དགའ་བདེ།
རྩོམ་ཐུང་འདིར་བོད་ཀྱི་སྙན་ངག་འཕེལ་རིམ་ཐད་ཀྱི་དུས་ཚིགས་དང་སྦྲགས་ཏེ་ངོས་འཛིན་བྱས་ཡོད་པ་དང་། བོད་ཀྱི་སྙན་ངག་འཕེལ་རིམ་ནི་བོད་ཀྱི་རིག་གནས་འཕེལ་རིམ་གྱི་ལོ་རྒྱུས་དང་འབྲེལ་བ་ངེས་ཅན་ཞིག་ཅིས་ཀྱང་ཡོད་པས། དེ་དག་ཤེས་བྱེད་ཀྱི་ཚུལ་དུ་བོད་ཀྱི་སྙན་ངག་འཕེལ་རིམ་ཇི་ལྟར་བྱུང་མིན་ཐད་ལ་རང་བློས་རྟོགས་ཚོད་ཀྱིས་རགས་བཤད་བྱེད་ཁུལ་ཡིན།
ཀླད་ཀྱི་གཏམ།
དེ་ཡང་ཟླུམ་གཟུགས་གོ་ལ་ཧྲིལ་པོའི་ཡང་རྩེ་ན། མུ་ཁྱུད་གངས་རིས་བསྐོར་བའི་དབུ་ནག་བོད་ཀྱི་ངག་རྒྱུན་དུ། ཁ་གྲག་ཤེས་པ་ཙམ་གྱིས་གླུ་ལེན་པ་དང་། གོམ་པ་སྤོ་ཤེས་པ་ཙམ་གྱིས་བྲོ་འཁྲབ་པའི་མི་རིགས་ཤིག་སྟེ་གླུ་གར་དང་རྩོམ་རིག་སོགས་ཀྱི་རིག་གཞུང་ཕྱུག་པོ་ཡིན་པའི་མི་རིགས་ཤིག་ཡིན་པར་མཁས་པ་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཡིན་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་ཁྲོད་དུ་སྣ་འཛོམས་རང་བཞིན་དང་སྒྱུ་རྩལ་གྱི་མཁའ་དབུགས་ཇི་ཙམ་ཕུན་སུམ་ཚོགས་པོ་ཞིག་ཡོད་པ། དེ་དག་ཡོད་ཚད་གདོད་ནས་ཡབ་མེས་གོང་མ་རྣམས་ཀྱིས་རང་བྱུང་ཁམས་སུ་གནས་བཅས་ཤིང་འཚོ་བའི་ཉིང་ཁུ་བསྡུས་པ་ལས་བྱུང་བ་ཉག་གཅིག་ཡིན་པར་སྨོས་མ་དགོས་ཤིང་། བོད་ཀྱི་སྙན་ངག་འཕེལ་རིམ་ཐད་ལ་གཞིགས་ན་ཡང་རིག་པའི་གཞུང་ལུགས་ཡོད་མེད་ཅི་རིགས་ཀྱང་། བོད་ཀྱི་ངག་རིག་སྒྱུ་རྩལ་གྱི་བྱུང་འཕེལ་ནི་ལོ་རྒྱུས་ཐུང་ཐུང་མིན་ཞིང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་བོད་ཀྱི་སྙན་ངག་ཀྱང་དེ་བཞིན་འཕེལ་རྒྱས་དང་དར་ཡོང་པར་སྨོས་མེད་མོད། འོན་ཏེ་སྔོན་ཚེ་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་རང་གི་ས་ཁྱབ་རྡོ་ཁྱབ་ཀྱི་སྙན་ངག་ལ་སྣང་ཆེན་དང་འཆད་ཉན་བྱས་པའི་སྲོལ་ཡོད་མེད་ཅི་རིགས་སྣང་།
དེ་བས་ན་ཁོ་བོས་འདིར་བོད་ཀྱི་མཁས་པ་སྔ་ཕྱི་རིགས་འགས་བྲིས་པའི་དཔྱད་གཞི་སྟེ་ས་སྐྱ་པཎྜི་ཏས་མཛད་པའི་<<མཁས་པ་རྣམས་འཇུག་པའི་སྒོ>>། དགྲ་འདུལ་དབང་པོས་མཛད་པའི་<<ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བྱེད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ>>་དང་། གླང་རི་བ་ཐུབ་བསྟན་སྦྱིན་པས་<<བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་གཞུང་གཅེས་བཏུས་>>ཞེས་པའི་སྔོན་གླེང་དུ་<<བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ལས་བརྩམས་པའི་འབེལ་གཏམ>>། འགྱུར་མེད་ཀྱིས་བསྒྲིགས་པའི་<<སྙན་ངག་རྣམ་བཤད>>། དེ་བཞིན་ཁྲོཾ་ཐར་འཇམ་བློ་ཡིས<<་སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་མགོ་བརྗོད་དུ་སྤེལ་བའི་གསལ་བཤད་མེས་པོའི་མཆོད་སྤྲིན་>>ཞེས་བྱ་བ་བཅས་རྒྱབ་ཏུ་བཅོལ་ཏེ་བོད་ཀྱི་སྙན་ངག་གི་འཕེལ་རིམ་ཐད་ལ་རགས་བཤད་ཚུལ་དུ་ངོ་སྤྲོད་བྱ་བར་སྤྲོའོ།།
དང་པོ། གདོད་མའི་སྙན་ངག
སྤྱིར་བཏང་རྩོམ་རིག་ཆེད་མཁས་པ་རྣམས་ཀྱིས་བརྗོད་པ་ལྟར་ན་མིའི་རིགས་ཀྱི་རྩོམ་རིགས་ཀྱི་ཐོག་མ་ནི་སྙན་ངག་ཡིན་པ་དང་། སྙན་ངག་གི་འབྱུང་ཁུངས་ནི་མིའི་རིགས་རང་བྱུང་ཁམས་སུ་འཚོ་བའི་འཐབ་རྩོད་དམ་ངལ་རྩོལ་ལས་བྱུང་བ་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ཡང་མིའི་རིགས་རང་བྱུང་ཁམས་སུ་གནས་བཅས་པ་དང་མཉམ་དུ་བྱུང་ཡོད་ངེས་ཤིང་། དེ་བཞིན་བོད་ཀྱི་ངག་རྒྱུན་སྙན་ངག་གི་འགོ་ཁུངས་དེང་སྐབས་མཇལ་དུ་ཡོད་མེད་ཅི་རིགས་ཀྱང་ཆེས་གདོད་མ་ཞིག་ནས་བྱུང་ཡོད་པར་བསྙོན་དུ་མེད་ཅིང་། ཡོངས་གྲགས་སུ་བོད་ལ་ཕྱི་ལོའི་དུས་རབས་བདུན་པའི་གོང་ལ་ཡི་གེ་མེད་པས་ངག་རྒྱུན་སྙན་ངག་གི་ལོ་རྒྱུས་དེ་ཧ་ཅང་རིང་པོ་བརྒྱུད་ཡོད་པར་བཤད་ཆོག ཁོ་བོས་ཀྱང་འདིར་སྤུ་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི(617-650)གོང་ལ་བོད་ཀྱི་སྙན་ངག་སྟེ་ངག་རྒྱུན་སྙན་ངག་གི་དུས་ཚིགས་ལ་བོད་ཀྱི་གདོད་མའི་སྙན་ངག་ངོས་འཛིན་བྱས་ན་འོས་འཚམས་ཤིག་མཐོང་ཞིང་། གནའ་བོའི་ངག་རྒྱུན་ལྟ་བུར་ཕྱིས་སུ་ཡིག་ཐོག་ཏུ་བྲིས་པའི་སྙན་རྩོམ་དག་དེའི་ཁོངས་སུ་བསྡུས་ཡོད། འོན་ཏེ་ཕྱིས་འབྱུང་རྩོམ་རིག་སྨྲ་བ་མང་དག་གིས་བོད་ཀྱི་གདོད་མའི་སྙན་ངག་ནི་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་བོད་ཀྱི་ངག་རྒྱུན་དུ་ཡོད་པའི་སྒྲུང་དང་གབ་ཚིག །ལྡེའུ་བཅས་དཔེ་མཚོན་དུ་བཀོད་དེ་གླེང་གིན་འདུག་མོད། ཁོ་བོས་འདིར་སྐད་ཡིག་དང་རིག་གཞུང་འཕོ་འགྱུར་གཞིར་བྱས་ཏེ་བོད་ཀྱི་བཙན་པོ་སྲོང་བཙན་གོང་ལ་གདོད་མའི་སྙན་ངག་གི་དུས་ཚིགས་སུ་ངོས་འཛིན་བྱས་ཡོད། དེ་ཡང་བཙན་པོ་སྲོང་བཙན་གོང་ལ་བོད་དུ་བོན་ཆོས་གཙོ་བོར་བྱས་པའི་རིག་གཞུང་དར་ཁྱབ་ཆེ་བ་དང་། དེ་བཞིན་སྐད་ཡིག་ཀྱང་ངག་རྒྱུན་ཙམ་ལས་ཡིག་གཟུགས་རང་བཞིན་ཅན་གྱི་ཡི་གེ་འབྲི་སྲོལ་བྱུང་མེད་སྟབས་རིག་གཞུང་འཕེལ་འགྱུར་གྱི་དཀྱོགས་མཚམས་ཤིག་ཡིན་པར་སེམས་ཤིང་། དེའི་གོང་གི་སྙན་ངག་བཅས་དར་སྲོལ་འདི་དང་འདིའོ་ཞེས་ཁ་ཚོན་གཅོད་རྒྱུར་ཅུང་དཀའ་མོ་ཞིག་རེད་སྙམ།
