འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་ལ་དཔྱད་པ།

འབྲི་སྐལ་ལྡན།

དོན་བསྡུས། དཔལ་ལྡན་ས་སྐྱ་པའི་མངའ་ཐང་རྒྱ་སྐྱེད་བྱེད་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་འདི་ཉིད་ཀྱི་འདས་རྐྱེན་སྐོར་ལ་ལོ་རྒྱུས་ཀྱི་བཤད་སྟངས་ཁག་ལས་རང་བཞིན་གྱིས་གྲོངས་པ་དང་དུག་ཕུལ་རེད་ཅེས་པ་གཉིས་ལ་དབྱེ་ཞིབ་ཅུང་བྱས་ནས་རང་གི་མྱོང་ཚོར་ཙམ་བཀོད་ཡོད། 

བརྡ་ཆད་གཙོ་བོ།   བླ་དཔོན་འགལ་ཟླ།  འདས་རྐྱེན།

ཡིག་ཚགས་བསྐྱར་ཞིབ།  སྔོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་ཐད་ལ་དུས་དེབ་དང་དཔྱད་རྩོམ་གང་མང་བལྟས་ཀྱང་དོན་གནད་འདི་དང་གཅིག་མཚུངས་སུ་བྲིས་པ་ཞིག་མ་མཐོང་། དོན་གནད་འདི་དང་འབྲེལ་ཆགས་པའི་རྩོམ་ཡིག་གཉིས་ལག་སོན་བྱུང་བར་ཞིབ་ལྟ་བྱས་ཀྱང་འདས་རྐྱེན་སྐོར་ཞིབ་ཚགས་འཁོད་པ་མ་མཐོང་བ་མ་ཟད། དོགས་གཞི་ཁ་གསལ་དུ་སྟོན་པའི་གནད་ཀྱང་མ་རྙེད་པས་ཡིག་ཚགས་བསྐྱར་ཞིབ་ནི་སྟོང་མིན་ཙམ་བཀོད་པ་ལས་འབྲི་ཐབས་བྲལ།

 

དྲི་བ།  འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་ནི་རང་ནད་ཀྱིས་གྲོངས་པའམ་ཡང་ན་རྒྱུ་མཚན་གཞན་ལ་བརྟེན་ནས་གྲོངས་དཔྱད་པར་རིགས།

 སྔོན་གླེང་། བོད་ཀྱི་མེས་པོའི་ལོ་རྒྱུས་ལ་དོ་སྣང་ལྡན་པའི་ཤེས་ལྡན་པ་དག་གིས་ཆེས་ཆེར་དོ་ཁུར་བྱེད་བཞིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་དང་པོ་དང་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལགས་ཀྱི་སྐུ་མྱ་ངན་ལས་འདས་རྐྱེན་ཐད་ལ། ལོ་རྒྱུས་ནང་དུ་གཙོ་བོ་དོན་གནད་གཉིས་བཀོད་པ་ལ་དཔྱད་གང་ཐུབ་བྱས་པའི་རྩོམ་ཡིག་ཅིག་ཆགས་ཡོད། རང་གི་ལྟ་ཚུལ་གསལ་པོར་བཀོད་པ་དང་དཔྱད་ཡིག་ལ་ཁུངས་གཏུགས་གང་ཐུབ་བྱས་པ་མ་ཟད། འགྲེལ་བརྗོད་ཀྱི་ཐོག་ལ་རང་གིས་དབྱེ་ཞིབ་བྱེད་སྟངས་ཀྱི་རྣམ་པ་དག་ཀློག་པ་པོའི་མིག་མདུན་དུ་གསལ་ཐབས་ཐད་འབད་པ་གང་ནུས་བྱས་ཡོད།

རྩོམ་དངོས་ལ་འཇུག་པ།  ཁོང་གི་ཁྱིམ་རྒྱུད་དང་ཀུན་སྤྱོད།

སྤྱིར་མི་བུ་ཞིག་གི་ཁྱད་ཆོས་དང་འབྲེལ་བའི་དོན་གནད་གང་འདྲ་ཞིག་དབྱེ་ཞིབ་བྱས་ཀྱང་ཐོག་མར་མི་བུ་དེའི་རུས་ཁུངས་དང་བྱ་སྤྱོད་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་བ་ལྟར།  འདིར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་བཤད་པར་ཁོང་གི་སྐྱེ་རྒྱུད་དང་བྱ་སྤྱོད་ལ་ཅུང་བལྟ་དགོས་པར་གལ་ཆེན་དུ་སྣང་།  ཐོག་མར་འཕགས་པའི་”ཁྱིམ་རྒྱུད་ས་སྐྱ་འཁོན་ཀྱི་གདུང་རྒྱུད་”ངོས་འཛིན་ཙམ་བྱས་ན། ཐོག་མར་”འཁོན་”ཞེས་པའི་ཚིག་འདི་ངོས་འཛིན་གསལ་པོ་དགོས་པ་མ་ཟད། འདི་ཉིད་རུས་རྒྱུད་ཅིག་གི་མིང་དུ་ཆགས་པའི་དུས་མཚམས་ཀྱང་གསལ་དགོས་ན་ཡང་། གདུང་རྒྱུད་འདི་ཉིད་ནི་སྔོན་གྱི་ལོ་རྒྱུས་ཁག་ཏུ་ལྷ་སྒྲུང་དང་འབྲེལ་ནས་བཤད་པ་མང་ཡང་། ལོ་རྒྱུས་སྨྲ་བའི་བསམ་བློ་དང་འབྲེལ་བའི་འགྲེལ་བརྗོད་བྱེད་སྟངས་ཤིག་གཏན་ནས་མ་བྱུང་བར་སྣང། མཁས་པ་འགའ་ཤས་ནས་འཁོན་གྱི་རུས་རྒྱུད་འདི་ཉིད་བོད་མི་བུ་གདུང་དྲུག་གི་གྱལ་ལྡོང་གི་རུས་རྒྱུད་ཀྱི་ཆར་གཏོགས་སུ་ངོས་འཛིན་བྱས་འདུག  དེ་ཡང་འགྲོ་མགོན་ཆོས་འཕགས་ཀྱི་རྣམ་ཐར། རྒྱ་སོག་གི་ཡིག་རིགས་ལ་ཟུར་ལྟ་བྱས་ནས་ཁྲིན་ཆིན་དབྱིན་གྱིས་བརྩམས་ཏེ་སྐལ་བཟང་དར་རྒྱས་ཀྱིས་བོད་བསྒྱུར་བྱས་པ་<<ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།>>ཞེས་པའི་ཤོག་ངོས་ ༣ པར་མདོ་སྨད་ཆོས་འབྱུང་ལས་༼གནམ་ལྡོང་དཀར་པོ་ས་སྐྱ།༽ཞེས་པར་ཁུངས་སུ་བྱས་ནས་བཤད་པ་འདི་སྔོན་དུས་སུ་བོད་ཀྱི་ལོ་རྒྱུས་ཁག་ཏུ་འཁོན་གྱི་གདུང་རྒྱུད་ནི་ལྡོང་གི་རུས་རྒྱུད་ཁོངས་སུ་བགྲང་གི་ཡོད་པར་ངེས་ལ་དེ་ལྟར་ཡིན་ཡང་ཆོག་པ་ཞིག་རེད།  གོང་གི་ལྷ་སྒྲུང་དང་འབྲེལ་ནས་བཤད་པ་དག་ཀྱང་’འཁོན་’ཞེས་པའི་ཚིག་འདི་བྱུང་རྗེས་སུ་མི་བུ་དག་གིས་འདི་ལ་འདོད་ཕྱོགས་ཀྱི་འགྲེལ་བརྗོད་བྱས་པའི་རུས་རྒྱུད་འདིའི་མགོ་ཁུངས་སུ་ལྷ་སྲིན་གཉིས་བཤད་པ་ངོས་འཛིན་རགས་རམ་ཙམ་བྱ་འགོ་བརྩམས་ཡོད།  དེ་ཡང་རང་གི་གོང་ངམ་མཐོ་སྒང་དུ་གནས་པའི་མི་རིགས་ལ་ལྷ་ཞེས་བཏགས་ཆོག་སྟེ། ལྷ་ནི་གོང་མའི་དོན་དུ་འཇུག་པ་ཡོད་པར་དགེ་ཆོས་ཀྱིས་གསུངས་པ་བཞིན།  དཔེར་ན་’ལྷ་བཙན་པོ’ཞེས་རྗེ་ཞེས་པའི་ཚིག་དང་འདྲ་མཚུངས་སྦྱར་བ་ལ་བལྟས་ན་སྟོད་དམ་མཐོ་སྒང་དུ་གནས་པ་དག་ལ་གོང་དུ་ཡོད་པས་ལྷ་ཞེས་འབོད་པ་དང་།  བོད་མིའི་འབྱུང་ཁུངས་བཤད་སྐབས་སུ་ཤ་ཟ་ཞིང་བྲག་གསེབ་ཏུ་གནས་པའི་སྤྲ་རིགས་ལ་བྲག་སྲིན་མོ་ཞེས་བཏགས་པ་ལྟར།  འདིར་སྲིན་པོ་ཟེར་བ་ཡང་ཟས་སུ་ཤ་ཁྲག་ལ་རོལ་ཞིང་བྲག་གསེབ་ཏུ་གནས་པའི་མི་རིགས་ཤིག་ལ་སྲིན་པོ་ཞེས་བཏགས་པའི་སྲིན་པོ་དང་རི་སྒང་དུ་གནས་མི་རིགས་གཉིས་ཀྱི་བར་དུ་གཡུལ་འཁྲུག་ཆེན་པོ་བྱུང་བའི་ལོ་རྒྱུས་ཤིག་ཡིན་ངེས་ལ།  ལྷས་གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་ཞེས་པ་བསད་ནས།  ཆུང་མ་གཡའ་འབྲུག་སི་ལི་མ་ཞེས་པ་བཙན་གྱིས་འཕྲོག་སྟེ་ལྷའི་ཆུང་མར་བྱས་པས་ལྷ་སྲིན་གཉིས་མི་མཐུན་པར་ཤ་འཁོན་བྱུང་སྟེ་འཁྲུག་རྩོད་སྣ་ཚོགས་བྱེད་སྐབས། གཡའ་འབྲུག་སི་ལི་མ་ལ་སྲས་ཁྱད་དུ་འཕགས་པ་ཞིག་སྐྱེས་པ་དེས་ལྷ་སྲིན་སྡེ་པ་གཉིས་ཀྱི་བར་དུ་མཛའ་མཐུན་གྱི་མཛད་རྗེས་དམིགས་བསལ་བ་ཞིག་བཞག་པ་ན་སྐྱེས་བུ་དེའི་རིགས་རྒྱུད་ཡོད་ཚད་ལ་འཁོན་རིགས་ཞེས་ཁྱད་འཕགས་ཀྱི་མི་རྒྱུད་ཅིག་ཏུ་ངོས་འཛིན་བྱ་ཚུལ་དར་བ་ཞིག་ཡིན་པར་སྙམ།  མདོར་ན་འཁོན་གྱི་རིགས་རྒྱུད་ནི་ལྷ་དང་སྲིན་པོ་འཁོན་པ་ལས་བྱུང་ཞེས་པའི་བཤད་ཚུལ་འདི་ཉིད་དེ་སྐབས་མི་བུ་ཚོས་ངོས་འཛིན་བྱས་པའི་ལྷ་སྲིན་ཞེས་དངོས་མེད་ཅིག་ཏུ་ངོས་འཛིན་བྱས་པ་ལྟ་བུ་ལས་བྱུང་མི་སྲིད་ལ། འཇིག་རྟེན་མིའི་ལུས་ཀྱི་འབྱུང་གཞི་ལས་བརྒལ་བའི་སྲོག་ཆགས་གཅིག་ལས་བྱུང་བ་ཡང་བཤད་མེད་པར་རུས་རྒྱུད་འདི་ནི་འགོ་ཁུངས་བོད་མི་གཙང་མ་ཞིག་དང་གཅིག་མཚུངས་སུ་གྱུར་བ་དང་མི་རྒྱུད་འདིའི་ནང་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གོང་ཙམ་ནས་འགོ་བཙུགས་ཏེ།  འཇོན་ནུས་ཅན་གྱི་མི་བུ་འགའ་སླེབས་ཏེ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རུས་རྒྱུད་གཞན་ལས་ཁྱད་འཕགས་ཀྱི་འཛིན་ཚུལ་རིམ་བཞིན་དར་བ་ཞིག་ཡིན་པ་གོར་མ་ཆགས། རང་རེའི་ལོ་རྒྱུས་ཁྲོད་དུ་དུས་རབས་བརྒྱད་པ་ཙམ་ནས་སྙན་གྲགས་ཀྱི་མི་བུ་ཐོག་མར་མཐོང་བ་ནི། འཁོན་དཀོན་པ་སྟག་དང་། འཁོན་ཀླུ་དབང་པོ་བཅས་བྱུང་བར་བཤད། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྣམ་ཐར་<<ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།>>ཞེས་པ་འཁོན་དཀོན་པ་སྟག་ཅེས་པ་བྱུང་ནས་ཁོང་གིས་དཔལ་འབྱོར་གྱི་ནུས་པ་གཞན་ལས་མཐོ་བའི་རྒྱུ་མཚན་གྱིས་ཁོང་གི་མཚན་ལ་འཁོན་དཔལ་པོ་ཆེ་རུ་བཏགས་ནས་སྙན་པའི་གྲགས་པ་རྒྱས་པ་དང་། དེ་སྲས་གཉིས་ལས་ཆེ་བ་ནི་སད་མི་བདུན་གྱི་ནང་གསེས་འཁོན་ཀླུ་ཡི་དབང་པོ་ཞེས་པ་བྱུང་བ་དང་། དེ་ནི་ནང་ཆོས་བོད་བསྒྱུར་གྱི་ལོ་ཙཱ་བ་བྱས་པ་སོགས་མཛད་པ་ཆེ་ཙམ་བྱུང་བ་དང་། ལྷག་པར་སྲས་ཆུང་བ་འཁོན་རྡོ་རྗེ་རིན་པོ་ཆེར་གྲགས་ཤིང་ཁོང་རབ་ཏུ་མ་བྱུང་པར་སློབ་དཔོན་པདྨའི་ཞབས་ལ་གཏུགས་ནས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཞིང་སྦྱངས་པ་མཐར་སོང་ནས་ཕ་ཡུལ་དུ་འབྲོ་བཟའ་གཡང་ལོ་སྐྱིད་དང་གཉེན་བསྒྲིགས་ཏེ་ཕ་གཞིས་བཟུང་བ་དང་། སྔགས་ཀྱི་གྲུབ་པ་ཐོབ་ནས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་ཏེ།   ད་ལྟ་བར་དུ་འཁོན་གྱི་གདུང་རྒྱུད་ལ་སྔགས་པའི་རིགས་རྒྱུད་ཀྱི་རྒྱུད་པ་མ་ཉམས་པར་གནས་ཐུབ་པར་དངོས་སུམ་མིག་གི་སྤྱོད་ཡུལ་དུ་འགྱུར་བཞིན་ཡོད་པ་འདིས་རྒྱུ་རྐྱེན་མི་ཆུང་བ་བྱས་ཡོད། དེ་ནས་བོད་སིལ་བུའི་དུས་དཀྱིལ་ནས་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱར་དགོན་པ་ཕྱག་བཏབ་སྟེ་དཔལ་ས་སྐྱ་པའི་ཆོས་ཀྱི་བརྒྱུད་པ་དངོས་སུ་བྱུང་བ་མ་ཟད། ས་ཆེན་ཀུན་དགའ་སྙིང་པོ་དང་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་སོགས་སྔགས་རྒྱུན་མ་ཆད་པར་བྱུང་བ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་རབ་ཏུ་བྱུང་ནས་དགེ་སློང་གི་རྟེན་དུ་ཞུགས་ཏེ་མཁས་པའི་དབང་པོར་གྱུར་ཏེ་སོག་པོའི་དབུ་བླར་ཕེབས་ནས་བོད་སོག་གཉིས་མཆོད་ཡོན་འབྲེལ་ནས་བོད་ཁམས་གཅིག་གྱུར་གྱི་ནུས་པ་ཤུགས་ཆེན་བཏང་ནས་གངས་ཅན་བོད་ལ་ཆེས་བཀའ་དྲིན་ཅན་དུ་གྱུར་ཡོད།  དེའི་རྗེས་སོག་རྒྱལ་སེ་ཆེན་ཧན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་བཅས་རིམ་བཞིན་དབང་ཡོན་དུ་ཕུལ་བ་ནས་བོད་ཀྱི་བདག་དབང་ས་སྐྱ་པས་བཞེས་པར་བརྟེན་རུས་རྒྱུད་འདི་ཉིད་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་བཅས་ལས་བོད་ཀྱི་རུས་རྒྱུད་གཞན་ལས་ཆེས་ནུས་པ་ཆེ་བ་ཞིག་ཏུ་གྱུར་ཏེ། མི་དམངས་ཁྲོད་དུ་དད་མོས་དང་དགའ་ཞེན་ཆེས་ཆེར་རྒྱས་པའི་རུས་རྒྱུད་གྲགས་ཅན་འདི་ཉིད་དུ་གྲུབ་ཡོད།

