར་རྒོལ་བ་མཐོང་དུས།། 
གས་ཆག་ཕྱིན་པའི་སེམས་ཁོངས་འགྱོད་པས་གདུང་སོང་།། 

Related Articles