གཤམ་དུ་དཔེ་མཚོན་གྱི་ལམ་ནས་སྙན་ངག་རིགས་ངོ་སྤྲོད་བྱས་ན་འདི་ལྟར་ཏེ།<<ཏུན་ཧོང་གཏེར་ཡིག་>>ལས་གཉན་ཁྲི་བཙན་པོ(417-345BC)་བོད་ཀྱི་བཙན་པོར་གྱུར་ཚུལ་གྱི་སྐོར་བྲིས་པའི་གནའ་བོའི་ངག་རྒྱུན་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན། དེ་ཡང་གནམ་མཐའི་ཁྱོན་འོག་གི་རྗེ་བོ་ལ་གཤེགས་པས། གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཐམས་ཅད་ཀྱི་མགོ་བོར་གྱུར་པ། རི་མཐོ་ཞིང་ས་གཙང་བ། ཡུལ་ས་ཤིན་ཏུ་བཟང་བ། མི་དཔའ་མཛངས་གཉིས་དང་ལྡན་པ། ཆོས་བཟང་པོ་བྱེད་པ། རྟ་མགྱོགས་སུ་འཕེལ་བའི་གནས་སུ། ཚུལ་དེ་དག་ལ་གཟིགས་ནས་ཡུལ་འདམས་ཏེ་མི་ཡུལ་གཤེགས་སོ།། ཞེས་དང་། བོད་ཀྱི་རྒྱལ་ཐོག་སོ་གཅིག་པ་སྟག་རི་གཉའ་གཟིགས་སྐབས་སུ་མྱང་ཙེང་སྐུས་བླངས་པའི་མགུར་ལས་གཙང་ཆབ་ཆུ་བོའི་ཕ་རོལ་ན།། ཡར་ཀླུངས་གཙང་པོའི་ཕར་ཁ་ན།། མི་ཡི་བུ་ནི་ཡིན་ནའང་།། དོན་དུ་ལྷ་ཡི་སྲས་པོ་བཞུགས།། རྗེས་བདེན་པ་དབང་བསྒྱུར་དགའ།། སྒ་དེ་དངོས་འབྲེལ་གཏད་ན་དགའ།། ཞེས་ཚིག་སྦྱོར་སྙན་ཞིང་འཇེབས་པའི་སྒོ་ནས་བྲིས་པའི་ཚིག་དུམ་དེ་དག་ཁོ་ནས་སྐབས་དེར་བོད་ལ་ངག་རྒྱུན་ངག་སྙན་ངག་གི་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཡོད་པར་བཤད་མ་དགོས་པ་སྣང་། དེར་མ་ཟད་གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་སྟག་སྐྱ་བོ་སོགས་བརླགས་ནས། སྤུ་རྒྱལ་གྱི་ཆབ་སྲིད་སླར་གསོ་མཛད་པའི་དགའ་སྟོན་སྐབས་སུ་བློན་ཆེན་རྣམས་ཀྱིས་བླངས་པའི་མགུར་བཅས་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་བཞིན་དུ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་འབྲོག་ཁུལ་གྱི་ཤ་གསེང་རུས་གསེང་ན་འཐིམ་པའི་ལ་གླུ གཏམ་དཔེ། ལྡེའུ། སྒྲུང་། ཤགས། ཞིང་ཁུལ་གྱི་ཨར་གཞས་སོགས་ཡོད་ཚད་ཀྱི་རྨང་གཞི་ཡང་གདོད་མ་ནས་རིམ་པས་འཕེལ་རྒྱས་སུ་བྱུང་ཡོད་པར་སྨོས་མི་དགོས་ཞིང་། དེ་བཞིན་དུ་བོན་ཆོས་ཀྱི་འདོན་དང་ཆོ་ག་བཅས་ལས་བྱུང་བའི་སྙན་རིགས་དག་ཀྱང་གདོད་མའི་སྙན་ངག་གི་ཁྱབ་ཁོངས་སུ་བཞག་ན་འགྲིག་པར་སེམས། དེ་ཡང་སྲིད་པ་ཆགས་གླུ མཆིལ་བའི་སྒྲུང་། ཨ་མཚར་མཚར་དགུ ཨ་ཆགས་ཆགས་དགུ་བཅས་དམངས་ཁྲོད་དམ་ཞིང་འབྲོག་ས་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཆེས་གནའ་བོའི་ངག་རྒྱུན་ནས་བརྒྱུད་ཡོང་བའི་གནའ་སྒྲུང་སྙན་པོ་ཡིད་འགུལ་ཐེབས་པ་མང་པོ་ཞིག་ཡོད་པར་བཤད་ཆོག་སྙམ།