གཞན་ཡང་ལོ་རྒྱུས་ལས་བྱུང་བའི་མི་བུ་ཞིག་གི་འདས་རྐྱེན་ལ་དཔྱོད་སྐབས་མི་དེའི་ཀུན་སྤྱོད་ལ་ཡང་དཔྱད་དགོས་པར་གལ་ཆེན་ཞིག་ཆགས་པ་ལྟར།  བོད་སོག་མཆོད་ཡོན་དུ་འབྲེལ་རྗེས་བོད་ཀྱི་སྲིད་དབང་ཐོག་མར་འཛིན་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་ཤེས་ཆེད་ཁོང་གི་ཀུན་སྤྱོད་ལ་ཅུང་ཙམ་དཔྱད་ན། ཁོང་གི་མི་གཞིའི་ཐད་སྔོན་གྱི་ལོ་རྒྱུས་ཁག་ཏུ་བཀོད་དོན་ནི། དཔེར་ན། ས་སྐྱའི་བླ་མ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་<<གདུང་རབས་ངོ་མཚར་བང་མཛོད་>>ལས་འགྲོ་མགོན་འཕགས་པ་དང་སེ་ཆེན་ཧན་བར་གཏམ་ཚིག་སྨྲ་བའི་སྐད་ཆ་སྐོར་གཅིག་བཀོད་པ་ལས་ཁོང་གི་གཤིས་ཀ་ཅུང་མངོན་ཡོད།  ”དེ་ལྟར་ན་བོད་ཀྱི་བནྡེ་འདིར་འོངས་ནས་བསྡད་པ་ལ་དགོས་པ་མི་འདུག་པས་རང་ཡུལ་ལ་འགྲོ་བར་ཞུ་ཞུས་པས།“ཞེས་པ་ལས་ཁོང་ལ་ངོ་དགའ་དང་སྤྲེལ་ལད། རྒྱབ་མདུན་དང་ངོས་ལྐོག་གི་གཤིས་ཀ་མེད་པར་གང་བསམ་ངག་ནས་བརྗོད་པའམ་བསམ་ཕོད་ལ་བཤད་ཕོད་པའི་ཐུགས་གཤིས་ཡོད་པར་གསལ་ཡོད།  ཡང་འཕགས་པར་གུ་ཡངས་དང་རང་དབང་གི་བསམ་བློ་ཡོད་པའི་རྣམ་པ་ཞིག་ཀྱང་གསལ་བ་ནི།  <<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>དང་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>བཅས་ལས་སོག་རྒྱལ་ཀྱིས་བོད་དུ་ཆོས་ལུགས་གཅིག་ལས་མེད་པར་བྱ་དགོས་པར་བཤད་ཀྱང་བླ་མས་མ་གསན་པར་མི་སོ་སོ་ལ་ཁམས་དང་མོས་པ་སོ་སོ་ཡོད་པའི་སོ་སོའི་མོས་པ་དང་མཐུན་པའི་ཆོས་དེ་དགོས་པ་གལ་ཆེ་བས་དད་པ་རང་དབང་དགོས་ཚུལ་གསུངས་པ་ལས་རྒྱལ་པོས་ཀྱང་དེ་ལྟར་བྱས་པར་གསལ་བ་ལ་བསམ་ན། ཁོང་གི་ཐུགས་གཤིས་ལ་སྤྱིའི་བདེ་སྐྱིད་ལ་གདེང་འཇོག་ཆེན་པོ་བྱེད་མཁན་ཞིག་དང་། གཞན་ལ་རང་དབང་སྤྲོད་དགོས་པའི་བསམ་པ་དང་ཐུགས་རྒྱ་ལྡན་པ་ཞིག་ཡོད་པ་གསལ་ཡོད།

ཡང་བཅོམ་ལྡན་རིག་རལ་གྱིས་ཚིགས་བཅད་ལམ་ནས་ཟུར་ཟ་བྱས་པར་ལན་གནང་བ་ལས་གསལ་བ་ལྟར་ན་འགྲེལ་བརྗོད་མི་དགོས་པར་ཁོང་གི་རང་གཤིས་ལ་ངོ་གསོ་བསྟོད་མཁན་དང་སྤྲེལ་ལད་བྱེད་པར་དགའ་ཞིང་། རང་ལ་ཟུར་ཟ་བྱེད་མཁན་དག་ལ་གདུག་རྩུབ་དང་རྩ་མེད་བྱ་ཐབས་ལ་འབད་པ་བྱེད་མཁན་ཞིག་མིན་པར་ཁོག་རྒྱ་ཡངས་ལ་ཐུགས་གཤིས་བཟང་བའི་རྣམ་པ་དངོས་སུ་གསལ་ཡོད། དེ་ཡང་<<གདུང་རབས་ངོ་མཚར་བང་མཛོད།>>ལས་  “བཅོམ་ལྡན་རིག་གྲིས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབས། །སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། །སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། །འདི་གསུམ་མ་གཏོགས་འཕགས་པ་མིན་པར་གོ” །ཞེས་མི་འདོད་པའི་ཚིག་གིས་ཟུར་མདའ་འཕངས་པར་འཕགས་པས་གསན་ཏེ། ཚིག་ལན་དུ་འདི་འདྲ་ཞིག་བྲིས་པར་བཤད། “བསྟན་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། །སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག  །གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། །འདི་གསུམ་མ་གཏོགས་མཁས་པ་མིན་པར་གོ”  །ཞེས་ཚིག་འདི་དག་ལས་རིག་རལ་ལ་སྡང་ཟུག་གི་རྣམ་པ་ཞིག་མ་གསལ་བ་ལ་བལྟས་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་ཐུགས་གཤིས་བཟང་ལ་ཁོག་རྒྱ་ཡངས་པ་ཞིག་གསལ་བཤད་བྱས་པ་མ་ཟད། རིག་རལ་ལ་མ་འདོད་པའི་སྐྱོན་ཕབ་པའི་ལོ་རྒྱུས་ཀྱང་མི་གསལ་བ་འདིས་བླ་མའི་ཐུགས་གཤིས་བཟང་ལ་འཇམ་པ་ཤུགས་རྟོགས་ཐུབ་པ་ཞིག་རེད།

འདས་རྐྱེན།

ཁོང་གི་འདས་རྐྱེན་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་སྲིད་ན་ཡང་། སྔོན་གྱི་ལོ་རྒྱུས་ཁག་ཏུ་བཀོད་པ་ལྟར་ན་ཕྱོགས་གཉིས་སུ་སྣང་སྟེ། ཁོང་རང་ནད་ཀྱིས་གྲོངས་པ་དང་བླ་དཔོན་ནང་དམེ་བར་ནས་འདས་རྐྱེན་བྱུང་པར་བཤད་པ་གཉིས་གཙོ་བོ་ཆགས་ཡོད།  

དང་པོ།   འགྲོ་མགོན་ཆོས་རྒྱ་འཕགས་པ་ལགས་ཀྱི་སྐུ་ཚེ་ཧྲིལ་པོར་ས་སྐྱའི་ཆོས་བརྒྱུད་དང་བོད་མི་རིགས་ཀྱི་ཆེད་དུ་ངལ་བ་བྱས་པ་མ་ཚད།  སྐུ་ཚེའི་ཕྱེད་ཙམ་རིང་འགྲུལ་བཞུད་བྱས་ནས་སོག་པོ་དང་རྒྱ་ནག་བཅས་སུ་ཡང་ཡང་ཕེབས་ཏེ་གཞན་ཡུལ་གྱི་འཚོ་བ་ཁོ་ནས་འདས་ཤིང་རང་ལ་ཆུང་དུས་ནས་གོམས་པའི་ལྟོ་ཆས་དང་འཕྲོད་བསྟེན་གང་ཡང་མ་བྱུང་བ་མ་ཟད།  ས་ཆུ་མ་འཕྲོད་པ་སོགས་ལས་ལོ་ན་ཆུང་དུས་ནས་འདས་པའི་རྒྱུ་རྐྱེན་འཕར་མ་ཞིག་འབྱུང་སྲིད། གང་ལགས་ཤེ་ན། སོ་སོ་ལ་འཕྲོད་པའི་ཟས་དང་བཏུང་རིགས་ལ་མ་ཕྲད་པར་རང་གི་གནས་བབ་དང་མི་མཐུན་པ་ཡང་ཡང་འགྱུར་བས་ཚེ་སྲོག་འཕྲོག་པའི་རྐྱེན་ངན་མང་པོ་འབྱུང་བཞིན་ཡོད་པ་བཙན་བྱོལ་བོད་མི་མང་པོ་འཆི་རྐྱེན་ལས་ཤེས་ཐུབ། ཡང་སོག་པོས་བོད་ལ་དབང་བྱས་པ་དང་བླ་དཔོན་ནང་ཁུལ་མི་མཐུན་པ་བྱུང་བ་སོགས་སེམས་ཀྱི་ངལ་བ་དང་དགུང་ལོ་བཅུ་ནས་མི་ཚེ་རྟ་ཐོག་ཏུ་འགྲོལ་བཞུད་བྱས་པས་སྐུ་ལ་ངལ་གསོ་མེད་པ་བཅས་ལས་འདས་རྐྱེན་འབྱུང་སྲིད་པ་ཞིག་ཀྱང་རེད་ལ་འདི་དག་ལོ་རྒྱུས་སུ་བགྲངས་པ་ཙམ་ལས་འདི་དག་གིས་སྐུ་ཚེའི་འཕྲོད་བསྟེན་ལ་སྐྱོན་ཆ་གང་བྱས་མིན་སྐོར་དཔྱད་པ་བྱེད་པའི་རྒྱུ་ཆ་ཉུང་བས་འབྲི་ཐབས་བྲལ། 

གཉིས་པ།  ལོ་རྒྱུས་མང་པོར་དུག་གིས་བསད་པ་རེད་ཅེས་བཤད།  དེ་ཡང་༸གོང་ས་ལྔ་པ་ཆེན་པོས་གཙོས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཉེ་གནས་ཤིག་གིས་བླ་དཔོན་གཉིས་མི་མཐུན་པའི་བསམ་ངན་བྱས་ཏེ་ཕྲ་མ་བཅུག་པ་ལས་སོག་དམག་བོད་དུ་ཡོང་བ་དང་། རང་ཉིད་ཀྱི་རྫུན་རྐུབ་བརྡོལ་ལ་ཉེ་སྐབས་བླ་མ་ལ་དུག་ཕུལ་བ་དང་། རང་ཉིད་ཀྱང་དུག་བཏུངས་ནས་ཤི་བ།  དཔོན་ཆེན་ཡང་སོག་པོའི་ལག་འོག་ཏུ་ཤོར་རབས་བཅས་བཀོད་དེ་སྒྲུང་ལྟ་བུའི་རྣམ་པ་ཞིག་བྲིས་འདུག་ཀྱང་དེ་ལྟར་མིན་པར་འདས་རྐྱེན་གྱི་གནས་བབས་གཞན་ཞིག་ཀྱང་རྙེད་རྒྱུ་ཡོད་སྲིད།  ནང་གཉེར་ཞིག་གིས་བྱས་པ་ལ་བརྟེན་ནས་ས་སྐྱའི་བླ་དཔོན་ཚོའི་འདས་རྐྱེན་དང་ནང་འཁྲུག་བྱུང་བར་བཤད་པ་དེ་ནང་གཉེར་ནག་ཉེས་ཙམ་མིན་པར་ལོ་རྒྱུས་ཀྱི་གནས་བབ་དངོས་ཤིག་ཀྱང་མཚོན་སྲིད་པར་སྙམ། དེ་ཡང་ས་སྐྱའི་སྐབས་ཀྱི་ལོ་རྒྱུས་ཆ་ཚང་ཤོས་སུ་གྲགས་པའི་<<རྒྱ་བོད་ཡིག་ཚང་ཆེན་མོ།>>འདི་ཉིད་ཕྱི་ལོ་ ༡༤༣༤ ལོར་ས་སྐྱ་བ་དཔལ་འབྱོར་བཟང་པོས་མཛད་པའི་ལོ་རྒྱུས་ནང་འགྲོ་མགོན་འཕགས་པ་དང་ཀུན་དགའ་བཟང་པོ་གཉིས་ཀྱི་བར་དུ་མི་མཐུན་པའི་འགལ་གཞི་ཡོད་པའི་ཐད་གནད་དོན་འདི་འདྲ་ཞིག་བཀོད་ཡོད། “ཀུན་དགའ་བཟང་པོ་ལ། བླ་མ་མ་མཉེས་ནས།” ཞེས་བྱུང་བའི་རྒྱུ་མཚན་ལ་གཞི་བྱས་ནས་ཁོང་གི་འདས་རྐྱེན་ལ་དཔྱད་པ་ཅུང་ཙམ་བྱས་ན། ཚིག་འདིས་ཉེ་གནས་ཀྱིས་ཕྲ་མ་མ་བཅུག་ཀྱང་བླ་དཔོན་གཉིས་ཀྱི་བར་དུ་འགལ་གཞི་ཡོད་པ་གསལ་པོ་ཤེས་ཐུབ།  ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་དགེ་ལུགས་ཀྱི་བསྟན་པའི་ཁུར་འཛིན་པ་ས་དགེ་རྙིང་གསུམ་ལ་དད་མོས་ཐུན་མོང་དུ་བྱེད་མཁན་མཁས་པའི་དབང་པོ་༸རྒྱལ་དབང་ལྔ་པ་ཆེན་པོས་བརྩམས་པའི་བོད་ཀྱི་ལོ་རྒྱུས་<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>ལས་སྒྲུང་གི་རྣམ་པ་ཞིག་གིས་འགོ་བཙུགས་ཏེ་འགྲོ་མགོན་འཕགས་པ་དང་ཀུན་དགའ་བཟང་པོ་གཉིས་བར་འགལ་ཟླ་བཟོ་མཁན་ནི་འཕགས་པའི་ནང་གཉེར་ཡིན་པ་དང་། ནང་གཉེར་གྱིས་ཀུན་དགའ་བཟང་པོ་ལ་མི་དགའ་བ་མ་ཟད། སོག་པོས་ཁོ་རང་ལ་ས་སྐྱའི་དབང་འཛིན་པར་འཇོག་པའི་རེ་ངན་བྱས་ནས་སོག་པོ་ཡོན་གོང་མ་ལ་ལྐོག་འབྲེལ་ཡིག་ཟམ་བཙུགས་ནས་ཀུན་དགའ་བཟང་པོ་མེད་པར་བཟོ་དགོས་པའི་རེ་སྐུལ་བྱས་པ་ལྟར་སོག་དམག་བོད་དུ་ཡོང་ཚུལ་བཀོད་ན་ཡང་བླ་མ་དང་ནང་གཉེར་གཉིས་ཀྱིས་སོག་པོར་འབྲེལ་བ་བྱས་པ་ཡིན་ངེས་པར་སྙམ།  རྒྱུ་མཚན་ནི།  དུས་སྐབས་དེར་གཞན་ལས་ལྷག་པའི་ནུས་ལྡན་གྱི་ནང་གཉེར་ཞིག་ཡོད་རབས་ལོ་རྒྱུས་ཀྱི་གནད་དོན་གཞན་གང་དུ་མ་གསལ་བ་ལ་བལྟས་ན་བླ་མས་བྱས་པ་ཡིན་སྲིད་སྙམ།  ཡིན་ཡང་དོན་གནད་འདིའི་ཐད་ལ་བསྡུས་ཤིང་ཁ་མི་གསལ་བའི་ཚུལ་དུ་བཀོད་འདུག་པས་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་མིན་ནི་ད་དུང་དཔྱད་རྒྱུ་མང་ཡོད།

ཡང་<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>ལས། “འགའ་ཞིག་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས་ལྐོག་ཏུ་བཀྲོངས་ཀྱང་ཟེར།”ཞེས་བཀོད་ཡོད།  འདི་ལ་བསམ་དགོས་པ་ཞིག་ཀྱང་སྣང་སྟེ། ས་སྐྱའི་ཉེ་གནས་ལ་དཔོན་ཆེན་གྱི་གོ་གནས་འབུལ་བའི་ལམ་ལུགས་སྔོན་དུ་བྱུང་ཟིན་པ་ལྟར་སོ་སོས་ས་སྐྱའི་ཁེ་དབང་ཐོབ་འདོད་ཀྱི་བླ་དཔོན་གཉིས་ཀྱི་བར་དུ་འཁྲུག་རྐྱེན་བླངས་པ་ཡང་བྱུང་སྲིད།  ཡང་འདས་ལོའི་ཐད་ལ་བསམ་ན། སྟག་ལ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར་གནང་བའི<<རྒྱའི་ཡིག་ཚང་དུ་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་>>ཞེས་པ་ལས་འགྲོ་མགོན་ཆོས་འཕགས་འདས་ལོ་ནི་ཕྱི་ལོ་ ༡༢༧༩ ལོར་འདོད་པ་ཙམ་ལས་ལོ་ཚོད་ཆ་ནས་ཡང་མི་མཐུན་པ་བྱུང་མེད་པར་སྙམ། གཞན་ལོ་རྒྱུས་ཕལ་ཆེ་བར་ཁོང་འདས་ལོ་ནི་ ༡༢༨༠ ལོར་ཡིན་པར་བཤད་ཀྱང་འདི་གཉིས་ལོ་ཁམས་བརྩི་ཚུལ་ཙམ་ལས་དོན་ལ་ཁྱད་པར་མ་བྱུང་པར་ ༡༢༨༠ ལོ་གཅིག་མཚུངས་སུ་འཇོག་ཆོག་པར་སྣང་། མདོར་ན་ཀུན་དགའ་བཟང་པོ་དང་འགྲོ་མགོན་ཆོས་འཕགས་གཉིས་ཀྱི་བར་དུ་འགལ་བ་རྣོ་ངར་ཅན་ཞིག་བྱུང་བ་དང་། དེ་ཡང་རྒྱབ་རྩ་ཆེ་ཆུང་ལས་དཔོན་ཆེན་ཕམ་ཉེས་སུ་གྱུར་པ་དང་བླ་དཔོན་ནང་དམེའི་ཁྲོད་དུ་དུག་ཕུལ་ཏེ་བཀྲོངས་པའི་གནད་དོན་མངོན་གསལ་ཅན་ཞིག་མཐོང་སྲིད།