གཉིས་པ། གནའ་རབས་ཀྱི་སྙན་ངག
དེ་ཡང་ཡོངས་གྲགས་སུ་སྤུ་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་སྤྱི་ཚོགས་ཁྱོན་ལ་གསར་བརྗེ་ཆེན་པོ་ཞིག་བྱས་པ་སྟེ། ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཏེ་གཅིག་གྱུར་གྱི་རྒྱལ་ཁྲིམས་གཏན་ལ་ཕབ་པ། བོད་ཀྱི་དབྱངས་གསལ་ཡི་གེ་གསར་དུ་བཟོས་ཏེ་རྒྱ་དཀར་ནག་ནས་ནང་པའི་ཆོས་གཞུང་གཙོ་བྱས་པའི་རིག་གཞུང་ནང་འདྲེན་གྱི་དུས་སྐབས་གསར་པ་ཞིག་འགོ་བརྩམས་ཤིང་། རིམ་པས་སྤུ་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་དུ་ནང་བསྟན་རིག་གནས་ཀྱི་གཞི་རྐང་ཡོངས་སུ་ཚུགས་ཟིན་པས། སྐབས་དེར་བོད་ཀྱི་ཉི་ཟླ་གཉིས་སུ་གྲགས་པའི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་རྣམ་གཉིས་ཀྱི་ཡ་གྱལ་སྐ་བ་དཔའ་བརྩེགས་ཀྱིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་དུ་འཕགས་པའི་བསྟོད་པ་དང་། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་བྱ་བ་གཉིས་བོད་སྐད་དུ་བསྒྱུར་ཅིང་། ཞེས་དང་། ཕྱི་ལོའི་དུས་རབས་དགུ་པ་ཙམ་ལ་རྒྱ་གར་གྱི་སྒྲུང་རབས་ཆེན་པོ་གཉིས་ཀྱི་ཡ་གྱལ་རཱ་མྰ་ཡ་ཎའི་བྱུང་རིམ་གཙོ་བོ་བསྡུས་ནས་བོད་སྐད་དུ་བསྒྱུར་པ་ཏུན་ཧོང་བྲག་དགོན་གྱི་ཕུག་པ་ནས་ཐོན་པར་གྲགས། ཞེས་རྒྱ་གར་ནས་སངས་རྒྱས་ཆོས་གཞུང་དུ་བཞུགས་པའི་སྙན་ངག་ཀྱང་མང་དུ་བསྒྱུར། དེ་བཞིན་སྔར་ཡོད་ཀྱི་མགུར་གླུ་སོགས་ཀྱི་ངག་ཐོག་སྙན་ངག་དག་ཀྱང་རྒྱུན་འཛིན་བྱས་ཡོད་པ་སྟེ་དཔེར་ན་སྲོང་བཙན་སྐབས་སུ་བཙན་པོ་སྲོང་བཙན་དང་དབས་དབྱི་ཚབ་ཕ་སྤུན་དབར་མནའ་བཞག་མཛད་པའི་མགུར། བཙན་མོ་སད་མ་དཀར་གྱིས་ཞང་ཞུང་དབང་དུ་བསྡུ་རྒྱུའི་འཕྲིན་གླུ། བཙན་པོ་འདུས་སྲོང་སྐབས་སུ་བཙན་པོས་རྒྱ་གྲུ་འཇང་གསུམ་དབང་དུ་བཀུག་པའི་མགུར། བློན་པོ་རྒྱལ་ཏོ་རེ་དང་ཅོག་རོ་བཟའ་གཉིས་ཀྱིས་ཕན་ཚུན་བླངས་པའི་གླུ་མཆིད། བློན་ཆེན་མགར་བཙན་བྲོས་དང་རྒྱ་བློན་ཝང་ཀེར་ཞང་ཞེ་གཉིས་ཁ་ཤགས་འགྱེད་པའི་གླུ་བཅས་སུ་བལྟས་ན་སྔར་ཡོད་ངག་ཐོག་སྙན་ངག་རྒྱུན་བསྐྱངས་པ་ཤ་སྟག་སྣང་། ཕྱི་ལོའི་དུས་རབས་དགུ་པའི་དཀྱིལ་ཙམ་ལ་བོད་ཆེན་པོའི་རྒྱལ་རབས་སིལ་བུར་འཐོར་བ་དང་། སྐབས་དེར་སྤྱི་ཚོགས་འཕོ་འགྱུར་གྱི་རྐྱེན་པས་ནང་པའི་གསུང་རབ་དང་། སྔར་ཡོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚགས་སོགས་ཅི་མཆིས་གཏོར་བརླག་ཚབ་ཆེན་ཞིག་བྱུང་བ་དང་ཕྱོགས་མཚུངས། བོད་ཀྱི་སྙན་ངག་ལ་སོགས་པའི་རིག་ཚན་གཞན་དང་གཞན་ལ་ཡང་གཏོར་སྐྱོན་ཆེན་པོ་བྱུང་ཡོད་པར་སྨོས་མེད་རེད།
དེ་ནས་རིམ་པས་སླར་ཡང་བོད་སིལ་བུའི་མགོ་སྟོད་ཙམ་ནས་དུས་བདེ་ཞོད་འཇགས་ཅུང་བྱུང་བ་དང་མཉམ་དུ་བོད་ཀྱི་ལོ་ཙཱ་བ་དང་མཁས་པ་རྣམས་ཀྱིས་སྔར་བཙན་པོའི་སྐབས་ཀྱི་རིག་གནས་སླར་གསོ་བྱས་པ་དང་། རིམ་པས་རྒྱ་གར་ནས་སངས་རྒྱས་ཆོས་གཞུང་མང་པོ་བསྒྱུར་འགོ་བརྩམས་ཤིང་། དེ་ཡང་དེ་ལྟར་བོན་དང་ཆོས་ཀྱི་ཆོས་དུས་རབས་གཉིས་དང་ཕྱི་མ་ལ་ཡང་<<མེ་ལོང་མ>>་བོད་དུ་འགྱུར་མ་འགྱུར་གྱི་སྐབས་གཉིས་ལས། ཕྱི་མ་ནི་དུས་རབས་བདུན་པའི་སྟོད་ལ་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཀྱི་དབུ་བརྩམས་པ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་བར་ལོ་དྲུག་བརྒྱ་ཙམ་གྱི་རིང་ལ་སྙན་ངག་གི་གཞུང་ལུགས་འཆད་ཉན་མ་དར་ན་ཡང་། སངས་རྒྱས་ཆོས་ཀྱི་གཞུང་ལུགས་བསྒྱུར་སྤེལ་གྱི་ལམ་ནས་བོད་ཀྱི་མཁས་པ་རྣམས་ཀྱི་སོ་སོའི་རྣམ་དཔྱོད་ཀྱི་རྩལ་དང་། དགོངས་པའི་ཀློང་ནས་བརྡོལ་བའི་བའི་སྙན་རྩོམ་དང་མགུར་གླུ་ལ་བསྟན་པ་སྔ་དར་སྐབས་ཀྱི་ཀ་ཅོག་ཞང་གསུམ་དང་ལོ་ཆེན་བེེ་རོའི་མགུར་གླུ་སོགས་དང་། དེ་ནས་རིམ་པ་བཞིན་ལྷོ་བྲག་མར་པ་ལོ་ཙཱ་དང་<<རྗེ་བཙུན་མི་ལའི་མགུར་གླུ་>>ལྟ་བུ་དང་། ནག་ཚོ་ལོ་ཙཱ་བའི<<་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་>>དང་། འབྲོམ་སྟོན་པའི<<་བསྟོད་པ་སུམ་ཅུ་པ>>་དང<<་མི་ཆོས་གནད་ཀྱི་ཕྲེང་བ།>> ས་ཆེན་ཀུན་དགའ་སྙིང་པོའི་<<བི་རུ་པའི་བསྟོད་པ>>་དང་། <<རྗེ་བཙུན་སྐུ་མཆེད་ཀྱི་བསྟོད་པ>>སོགས་ཚིག་དོན་གཉིས་ཆར་སྙན་ངག་གི་ཁྱད་ཆོས་ལྡན་པའི་སྙན་རྩོམ་ཡང་མང་དུ་བྱུང་ངོ།
གསུམ་པ། སྙན་ངག་མེ་ལོང་མའི་དུས་སྐབས་ཀྱི་སྙན་ངག །
གོང་བཀོད་བཞིན་སྤྱི་ལོའི་དུས་རབས་བཅུ་པ་དང་བཅུ་གཅིག་ཙམ་ནས་སྔོན་བྱོན་གྱི་རིག་གནས་བསྐྱར་གསོའི་དུས་སྐབས་གསར་པ་ཞིག་བྱུང་བ་དང་། སངས་རྒྱས་ཀྱི་བཀའ་བསྟན་མང་པོ་བོད་དུ་བསྒྱུར་ཞིང་། དེ་བཞིན་ཆོས་བརྒྱུད་ཁག་རིམ་པས་དར། འོན་ཀྱང་ཆོས་རྗེ་ས་པཎ(1182-1251)་གྱི་གོང་ལ་བོད་ལ་སྙན་ངག་འཆད་ཉན་གྱི་སྲོལ་མེད་ཚོད་འདུག་ཅིང་། སྙན་ངག་དང་བརྡ་དག་བཅས་བོད་ལ་འཆད་ཉན་གྱི་སྲོལ་ཐོག་མ་འབྱེད་མཁན་ནི་ཁོང་ཡིན་པར་ཡོངས་སུ་གྲགས་པ་དང་། དེ་