ཡང་༸གོང་ས་ལྔ་པས་པདྨ་བཀའ་ཐང་ཁུངས་སུ་བྱས་ནས་འགྲོ་མགོན་འཕགས་པ་འདས་རྐྱེན་ཐད་<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>སུ་འདི་འདྲ་ཞིག་བཀོད་ཡོད། “དུས་དེར་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ་བླ་མའི་ཐུགས་དང་འགལ་བ་འགའ་བྱས་ཞེས་ཉེ་གནས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་ཞུས་པས། ཧོར་དམག་གིས་བྱ་རོག་རྫོང་ཕབ། དཔོན་ཆེན་བསད།” ཞེས་གཙང་ཆུ་མིག་རིང་མོའི་ཆོས་འཁོར་སྐབས་སུ་དཔོན་ཆེན་ཀུན་དགའ་བཟང་པོ་བླ་མའི་ཐུགས་ལ་འགལ་བ་བཟོས་པར་ཉེ་གནས་ཀྱིས་ཕྲ་མ་བཅུག་ནས་བཤད་པར་གསུངས་པ་ལས་དོན་གནད་ཆུང་ངུ་ཞིག་མཐོང་ཐུབ་ཡོད། ལོ་རྒྱུས་འདི་ཁུངས་འདྲེན་བྱས་པའི་གུ་རུ་ཨོ་རྒྱན་གླིང་པས་བྲིས་པའི་<<པདྨ་བཀའ་ཐང་>>ཞེས་པ་འདི་ནི་དུས་རབས་བཅུ་བཞིའི་དཀྱིལ་ཙམ་དུ་བྱུང་བར་སྙམ་སྟེ། <<ལྷ་འདྲེ་བཀའ་ཐང་>>ཞེས་པའི་དེབ་འདི་ཉིད་ཀྱི་གཏེར་སྟོན་པ་གུ་རུ་ཨོ་རྒྱན་གླིང་པ་ཡིན་ལ། ཁོང་ནི་དུས་རབས་བཅུ་བཞིའི་ནང་དུ་བྱུང་ཡོད་པ་ལྷ་འདྲེ་བཀའ་ཐང་སྔོན་གླེང་ལས་འདི་འདྲ་ཞིག་གསལ་ཡོད། “མེ་ཕག་སྟག་ཟླའི་ཚེས་བཅོ་ལྔའི་ནུབ་མོ་གཏེར་ནས་བཏོན་”ཞེས་གཏེར་ནས་བཏོན་པའི་ལོ་ནི་ཕྱི་ལོ་ ༡༣༤༧ མེ་ཕག་ལོ་ཡིན་པར་གསལ་ལ།  དེབ་འདི་གཉིས་ཀའི་གཏེར་སྟོན་པ་ནི་གུ་རུ་ཨོ་རྒྱན་འདི་ཉིད་ཡིན་པར་མཚན་བྱང་དུ་བཀོད་ཡོད།  ཁོང་ནི་རྙིང་མའི་ཆོས་ལ་དད་ཅིང་གཏེར་གྱི་ཁ་བྱང་ལས་ལོ་རྒྱུས་མང་པོ་འབྲི་རྩོམ་བྱེད་མཁན་ཞིག་ཡིན་ལ། དེས་གཏེར་ནས་བཏོན་པའི་ལོ་རྒྱུས་པདྨ་བཀའ་ཐང་ནང་དུ་ས་སྐྱའི་སྲིད་དབང་འཛིན་སྐབས་ཀྱི་གནས་ཚུལ་མི་ཉུང་བ་བཀོད་ཡོད།  དེ་དག་འགའ་ཞིག་དཔྱད་གཞིའི་ཚུལ་དུ་དྲངས་ན། “ཧོར་དང་ཡོན་མཆོག་ཁྲིམས་གསར་སྦྲེལ་པ་འོངཿ  ནང་གནག་ཕྱི་དཀར་དུང་དཀར་སྙེ་མ་བཞིནཿ  བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུསཿ ”  ཞེས་ས་སྐྱའི་སྐབས་ཀྱི་དཔོན་རིགས་ཚོས་བྱེད་ཕྱོགས་ལ་ཁོང་གིས་ཡིད་མ་རང་པའི་རྣམ་པ་ཞིག་བྲིས་ཏེ་བླ་མའི་ཕྱོགས་གཏོགས་ལ་ནང་གནག་ཕྱི་དཀར་ཞེས་ཚིག་ངན་པ་ཞིག་བཀོད་པ་ཡིན་སྲིད་པར་སྙམ། དེ་ཡང་དོན་གཉིས་ལ་བསམ་ཆོག་པ་སྟེ།  ནང་གནག་ཞེས་པ་བོད་མི་རིགས་ལ་གནག་པ་དང་ཕྱི་དཀར་ཞེས་པ་ཕྱི་མི་སོག་པོ་ལ་ཞེ་དཀར་པ་ལ་གོ་ཆོག་པ་དང་།

ཡང་ན། ནང་གནག་ནི་ས་སྐྱའི་དཔོན་ཆེན་ནང་ཁུལ་ལ་ཤིན་ཏུ་གནག་པ་དང་དེ་ལས་གཞན་པའི་བོད་མི་དང་སོག་པོ་ལ་བློ་སེམས་དཀར་བའི་དོན་དུ་བརྗོད་པར་སྣང་བས་འདིར་ཕྱི་མ་དེར་ངོས་འཛིན་བྱས་ན་ལོ་རྒྱུས་དང་ཉེ་བར་འདུག་སྟེ།  དེ་དགོངས་པ་ཡང་དེབ་འདིའི་ནང་ས་སྐྱ་དང་འབྲེལ་བའི་ལུང་ཚིག་ཕྱི་མ་དག་ལས་ཕལ་ཆེར་ས་སྐྱ་ནང་ཁུལ་ཀྱི་རྙོག་གླེང་སྐོར་གྱི་གནས་ཚུལ་ནང་ནས་དཔོན་ཆེན་ཀུན་དགའ་བཟང་པོ་ཕམ་ཉེས་སུ་གྱུར་པའི་གནས་ཚུལ་གཙོར་བཟུང་གིས་བཀོད་འདུག་པར་གཞིགས་ན་འདི་ཡང་ས་སྐྱ་ནང་ཁུལ་འགྲོ་མགོན་ཆོས་འཕགས་དང་དཔོན་ཆེན་གཉིས་ཀྱི་མི་མཐུན་པའི་གནས་ཚུལ་ཡིན་པར་ངོས་འཛིན་བྱས་ཆོག་པར་སྣང་། འགལ་ཟླ་འདི་ཡང་གདུང་རབས་དང་རྒྱ་བོད་ཡིག་ཚང་གཉིས་ནས་ཁོང་གཉིས་ཀྱི་འགལ་བ་ཞིག་ཡོད་རབས་ཙམ་བཤད་པ་ལས་འགལ་ཟླའི་རྒྱུ་རྐྱེན་དང་འབྱུང་འཕེལ་གང་ཡང་སྟོན་མེད་ལ། ཉེ་གནས་ཀྱིས་དུག་གིས་བླ་མ་བཀྲོངས་པའི་ལོ་རྒྱུས་མི་གསལ་བ་སོགས་ལ་བསམ་ན། འགལ་ཟླ་འདི་ཉིད་བླ་དཔོན་གཉིས་ཀྱི་འགལ་ཟླ་ལས་ཉེ་གནས་དང་དཔོན་ཆེན་བར་གྱི་འགལ་ཟླ་མིན་པ་ཟུར་བལྟས་ལེབ་མཐོང་ཞིག་ཏུ་གྱུར་བ་མ་ཟད།   གདུང་རབས་དང་རྒྱ་བོད་ཡིག་ཚང་གཉིས་ལས་དཔོན་ཆེན་གྱིས་བླ་མའི་ཐུགས་ལ་འགལ་བ་བཟོས་ཞེས་དཔོན་ཆེན་དང་བླ་མའི་བར་གྱི་འགལ་ཟླ་བྱུང་བར་བཤད་པ་དག་ལས་དངོས་བྱུང་གི་ལོ་རྒྱུས་བབ་དང་མཐུན་པར་བྱུང་ཡོད། ཡིན་ན་ཡང་། ༸གོང་ས་ལྔ་པས་གཙང་ཆུ་མིག་རིང་མོའི་ཆོས་འཁོར་སྐབས་སུ་འགྲོ་མགོན་འཕགས་པ་དང་ཀུན་དགའ་བཟང་པོ་གཉིས་ཀྱི་བར་དུ་འགལ་ཟླ་བྱུང་ཚུལ་བཤད་པ་ལྟར་ན་ཆོས་འཁོར་གོ་སྒྲིག་བྱེད་སྟངས་མ་འགྲིགས་པ་ལྟ་བུར་བཤད་ཀྱང་དོགས་གཞི་མི་འདྲ་བ་གཉིས་ངང་གིས་སྐྱེས།  གཅིག་དཔོན་ཆེན་ཀུན་བཟང་ནི་མི་འཇོན་ནུས་ཆེ་ལ་འགྲོ་མགོན་ཕྱག་ན་པདྨོ་དང་ཀུན་དགའ་བཟང་པོ་བར་དབང་ཆའི་ཆེད་དུ་འཐབ་རྩོད་ཡིན་སྲིད་པ་དང་། འགྲོ་མགོན་འཕགས་པས་འགྲོ་མགོན་ཕྱག་ན་པདྨོར་རྒྱབ་སྐྱོར་བྱས་པའི་དབང་གིས་བླ་དཔོན་གཉིས་ཀྱི་བར་དུ་འགལ་ཟླ་རྣོ་ངར་ཅན་ཞིག་བྱུང་སྲིད།