ཡང་བོད་དུ་རིག་གནས་རྣམ་བཅུའི་སྲོལ་གང་ཟག་གཅིག་ཉིད་ཀྱི་དང་པོར་ཕྱེ་བ་ནི་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཁོ་ན་དང་།ས་པཎ་གྱིས<<་མཁས་འཇུག>>ཏུ་སྐབས་མང་པོར། སྙན་ངག་གི་རྒྱན་རྣམས་ཀྱི་ངོས་འཛིན་དང་བཤད་པ། དེ་བཞིན་དཔེར་བརྗོད་ཀྱི་ཚིགས་བཅད་མང་དག་ཅིག་རྒྱན་ལས་ཞེས་སློབ་དཔོན་དཎྚིའི་<<སྙན་ངག་མེ་ལོང>>་ལས་དྲངས་གནང་། སྐབས་དེར་གཞུང་དེ་ལ་བོད་འགྱུར་མེད་པས་ས་པཎ་གྱིས་དེ་ལས་གང་དྲངས་པ་རྣམས་རྒྱ་དཔེ་རང་ནས་བོད་སྐད་དུ་ཐད་བསྒྱུར་གནང་བར་ངེས། དེ་བཞིན་<<དབྱངས་ཅན་མགུལ་རྒྱན>>བྱ་བ་དང་། ལེགས་སྦྱར་གྱི་སྙན་ངག་གི་གཞུང་གྲགས་ཅན་<<དགའ་བ་ལྷའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར>>་དང་། སློབ་དཔོན་དཔའ་བོའི<<སྐྱེས་རབས་སོ་བཞི་པ>>་ནས་ཀྱང་དཔེར་བརྗོད་བཀོད་དེ་སྙན་ངག་གི་ཉམས་དང་དཔེ་དོན་སྦྱོར་ཚུལ་སོགས་ལ་བཤད་པ་མཛད་པ་སོགས་ཀྱིས<<མཁས་འཇུག>>གི་རྩོམ་པའི་ལེའུ་དེ་ཉིད་ཀྱིས་བོད་དུ་ཆེས་མཐོའི་སྙན་ངག་གི་རིག་པ་ཐོག་མར་སྲོལ་གཏོད་པར་མཐོང་བས། ཁོ་བོས་སྐབས་མང་པོར་བོད་ཀྱི་ཆེས་མཐོའི་རིག་གནས་ལ་ས་པཎ་ཉིད་སྐུ་དྲིན་ཆེ་ཤོས་སུ་འདུག་ཅེས་སྨྲ་བ་རྒྱུ་མཚན་འདི་དང་འདི་འདྲ་བ་རྣམས་ལ་བསམས་པའོ། །ཞེས་བོད་དུ་སྙན་ངག་གཞུང་ལུགས་དང་འབྲེལ་ཏེ་འབྲི་སྲོལ་ཐོག་མ་ས་པཎ་སྐབས་སུ་བྱུང་ཡོད་པར་མཁས་པ་རྣམས་མགྲིན་དབྱངས་གཅིག་ཏུ་སྣང་ཞིང་། དེ་རྗེས་སུ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་བལ་ཡུལ་བཅས་སུ་ཕེབས་ཏེ་ལོ་ཙཱ་མཁས་པ་བསླབས་ནས་ཕྱིར་ས་སྐྱར་བྱོན་དུས། འཕགས་པ་རིན་པོ་ཆེ(1235-1280)འི་དྲུང་དུ་ཕེབས། ཤིན་ཏུ་དགྱེས་པར་གྱུར། ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་པའི་སྡེར་སྐུའི་བཀོད་པ་བསྡུས་བའི་ཚེ། ཐ་མའི་གསུང་དུ་བཀའ་སྩལ་པ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་དོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལ་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། <<རྟོགས་བརྗོད་དཔག་བསམ་འཁྲི་ཤིང>>་མ་འགྱུར་བ་དང་།<< དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་ཙམ་མོ། །ཞེས་གསུངས་པ་ཞིག་ཡོད་ནའང་བསྙེན་པར་རྫོགས་ཟིན། འགྱུར་གཉིས་སྔར་མ་བྱུང་བས་ད་ཁྱེད་ཀྱིས་གྱིས་ཤིག དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་ཀྱང་བྱེད་པ་ཡོད་དོ། །ཞེས་སྔར་མ་བོད་དུ་མ་འགྱུར་བའི་བསྟན་བཅོས་མང་པོ་ཤོང་དཔང་ཡབ་སྲས་སྐུ་དུས་སུ་བསྒྱུར་བ་དང་། ལྷག་པར་དུ་གྲགས་ཆེ་བའི་སྙན་ངག་གི་གཞུང་<<མེ་ལོང་མ་>>ཆ་ཚང་བོད་སྐད་དུ་བསྒྱུར་ཞིང་། རིམ་པས་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་གཞུང་དེ་གཙིགས་ཆེར་བཟུང་སྟེ་འཆད་ཉན་གྱི་སྲོལ་གཏིང་ཚུགས་པ་དང་རྩ་འགྲེལ་ཀྱང་མང་པོ་མཛད། དེ་བཞིན་མེ་ལོང་མའི་ལུགས་བཞིན་བརྩམས་པའི་སྙན་ངག་བསྟན་བཅོས་ཀྱང་ཆར་ཤོད་ཀྱི་ཤ་འོད་བརྡོལ་བ་བཞིན་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་སྙན་ངག་ཀྱང་གྲངས་ལས་འདས་པ་ཞིག་བྱུང་ཡོད། གཤམ་དུ་དཔེ་མཚོན་རང་བཞིན་གྱི་སྙན་ངག་རིགས་འགའི་མཚན་བྱང་སྨོས་ན། <<བོད་ཀྱི་ཟློས་གར་ཆེན་པོ་བརྒྱད>>། <<གཏམ་མདྨའི་ཚལ་གྱི་ཟློས་གར>>། <<གཞོན་ནུ་ཟླ་མེད་ཀྱི་བརྗོད་རྟོགས>>། <<སྤྲིན་གྱི་ཕོ་ཉ>>། <<རཱ་མཱ་ཡ་ནའི་རྟོགས་བརྗོད>>། <<ཕོ་ཉ་གཞོན་ནུ་དོན་གྲུབ>>། <<ཚངས་དབྱངས་རྒྱ་མཚོའི་མགུར་གླུ>>། དེ་བཞིན་རྗེ་ཙོང་ཁ་པས་མཛད་པའི་<<རྟག་ཏུའི་རྟོགས་བརྗོད་>>དང་། <<དབྱངས་ཅན་མ་བསྟོད་པ་>>བཅས་མང་། མདོར་ན་ཆོས་རྗེ་ས་པཎ་གྱིས་བོད་ལ་རིག་གནས་བཅུའི་འཆད་ཉན་སྲོལ་གཏད་པ་དང་། ཤོང་དཔང་ཡབ་སྲས་ལ་སོགས་ཀྱིས་རྒྱ་གར་གྱི་སྙན་གཞུང་དང་གྲགས་ཆེ་བའི་སྙན་རྩོམ་བཅས་མང་པོ་བསྒྱུར་བ་ནས་བོད་ཀྱི་སྙན་ངག་རིག་པའི་སྒོ་འཕར་གསར་པ་ཞིག་ཕྱེས་ཤིང་། འཛམ་གླིང་ན་མི་འབོར་གྱི་གྲངས་ཚད་ལ་དཔག་པའི་སྒོ་ནས་བཤད་ན། སྐབས་དེ་དུས་བོད་ནི་འཛམ་གླིང་ན་སྙན་ངག་ལ་དགའ་བའི་མི་རིགས་ཤིག་དང་། སྙན་ངག་གི་ཕ་ས་ཆེས་ཆེ་ཤོས་ཤིག་ཡིན་པར་ས་གྲགས་གནམ་གྲགས་སུ་སྣང་།
བཞི་པ། དེང་རབས་སྙན་ངག
ཕྱི་ལོ་དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་ཙམ་ནས་བོད་དུ་དུས་འགྱུར་གྱིས་གཏོར་བརླག་ཏུ་བཏང་བའི་རིག་གནས་བསྐྱར་གསོའི་དུས་སྐབས་ཤིག་སླར་ཡང་བྱུང་བ་དང་། དེ་བཞིན་ཕྱི་ནང་གི་རིག་གནས་ཀྱི་གདོང་ཐུག་ཆེན་པོ་ཞིག་བྱུང་བ་ནི་ནུབ་ཕྱོགས་ནས་དར་ཡོང་བའི་རང་མོས་སྙན་ངག་འབྲི་སྲོལ་དེ་བོད་ལ་དར་ཞིང་། སྙན་ངག་གསར་པ་འབྲི་སྲོལ་འདིས་བོད་ཀྱི་སྙན་ངག་རིག་གཞུང་ཐད་ལ་དགེ་སྐྱོན་ཅི་མཆིས་ད་ལྟ་ཅུང་ལྐོག་གྱུར་ཞིག་ཡིན་ན་ཡང་། བོད་ཀྱི་མཁས་པའི་ཁྲོད་དུ་གནད་དོན་འདིའི་ཐོག་ལ་ད་དུང་བརྩད་དང་རྩོད་བཞིན་པའི་བརྗོད་གཞི་ཞིག་ཡིན་པ་དང་། མཁས་པས་གསུངས་ན་ཅི