དེ་ཡང་<< ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།>>ཞེས་པ་ལས་ཀུན་དགའ་བཟང་པོ་བསད་ནས་བྱ་རོག་རྫོང་ཕབ་རྗེས་སུ་དྷར་མ་པ་ལའི་སྲིད་དབང་བརྟན་པོར་གྱུར་ཚུལ་ཐད། “སོག་དམག་གིས་དྷརརྨཱ་པ་ལའི་གོས་གནས་བརྟན་བརླིང་དུ་གཏོང་བར་འབྲེལ་བ་ཡོད་པ་དེ་ཉིད་གསལ་བཤད་བྱས་པ་རེད།”  ཅེས་དོན་འདི་འདྲ་ཞིག་གསལ་བ་འདི་ཉིད་ལོ་རྒྱུས་ཀྱི་གནས་བབ་དང་མཐུན་པར་འདི་དག་འགལ་ཟླའི་གནས་བབ་དངོས་དེ་དྷར་མཱ་པ་ལ་དང་ཀུན་བཟང་གཉིས་ཀྱི་སྲིད་དབང་འཕྲོག་ལེན་གྱི་གནས་ཚུལ་ཞིག་ཡོད་པ་གསལ་ཡོད། དེ་དང་ཕྱོགས་མཚུངས་སུ་<<རྒྱ་བོད་ཡིག་ཚང་ཆེ་མོ་>>ལས་གསལ་བ་ལྟར་ན། “ཀུན་དགའ་བཟང་པོས་ལས་ཁ་གཏད་ནས། བྱ་རོག་ཚང་དུ་ལོ་དྲུག་བསྡད་པའི་བར་ལ་དཔོན་ཆེན་ཞང་བཙུན་དང་། ཕྱུང་པོ་སྒང་འཁར་བ། བྱང་རིན་གསུམ་པོ། བླ་མའི་ཞལ་བལྟས་རིམ་གྱིས་བསྐོས།  ཀུན་དགའ་བཟང་པོ་ལ། བླ་མ་མ་མཉེས་ནས། སེ་ཆེན་གྱི་ལུང་གིས།  སང་གྷ་ཆེང་སང་གིས་འགོ་བྱས། རྩ་བའི་ཧོར་དམག་འབུམ་ཕྲག་གཅིག་བཏང་ནས།  དམག་ལམ།  སྟག་ཚང་ལུང་པ་ལ་ཞུགས། བྱ་རོག་རྫོང་ལ་སྐོར་རྒྱག་བྱས་ནས།  ལྕགས་ཕོ་འབྲུག་ལོ་ལ་དཔོན་ཆེན་ཁྲིམས་ལ་བསྒྲལ། དེ་ནས་ཡུན་མི་རིང་པར། བླ་མ་འཕགས་པ་ཡང་ཞི་བར་གཤེགས་པས། གོང་དུ་ཞུ་བ་ལ། ཉེ་གནས་གཞོན་དབང་བཏང་། སེ་ཆེན་གྱི་ལུང་གིས། བྱང་རིན་ལ། དཔོན་ཆེན་བསྐོས།” ཞེས་དོན་གནད་འདིའི་ཐད་ཀྱི་གནད་ལ་བབ་པའི་དོན་གསུམ་གསལ་བར་བཀོད་པ་འདིས་བླ་དཔོན་གཉིས་ཀྱི་འགལ་བའི་གནས་བབ་ཆེས་ཆེར་གསལ་ཡོད། དང་པོ། དཔོན་ཆེན་ཀུན་དགའ་བཟང་པོ་ནི་ཕྱི་ལོ་ ༡༢༧༤ ལོར་དཔོན་ཆེན་གྱི་གོ་གནས་ཕབ་ཟིན་ན་ཡང་། རྗེས་སུ་བྱ་རོག་རྫོང་དུ་ཞུགས་ཏེ་ས་སྐྱའི་སྲིད་དབང་ལ་ཐེ་བྱུས་རིམ་གྱིས་བྱས་པ་ལ་བརྟེན་བླ་མའི་ཐུགས་ལ་མ་བབས་པར་བླ་དཔོན་གཉིས་ཀྱི་འགལ་ཟླ་བྱུང་བའི་ཕྱོགས་གཅིག་གསལ་བ་དང་།

གཉིས་པ།  འགྲོ་མགོན་འཕགས་པས་ཀུན་དགའ་བཟང་པོའི་བྱེད་ཕྱོགས་ལ་ངོ་ཡ་མ་བྱུང་པར་སོག་རྒྱལ་ལ་རོགས་ཞུ་བྱས་པར་སྣང་སྟེ། དེ་སྐོར་གནས་ཚུལ་ཡོད་ཚད་སེ་ཆེན་རྒྱལ་པོར་ཞུས་པའི་ཞིབ་དཔྱོད་དུ་སང་གྷ་ཆིང་སང་གིས་དམག་འབུམ་ཕྲག་གཅིག་ཙམ་ཁྲིད་ནས་བོད་དུ་ཡོང་པར་གསལ་བ་འདིས་ཤེས་ཐུབ།

གསུམ་པ། དཔོན་ཆེན་ཀུན་དགའ་བཟང་པོ་སང་གྷས་བསད་རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡང་འདས་པར་བཤད་པ་འདིས་གནད་དོན་ཞིག་གསལ་བ་ནི་སྔོན་གྱི་ལོ་རྒྱུས་སྨྲ་བ་༸གོང་ས་ལྔ་པ་ཆེན་པོའི་གསུང་ནང་སྙིང་ཞིག་བསྟན་ཡོད། ཡིན་ཡང་། སྔོན་བྱུང་ལོ་རྒྱུས་ཁག་ཏུ་བཤད་པ་ལྟར་མིན་པར་དོན་གཞན་དུ་གྱུར་ཡོད།  སྔོན་དུ་བཤད་པ་དག་ལས་བླ་དཔོན་གཉིས་འགལ་ཟླ་མེད་པ་ལྟར་བྱས་ནས་ཉེ་གནས་ཀྱིས་བྱ་ངན་ལས་དཔོན་ཆེན་བསད་པ་དང་བླ་མ་བཀྲོངས་པ་བཅས་ཐ་ན་རང་ཉིད་ཀྱང་དུག་གིས་ཤི་བར་བཤད་པ་ནི་བརྟག་དགོས་པ་ཞིག་ཏུ་གྱུར་འདུག  ཡིན་ཡང་། འགྲོ་མགོན་ཆོས་འཕགས་ཟས་དུག་ཕུལ་ཏེ་བཀྲོངས་པ་སྔོན་གྱི་ལོ་རྒྱུས་དག་ལས་ཀྱང་ཁ་གསལ་གྱི་ཚིག་འདི་དག་ལས་ར་སྤྲོད་བྱས་ཡོད། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་<<གདུང་རབས་ངོ་མཚར་བང་མཛོད་>>ལས་ “བདག་ཉིད་ཆེན་པོ་འདི་ཡང་ཞིང་གཞན་དུ་བཞུད་པར་དགོངས་པའི་མོད་ལ་ཡང་། སྔ་ལྟས་དེ་དག་གློ་བུར་དུ་ལྷག་པར་གྱུར་ཏེ།”ཞེས་པ་ལྟར་འཆི་བའི་སྔ་ལྟས་བྱུང་དུས་ནི་ལོ་ཆུང་སྐབས་ཡིན་པ་མ་ཚད། རྐྱེན་གློ་བུར་དུ་སླེབས་པའི་ཚུལ་བཀོད་པ་སོགས་ལ་བལྟས་ན་གཞན་གྱིས་བཀྲོངས་པ་དང་རང་ནད་ཀྱིས་དབང་དུ་གྱུར་བ་གང་ཡིན་ཤེས་དཀའ་ལ། དེའི་སྐབས་ཀྱི་ས་སྐྱའི་ནང་འཁྲུག་གི་འཕེལ་རིམ་དང་ལོ་རྒྱུས་བབས་སོགས་གང་ནས་བལྟས་ཀྱང་དུག་གིས་བསད་པར་དོགས་གཞི་ཆེ་བ་མ་ཚད། དུག་གིས་བཀྲོངས་པའི་ཚུལ་ཡང་ལོ་རྒྱུས་སུ་མི་ཉུང་བ་འཁོད་ཡོད།  དེ་ཡང་གདུང་རབས་དེ་ཉིད་ལས་གལ་ཆེ་བའི་གནད་དོན་ཞིག་འཁོད་པ་ནི་“དེ་ནས་སྐུ་གདུང་བཞུ་ལ་ཕུལ་བས་བླ་མ་འདི་མངའ་ཐང་ཤིན་ཏུ་ཆེ་བ་ལ་བརྟེན་ནས་གཙུག་ལག་ཁང་མང་དུ་བཞེངས་པ།  རྒྱ་བོད་ཀྱི་བར་ལ་ཡང་ཡང་འབྱོར་འགྲུལ་སོགས་ལུགས་གཉིས་ཀྱི་གནང་སྐྱོང་ཆེས་ཆེ་བའི་ཁྲལ་འུ་ལག་སོགས་ལ་མི་སྡེ་སྐལ་དམན་རྣམས་མ་དད་པའི་དམ་ཚིག་གི་ཉེས་པ་ཆུང་ཟད་ཀྱི་རྣམ་པས་གདུང་རུས་ཕལ་ཆེར་ནག་པོར་བྱུང་ཞིང་།”  ཞེས་ཁྲལ་པ་ཚོ་ལ་ངལ་བ་བྱུང་ཚུལ་གསལ་པོར་མ་བཀོད་པར་དེ་དག་ལ་སྙིང་རྗེ་མེད་པར་སྐལ་དམན་པ་ཞེས་ཁྲལ་འུར་མང་དྲགས་པའི་མི་སྡེ་རྣམས་ཀྱིས་མི་འདོད་པ་བྱས་པ་དག་ལ་མ་རུང་བའི་ཚིག་གིས་ཟུར་ཟ་བྱས་པ་དང་། དེ་དག་སྐལ་བ་དམན་པས་གདུང་རུས་ནག་པོར་གྱུར་བ་བཤད་ཀྱང་དོན་དངོས་ལ་དེ་ལྟར་མིན་པར་ཁོང་དུག་གིས་བཀྲོངས་པའི་དངོས་རྟགས་དངོས་སུ་གསལ་བར་སྙམ།  འདི་ལྟ་བུའི་བྱུང་བ་ལ་བསམ་ན་སྔོན་གྱི་ལོ་རྒྱུས་ཁག་ལས་གསུངས་པ་བཞིན་དཔོན་ཆེན་ཀུན་བཟང་གི་ཕྱོགས་བྱེད་པོ་བླ་མའི་ཉེ་གནས་ཤིག་ཡིན་ངེས་ལ། ཉེ་གནས་དེས་དཔོན་ཆེན་བསད་རྗེས་སུ་བླ་མ་བཀྲོངས་པ་བཅས་ཀྱི་བྱུང་བ་འདི་ཉིད་གོ་རིམ་འཁྲུགས་ནས་བཀོད་པ་ཡིན་ཆོག་པར་སྣང་། རྒྱུ་མཚན་ནི། སང་གྷའི་དཔུང་དམག་གིས་དཔོན་ཆེན་བསད་རྗེས་སུ་སང་གྷ་བླ་མར་དད་པ་ཆེ་བས་བྱ་རོག་རྫོང་ནས་ས་སྐྱར་བྱོན་ཡང་བླ་མ་མཇལ་ཐུབ་པའི་ལོ་རྒྱུས་མི་གསལ་བ་མ་ཚད།  ལོ་རྒྱུས་འགའ་ཞིག་ནང་བླ་མས་མཇལ་ཞུ་མ་གནང་པར་བཤད་པ་སོགས་ལ་བལྟས་ན། སྐབས་དེར་འགྲོ་མགོན་འཕགས་པ་བཀྲོངས་ཟིན་ཀྱང་སོག་དཔོན་ལ་གསང་རྒྱ་བྱས་པའི་དོགས་གཞི་ངང་གིས་སྐྱེ་བ་དང་། ཡང་ན་དཔོན་ཆེན་ཀུན་བཟང་བསད་པར་བླ་མ་མ་དགའ་ནས་ཐུགས་རྒྱལ་བཞེངས་པས་ཡིན་ཆོག་པ་ལས་མཇལ་ཁ་མི་གནང་བའི་རྒྱུ་རྐྱེན་གཞན་གང་ཡང་མེད་པར་སྙམ།