་ཡང་བདེན། སྙན་ངག་མཁན་ལ་ཅི་ཡང་རྒྱན། ཞེས་པ་དགེ་མཚན་གླེང་མཁན་རྣམས་ཀྱིས་རང་མོས་སྙན་ངག་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་བསམ་པའི་ཕུགས་འདུན་དང་འབྲེལ་ཞིང་། རྒན་དར་གཞོན་གསུམ་ཐམས་ཅད་སྙན་ངག་མཁན་དུ་ཁྲིད་པའི་ལམ་བུ་མཆོག་ཏུ་གྱུར་པ་ཞིག་ཡིན་པ་དང་། རང་མོས་སྙན་ངག་འདི་འབྱུང་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་གཉིས་ཡོད་པ་ནི་སྐབས་དོན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྲོལ་རྒྱུན་ལམ་སྲོལ་ཅན་གྱི་སྙན་ངག་མེ་ལོང་མའི་སྒྲིག་སྲོལ་དང་འཆིང་རྒྱ་དེ་གཉིས་ཀྱི་ཁ་གཏད་ཀྱང་ཡིན་པར་རྗོད་མཁན་འདུག
འོན་ཏེ་ཕྱོགས་གཞན་ནས་རང་མོས་སྙན་ངག་འདིས་བོད་ཀྱི་སྲོལ་རྒྱུན་བཟང་པོའི་སྙན་ངག་འབྲི་སྲོལ་གཏོར་བརླག་གཏོང་མཁན་དང་། ཐ་ན་བོད་ཀྱི་སྐད་ཡིག་གི་སྒྲིག་གཞི་གཏོར་བྱེད་དང་། འབྱུང་འགྱུར་བོད་ཀྱི་མི་རབས་རྗེས་མ་རྣམས་ཀྱི་ཕ་སྐད་ལ་ཁ་ཆག་རྣ་རལ་དུ་གཏོང་བའི་གཞི་མ་ཞིག་ཡིན་པ་ཡང་བཤད་ཀྱིན་ཡོད། གང་ལྟར་ཡང་དགེ་སྐྱོན་དང་བཟང་ངན། ཡག་བཙོག ལེགས་ཉེས། གོ་བ་ཡོད་མེད་ཇི་ལྟར་རུང་འབྲི་མཁན་ཉུང་ཉུང་མིན་ལ། དར་ཁྱབ་ཀྱང་ཧ་ཅང་ཆེ་ཞིང་། ད་སྐབས་བོད་ཀྱི་སྙན་ངག་འབྲི་སྲོལ་གྱི་གོ་བབ་ཆེན་པོ་ཞིག་ཀྱང་བཟུང་ཡོད་པར་མངོན་སུམ་ཡིན་པ་བཅས་སོ། །
མཇུག་གི་གཏམ།
གོང་དུ་གུས་པས་བོད་དུ་སྙན་ངག་འཕེལ་རིམ་ཐད་ལ་གྲགས་ཆེ་བའི་དཔྱད་གཞི་དེབ་ཐེར་ཁག་གཅིག་གཞིར་བྱས་ཏེ་རང་ཉིད་ཀྱི་ལྟ་ཚུལ་དང་སྦྲགས་ཏེ་ངོ་སྤྲོད་ཚུལ་དུ་བྲིས་ཡོད་ཅིང་། རང་ཉིད་ནི་བོད་ཀྱི་རྩོམ་རིག་འཕེལ་རིམ་ཐད་ལ་ཐོས་པ་ཧ་ཅང་ཞན་པའི་ཁར། དམིགས་བསལ་དུས་ཚོད་ཀྱི་རྐྱེན་པས་དཔེ་ཀློག་སོགས་རང་བློ་ཚིམ་པོ་ཞིག་བྱུང་མ་སོང་། དེ་བཞིན་སྐད་ཆ་རིགས་འགའ་དགྲ་ཤར་དང་གཏོར་མ་ནུབ་ཀྱི་དཔེ་ལྟར་མགོ་རྔ་ལྡོག་པ་ཡང་བཤད་ཡོད་སྲིད་པས་ནོར་འཛོལ་ཡོད་ཚད་རང་ཉིད་ཁོ་ནའི་ཕྲག་ཏུ་ཡོད།
དེ་བཞིན་རང་ཉིད་ཀྱང་རྩོམ་ཐུང་འདི་བྲིས་པའི་བརྒྱུད་རིམ་ཁྲོད་ནས་བོད་ནི་སྙན་ངག་གི་ཕ་ཁྱིམ་ཞིག་ཡིན་པ་དང་། རང་གི་མེས་པོ་རྣམས་ཀྱི་འདས་ཁའི་ཞལ་ཆེམས་ཚུན་ཆད་དུ་བོད་ཀྱི་སྙན་ངག་སོགས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་ཆེད་འཇོག་གིན་ཡོད་པ་དང་། ལྷག་པར་རྗེས་ཕྱོགས་སུ་རང་ཉིད་ཀྱིས་སྔོན་བྱོན་དམ་པ་རྣམས་ཀྱིས་བྲིས་པའི་སྙན་ངག་ལ་སོགས་ཅུང་བཀླག་དགོས་པར་སེམས་འགུལ་ཚད་མེད་ཐེབས་བྱུང་།