དོགས་གཞི་འདི་འདྲ་ཞིག་གི་འོག་ནས་སྔོན་གྱི་ལོ་རྒྱུས་ཁག་ཏུ་གསལ་བ་དག་ལ་ཕན་ཚུན་འབྲེལ་བ་ངེས་ཅན་ཞིག་ཡོད་པ་མ་ཚད། ལོ་དུས་ཀྱང་གཏན་ཁེལ་དུ་བབས་འདུག་པ་སྟེ། ཀུན་དགའ་བཟང་པོ་བསད་དུས་ནི་ཕྱི་ལོ་ ༡༢༨༠ ལོར་བབས་པ་དང་ལོ་འདི་རང་དུ་བླ་མ་འདས་པ་བཅས་ལ་དཔྱད་ན། ཐོག་མར་སང་གྷས་དཔོན་ཆེན་ཀུན་དགའ་བཟང་པོ་བསད་པ་དང་དེའི་རྗེས་སུ་སང་གྷ་བླ་མ་མཇལ་དུ་ས་སྐྱར་བྱོན་པར་ཉེ་གནས་ཀྱིས་བླ་མ་ལ་དུག་ཕུལ་ཟིན་པ་དང་སོ་སོ་ཡང་དུག་གིས་ཤི་སྲིད་པ་ལས་སྔོན་དུ་འགྲོ་མགོན་འཕགས་པ་བཀྲོངས་པ་དང་དེའི་རྗེས་ཉེ་གནས་རང་ཉིད་ཤི་བ། དེ་ཤི་རྗེས་སུ་དཔོན་ཆེན་བཀྲོངས་པར་བཤད་པ་ནི་༸རྒྱ་དབང་ལྔ་བ་ཆེན་པོའི་སྔོན་དུ་རང་གི་མཐོང་ཐོས་སུ་གྱུར་བའི་བོད་ཀྱི་ལོ་རྒྱུས་ཁག་ཏུ་ཕལ་ཆེར་མི་གསལ་པ་མ་ཟད། <<གདུང་རབས་ངོ་མཚར་བང་མཛོད།>>དང་<<རྒྱ་བོད་ཡིག་ཚང་ཆེན་མོ།>>གཉིས་ཀྱི་ཚིག་འགྲོས་ལ་བལྟས་ན་སྔོན་དུ་དཔོན་ཆེན་བཀྲོངས་པ་དང་དེའི་རྗེས་སུ་འཕགས་པ་རིན་པོ་ཆེ་གྲོངས་པར་བཤད་པ་ལས་བླ་མ་སྔོན་དུ་བཀྲོངས་ནས་དཔོན་ཆེན་རྗེས་སུ་བསད་པའི་གོ་རིམ་ལྡོག་པའི་ཚུལ་ཞིག་ཕལ་ཆེར་མི་གསལ་བས་གོ་རིམ་འདི་ནོར་བ་ཞིག་ཡིན་པར་སྣང་། གོ་རིམ་འདི་ལ་བལྟས་ན་གོང་དུ་ཞུས་པ་བཞིན་བླ་དཔོན་གཉིས་འགལ་ཟླས་སོག་དམག་བོད་དུ་སླེབས་ནས་ཀུན་བཟང་བསད་པ་དང་དཔོན་ཆེན་གྱི་ཕྱོགས་བྱེད་མཁན་ཉེ་གནས་ཤིག་གིས་དུག་ཕུལ་ཏེ་བླ་མ་བཀྲོངས་པའི་དོགས་གཞི་ཆེ་ལ། ཡིན་ན་ཡང་འདི་འདྲ་བཤད་པའི་ལོ་རྒྱུས་ཀྱི་ཁུངས་ཡིག་ཡང་དག་པ་ཞིག་མ་རག་པར་ཐག་གཅོད་བྱ་མི་རུང་པས་དོགས་སློང་ཙམ་བྱས་ནས་བཀོད་ཡོད། ཡིན་ཡང་འདི་ལ་བསམ་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་བར་སྙམ།

ཡང་བླ་དཔོན་གཉིས་ཀྱི་འགལ་ཟླའི་ཐད་དོགས་གཞི་གཞན་ཞིག་ཀྱང་བྱེད་ཆོག་པ་སྟེ། དཔོན་ཆེན་ཀུན་དགའ་བཟང་པོས་སྲིད་དབང་སྐྱོང་རིང་དུ་ཆབ་སྲིད་ཀྱི་མཛད་པ་ཆེ་ན་ཡང་།  ཆོས་ཕྱོགས་ཀྱི་བྱ་བ་ལ་ཉམས་ཆགས་སུ་གྱུར་པའི་མཐོང་ཕྱོགས་བྱུང་སྟེ་སྐབས་དེའི་མི་བུ་ཚོའི་སེམས་ལ་མི་འཐད་པ་ཆེན་པོར་གྱུར་པ་དང་།  བོད་ཀྱི་སྤྱི་ཚོགས་ནང་དུ་གླེང་གཞི་ཆེན་པོར་གྱུར་པའི་དབང་གིས་ས་སྐྱའི་སྡེ་དཔོན་དང་དཔོན་ཆེན་སོགས་ཡུལ་སྡེའི་མགོ་བ་དག་གིས་དཔོན་ཆེན་གྱིས་བླ་མར་མི་བཀུར་ལས་ཀ་མ་རུང་བ་བྱས་ཚུལ་གཏམ་རྒྱུད་ཅིག་འགྲོ་མགོན་འཕགས་པའི་སྙན་དུ་གསོལ་བར་བརྟེན། འཕགས་པས་དཔོན་ཆེན་གོ་གནས་ལས་ཕབ་པའི་གནས་ཚུལ་བྱུང་བ་དང་། དཔོན་ཆེན་ཀུན་བཟང་གིས་གོ་གནས་ཕབ་པར་དང་ལེན་མ་ཐུབ་པར་རྒྱབ་འགལ་གྱི་ལས་གཞི་མང་དག་ཅིག་བྱས་པར་སྣང་སྟེ།   <<རྒྱ་བོད་ཚང་ཆེན་མོ་>>ལས་ཚིག་འདི་འདྲ་ཞིག་འཁོད་དོན།  “ལྷ་ཁང་(40.བ) བླ་བྲང་དང་བཅས་པ་འདེབས་པའི་དོ་དམ་བྱས།”  ཞེས་ལྷ་ཁང་བླ་བྲང་ཕྱག་འདེབས་པར་འགལ་རྐྱེན་བྱུང་ཚུལ་བཀོད་པ་འདིས་ལོ་རྒྱུས་ཀྱི་དོན་གནད་གསར་པ་ཞིག་ཀྱང་མཚོན་སྲིད་པ་ཡིན་ལ། འདི་ཉིད་དོ་དམ་བྱེད་པོ་ཡང་ཀུན་དགའ་བཟང་པོ་ཡིན་པ་ལས་གཞན་གང་ཡང་མིན་པར་སྣང་བས་ཀུན་དགའ་བཟང་པོའི་བྱ་སྤྱོད་འདི་དག་བླ་དཔོན་ཚོའི་མིག་ལ་མ་བབས་ནས་བླ་མའི་སྙན་ལམ་དུ་ཞུས་པོ་ཞིག་བཏང་བ་ནི།  ཤར་བ་ཡེ་ཤེས་འབྱུང་གནས་ཀྱི་ཚ་བོ་ཡེ་ཤེས་རིན་ཆེན་ཡིན་ཞིང་ཁོང་བླ་མ་བསུ་བར་ཤིང་ཀུན་ཏུ་སླེབས་ནས་དོན་རྣམས་བླ་མའི་སྙན་དུ་ཕུལ་བས་བླ་མས་དུས་དེ་རང་དུ་ཀུན་དགའ་བཟང་པོ་དཔོན་ཆེན་གོ་གནས་ལས་ཕབ་པར་སྣང་། དུས་དེ་ནས་ཟུང་དཔོན་ཆེན་གོ་གནས་ལས་ཕབ་ཀྱང་ཁོང་གི་ནུས་པ་གང་ཡོད་ས་སྐྱའི་སྲིད་དབང་ཁྲོད་དུ་བཏང་བ་དང་།  འཕགས་པ་དང་ཀུན་བཟང་བར་འགལ་ཟླའི་ཁྲོད་ནས་བླ་དཔོན་གཉིས་ཀྱི་སྐུ་སྲོག་ཤོར་བ་ལྟ་བུ་ཞིག་གསལ་ཡོད།

ཡང་དཔྱད་པ་གཞན་ཞིག་བྱས་ན་ས་སྐྱས་བོད་ཁམས་འཛིན་སྐྱོང་སྐབས་སུ་བོད་ཀྱི་སྤྱི་ཚོགས་ནང་དུ་མི་བུ་ཕན་ཚུན་དུག་གིས་གསོད་པའི་སྲོལ་ཡོད་མེད་ལ་བསམ་ན། དེ་ཡང་ཡོད་པ་ལོ་རྒྱུས་ལས་གསལ་ཏེ། དུས་སྐབས་དེ་རང་དུ་བྲིས་པའི་<<པདྨ་བཀའ་ཐང་>>ནང་འདི་འདྲ་ཞིག་བཀོད་འདུག  “དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོཿ  མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུརཿ  ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུངཿ  སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེཿ”  ཞེས་པར་བརྟགས་ན་དུས་རབས་བཅུ་གསུམ་དང་བཅུ་བཞིའི་ནང་དུ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ནང་དམེ་བྱས་ཏེ་དུག་གིས་གསོད་རེས་བྱས་པ་ཡོད་པ་གསལ་ཡོད། འདི་ནི་མི་མང་ཁྲོད་དུ་མི་རེ་གཉིས་ཙམ་བསད་ཀྱང་ལོ་རྒྱུས་སུ་བཀོད་མི་སྲིད་པས། སྐད་ཆ་འདི་ཉིད་ཀྱི་ས་སྐྱའི་ནང་ཁུལ་བླ་དཔོན་ནང་འཁྲུག་གི་བྱུང་རྐྱེན་འདི་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ཆོག་ལ་ཡོད་པའི་སྣང་བ་ཡང་འབྱུང་བཞིན་འདུག  མདོར་ན་དུས་སྐབས་འདིར་བོད་དུ་མི་ཆེན་ཕན་ཚུན་དུག་གིས་ལྐོག་གསོད་བྱེད་པའི་ལམ་ལུགས་ཤིག་དར་ཟིན་པ་མ་ཚད། སྤྱི་ཚོགས་ཁྲོད་ཀྱི་ངག་རྒྱུན་དང་ལོ་རྒྱུས་དག་ལས་དུག་གིས་བསད་པའི་ཚུལ་ཤིན་ཏུ་མང་པོ་བྱུང་དང་འབྱུང་བཞིན་ཡོད།  རྒྱུ་མཚན་འདི་དག་ལ་བསམ་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དུག་གིས་བཀྲོངས་པ་ཞིག་ཡིན་ཏེ།  ཁོང་གི་གདུང་རུས་ནག་པོར་གྱུར་བ་དང་དེ་ཉིད་རྒྱལ་པོས་མཐོང་ན་ཉེས་པ་ཕོག་པར་དོགས་གཞི་བྱུང་བ།  སྐབས་དེའི་ལོ་རྒྱུས་དག་ལས་བོད་དུ་ནང་དམེ་བྱས་པར་དུག་ལ་རྒྱབ་རྟེན་བྱས་ཚུལ་བཤད་པ་གང་ལ་བསམ་ན་གནས་ཚུལ་འདི་ལ་བདེན་པའི་ཆ་ཤིན་ཏུ་མང་ཡོད།  ཉེ་གནས་སུ་ཡིན་དང་དེས་དགོས་དབང་ཅིའི་ཕྱིར་དུག་ཕུལ་བ་སོགས་ནི་བརྗོད་གཞི་འདི་དང་ཧ་ཅང་གི་འབྲེལ་ཆེ་ན་ཡང་ཞིབ་མུར་དཔྱད་པ་བྱ་དགོས་པ་ལས་བཤད་ཐུབ་པའི་གནས་ཤིག་མ་མཐོང་བས་དཔྱད་པའི་མཚམས་འདི་ནས་འཇོག་དགོས་བྱུང་།  མདོར་ན་ཀུན་དགའ་བཟང་པོས་ས་སྐྱའི་ཆོས་རྒྱུད་དང་ས་སྐྱའི་མིང་གྲགས་ཆེད་དུ་ངལ་བ་གང་མང་བྱས་ཏེ།  ལྷ་ཁང་བཞེངས་པ་སོགས་ལས་གཞི་མང་པོ་གསར་སྐྲུན་བྱས་ཡོད་ཀྱང་། ལམ་དུ་མ་ཕྱིན་པར་རང་གི་ཚེ་སྲོག་དང་ནང་བློན་མི་ལག་ཏུ་ཤོར་བ་སོགས། མདོར་ན་མི་གསོད་ཁྲག་སྦྱོར་ངང་མི་ལོ་བཅུ་གཉིས་རིང་བརྩོན་པ་ཆུ་བོའི་རྒྱུན་ལྟར་བརྩོན་ཡང་མཐར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཚེ་སྲོག་གཅོད་པའི་རལ་གྲི་ལྟ་བུ་ཞིག་ཏུ་གྱུར་བར་སྙམ་སྟེ།  བླ་མ་རང་ནད་ཀྱིས་གྲོངས་ན་གདུང་རུས་ནག་པོར་གྱུར་པ་དང་གདུང་རུས་སོག་པོར་སྟོན་མི་ཕོད་པར་ས་སྐྱའི་དཔོན་ཆེན་ཚོ་དངངས་སྐྲག་མང་པོ་བྱ་དགོས་དོན་གང་ཡང་མེད། རྒྱུ་མཚན་འདི་དག་ལས་བླ་མ་ནད་ཀྱིས་གྲོངས་པ་ཞིག་མ་ཡིན་པར་བླ་དཔོན་འགལ་ཟླའི་ཁྲོད་ནས་དུག་གིས་སྐུ་སྲོག་བཀྲོངས་པར་ངོས་འཛིན་བྱ་དགོས་བྱུང་།  དུས་དབང་གིས་རྩོམ་མཇུག་འདི་ནས་མི་བསྡུ་ཀ་མེད་བྱུང་།

མཇུག་བསྡུ།  རྩོམ་ཡིག་འདིའི་ནང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་རྐྱེན་ནི་བླ་དཔོན་གཉིས་ཀྱི་འགལ་ཟླ་གཙོ་བོ་ལས་བྱུང་བ་ལས་ཉེ་གནས་ཀྱིས་བཟོས་པ་ཁོ་ན་མིན་པར་རྒྱུ་རྐྱེན་མང་དག་ཅིག་ལས་བྱུང་ཡང་གཙོ་བོ་གོ་གནས་དང་འཇོན་ནུས་ཆེ་བའི་བླ་དཔོན་གཉིས་ཀྱི་འགལ་ཟླས་ཤུགས་རྐྱེན་བྱས་པ་མ་ཟད། བླ་མའི་ཆོས་གཙོ་བཟུང་བྱས་པ་དང་དཔོན་ཆེན་གྱིས་མི་སེམས་ལ་མི་བསྟུན་པར་སྲིད་འཁྲབ་སྟོན་མང་དྲགས་པ་བཅས་ལས་བྱུང་བ་ཞིག་ཏུ་མངོན། རྩོམ་ཡིག་འདི་འབྲི་སྐབས་སུ་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་ངལ་བ་མང་དག་ཅིག་བྱུང་ན་ཡང་རྩོམ་ཡིག་འདིར་བཀོད་ནས་དགོས་པ་མ་མཆིས་པས་འབྲི་ཐབས་བྱས་མེད། རྗེས་སུ་དོན་གནད་འདི་ཐད་ལ་རྩོམ་འབྲི་བྱ་འདོད་ཚེ་འགལ་གཞི་འདིས་དྷར་མ་པ་ལ་དང་ཡེ་ཤེས་འབྱུང་གནས་གཉིས་ཀྱི་འགལ་ཟླ་ལ་ཤུགས་རྐྱེན་གང་བྱུང་དང་ཡོན་གོང་མའི་ཡིག་རིགས་ལ་ཁུངས་འཚོལ་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྙམ། །

Related Articles