རྩོམ་རིག་ཞིབ་འཇུག་སློབ་མ། བསྟན་འཛིན་དར་ལྡན།
(ཏཱ་ལའི་བླ་མ་སློབ་རིམ་སློབ་གཉེར་ཁང་།)
ནང་དོན་གནད་བསྡུས། རྩོམ་ཐུང་འདིར་ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་ཀྱི་རྩོམ་སྟངས་མི་འདྲ་བའི་རྒྱབ་ལྗོངས་གང་ཡིན་དཔྱད་བྱར་བཟུང་སྟེ། དཔྱད་དོན་གཏན་ལ་དབབ་པར་རྩོམ་རིག་ལོ་རྒྱུས་ཁག་ཏུ་གསལ་བའི་བསྟོད་རྩོམ་སྙན་ངག་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། བརྩམས་ཆོས་དངོས་ཀྱི་ཚིག་རིས་ཕན་ཚུན་གཤིབ་བསྡུར་གྱི་ཐབས་ལམ་སོགས་གང་ནུས་ཤིག་སྤྱད་དེ། བསྟོད་རྩོམ་གཉིས་ཀྱི་རྩོམ་སྟངས་མི་འདྲ་བའི་གནད་ནི་དད་པ་དང་གཏན་ཚིགས་ཀྱིས་འབྱེད་པ་སྟེ། མཐོ་བཙུན་གྲུབ་རྗེས་སངས་རྒྱས་ལ་ཡིད་ཆེས་ཀྱི་དད་ཞེན་དང་འབྲེལ་བའི་དད་སེམས་གཞི་གདན་དུ་བྱས་ཏེ་ཐུབ་པ་སངས་རྒྱས་ཉིད་ཕྱི་རོལ་པའི་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པའི་བསྟོད་པ་བརྩམས་ཚུལ་དང་། བདེ་བྱེད་བདག་པོས་རྒྱུ་མཚན་ནམ་གཏན་ཚིགས་རིག་པའི་བསམ་བློ་གཙོ་བོར་རྒྱབ་རྟེན་དུ་བྱས་ཏེ། སངས་རྒྱས་དང་ཕྱི་རོལ་པའི་སྟོན་པ་གཉིས་གང་ལ་སྟོན་པའམ་སྐྱབས་སུ་འཛིན་དགོས་པ་དང་མཆོག་ཏུ་གྱུར་པ་ཡིན་མིན་དེ། ཐག་གཅོད་མ་བྱས་པར་གཞན་ལ་དཔྱད་གཞིའི་ངོ་བོར་བཞག་ཐོག་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས་ཡོད་ཚུལ་སོགས་ཀྱི་དཔྱད་གླེང་བྱས་ཡོད།
གནད་ཚིག ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ། རྒྱབ་ལྗོངས། ཁྱད་པར།
སྔོན་གླེང་།
སྤྱིར་བསྟོད་རྩོམ་འདི་གཉིས་ཐོག་མར་ལོ་ཙཱ་བ་རིན་ཆེན་མཆོག་དང་སྐལ་བ་དཔལ་བརྩེགས་གཉིས་ཀྱིས་ཐོག་མར་བོད་དུ་བསྒྱུར་བའི་དུས་ཚོད་ལ་གཞིགས་ན། རྒྱ་གར་དུ་དུས་རབས་བདུན་པའི་སྔོན་ལ་བརྩམས་པར་བོད་ཀྱི་རྩོམ་རིག་ལོ་རྒྱུས་དག་ལས་གསལ་གྱི་ཡོད་པ་མ་ཟད། སྙན་ངག་གི་བརྩམས་ཆོས་འདི་གཉིས་ཀྱི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་དང་། རྒྱ་གར་དུ་དུས་རབས་དེའི་ནང་བརྩམས་ཚུལ་གྱི་གླེང་སློང་སོགས་ནི། དུས་རབས་བཅུ་པའི་མཇུག་ཙམ་ལ་བོད་བསྒྱུར་བྱུང་རྗེས་བོད་རྩོམ་ཁག་ལས་གསལ་གྱི་ཡོད་པ་དང་། བསྟོད་རྩོམ་འདི་གཉིས་ཀྱི་རྩོམ་སྟངས་ཀྱི་ཁྱད་པར་མི་འདྲ་བའི་ཚུལ་སོགས་ཀྱང་། གཞི་འཇོག་བརྩམས་ཆོས་འདི་གཉིས་དང་འབྲེལ་བའི་བོད་རྩོམ་ཁག་གམ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སོགས་ཁོ་ནར་ཆགས་ཡོད་ལ། བསྟོད་རྩོམ་འདི་གཉིས་ཀྱི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཆ་གཉིས་ཀའི་ཐད་ལ། ནང་བསྟན་རྩོམ་རིག་གི་ཐོག་ལ་ཆེས་ཕུལ་བྱུང་བརྩམས་ཆོས་ཀྱི་གྲལ་དུ་གཏོགས་པའི་གོ་བབ་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ལས་བསྟོད་རྩོམ་སྙན་ངག་གི་དཔེ་མཚོན་དུ་མི་གླེང་ཐབས་མེད་ལྟ་བུའི་བརྩམས་ཆོས་ཤིག་ཡིན་པ་དང་། བསྟོད་པ་འདི་ཉིད་ལའང་བོད་ཀྱི་མཁས་པ་མང་ཤས་ཀྱིས་འགྲེལ་བ་དང་དཔྱད་བརྗོད་སྤེལ་ཞིང་། བོད་ཀྱི་རྩོམ་རིག་སློབ་སྦྱོང་ཐོག་ནས་ཀྱང་བསླབ་གཞི་དང་སློབ་ཁྲིད་སོགས་བྱས་དང་བྱེད་མུས་ཡིན་པ། རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད་པ་ནི། བསྟོད་པའི་སྙན་ངག་འདི་གཉིས་རྗེས་ཀྱི་བོད་ཀྱི་མཁས་པ་མང་ཤས་ཀྱིས་བརྩམས་པའི་བསྟོད་རྩོམ་སྙན་ངག་གི་བརྩམས་ཆོས་སྐོར་ཞིག་བྱུང་བ་ལས་དཔོག་ཐུབ།
བོད་ཀྱི་རྩོམ་རིག་ལོ་རྒྱུས་སོགས་ལས་བརྩམས་ཆོས་འདི་གཉིས་ཀྱི་རྩོམ་པ་པོ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་གཉིས་ནི། དུས་རབས་གཅིག་ཏུ་བྱུང་བའི་སྤུན་མཆེད་ཡིན་པ་མ་ཟད། ཡབ་མེས་དང་ཁྱིམ་ཚང་ཕྱི་རོལ་པའི་གྲུབ་མཐའི་ཆོས་བྱེད་པ་ཞིག་ཡིན་ཡང་། ཁོང་གཉིས་རྗེས་སུ་ནང་པར་ཞུགས་ཏེ་ཐུབ་པ་སངས་རྒྱས་ལ་བསྟོད་པའི་སྒོ་ནས། ཁྱད་པར་འཕགས་བསྟོད་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་བརྩམས་པ་ཞིག་ཡིན་ནའང་། སློབ་སྦྱོང་གི་ཞོར་དུ་བརྩམས་ཆོས་འདི་གཉིས་ལ་ལྟ་ཀློག་ཕྲན་བུ་ཞིག་ཐུབ་པ་ལས་རྩོམ་སྟངས་སོགས་ལ་མི་གཅིག་པའི་ཁྱད་པར་འགའ་རེ་ཡོད་པར་མཐོང་མོད། མི་སྒེར་སོ་སོས་མ་མཐོང་ན་མེད་པ་ཡིན་མི་དགོས་ཀྱང་། བསྟོད་པའི་སྙན་ངག་འདི་གཉིས་དང་འབྲེལ་བའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་འགའ་རེ་དང་དཔྱད་བརྗོད་ཀྱི་བརྩམས་ཆོས་རེ་ཤས་ལག་སོན་བྱུང་བའི་ཁྲོད། རྩོམ་འདི་གཉིས་ལ་རྩོམ་སྟངས་ཀྱི་ཚིགས་ལུས་མང་ཉུང་མི་འདྲ་བ་ཙམ་ལས། ཁྱད་པར་གཞན་ངོས་འཛིན་དང་མི་གཅིག་པའི་རྒྱབ་ལྗོངས་ཀྱི་ཆ་སོགས་ལ་དཔྱད་གླེང་བྱས་པར་མཐོང་རྒྱུ་མ་བྱུང་བ་དང་། གོང་དུ་སྨོས་པ་བཞིན་བསྟོད་པའི་སྙན་ངག་འདི་གཉིས་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ནས་ཆེས་གོ་ས་ཅན་དང་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་ཤིག་ཆགས་ཡོད་པ་སོགས་ལ་བརྟེན། བརྩམས་ཆོས་འདི་དག་གི་ཐད་ལ་ཇི་ཙམ་གླེང་ན་གླེང་རིན་ཡོད་པའི་དོན་སྙིང་ཅན་ཞིག་ཆགས་ཡོད་པ་དང་། རྩོམ་ཡིག་གཉིས་ཀའི་རྩོམ་བྱང་དང་རྩོམ་ལུས་དངོས་སོགས་ལ་རྩོམ་སྟངས་མི་གཅིག་པའི་ཆ་སོགས་ཡོད་པ་རྣམས། རྒྱབ་ལྗོངས་སམ་རྒྱུ་རྐྱེན་གང་ལ་ཐུག་མིན་དཔྱད་གཞི་གནད་དོན་ཅན་ཞིག་ཏུ་གྱུར་ཏེ་ནུས་པས་གང་ལྕོགས་ཀྱིས་གླེང་རྒྱུ་དང་འབྲེལ། གནད་དེའི་དཔྱད་ཞིབ་ཀྱི་རྒྱུད་རིམ་ལས་སོ་སོར་གོ་རྟོགས་དང་རྒྱུས་ལོན་གསར་པ་ཞིག་ཐོབ་པར་འདོད་པས་གླེང་།
དང་པོ། བསྟོད་རྩོམ་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་ཏེ་རྩོམ་སྟངས་མི་འདྲ་བའི་ཁྱད་པར་གཙོ་བོ་གང་ཡིན་ལྟ་བ།
སྟོན་པ་ཐུབ་པའི་དབང་པོར་བསྟོད་པར་གྱུར་པའི་<<ཁྱད་པར་འཕགས་བསྟོད་>>དང་<<ལྷ་ལས་ཕུལ་བྱུང་གི་བསྟོད་པ་>>གཉིས་ཀྱི་རྩོམ་པ་པོ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་ཞེས་བྱ་བའི་སྤུན་མཆེད་གཉིས་ཡིན། ཁོང་གཉིས་ནི་“བཀའ་བསྡུ་བ་གསུམ་པའི་མཇུག་ཐེག་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པའི་མགོ་བརྩམས་པའི་སྐབས་སུ། ཡུལ་མ་གདྷར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་བྱ་བའི་སྤུན་མཆེད་གཉིས་བྱུང་། ”ཞེས་གསལ་བ་དང་། གཉིས་ཀའི་ཁྱིམ་དང་ཡབ་མེས་ཚོའི་མི་རྒྱུད་ནས། ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོར་དད་པ་དང་དམ་ཚིག་མི་ལྷོད་པར་འཛིན་པའི་བྲམ་ཟེའི་རིགས་རྒྱུད་ཅིག་ཡིན་པ་མ་ཟད། མཐོ་བཙུན་དང་བདེ་བྱེད་གཉིས་ཀ་ཕྱི་ནང་གྲུབ་མཐའ་ལ་མཁས་པ་ཡིན་མོད། ཕྱིས་སུ་ཐོ་བཙུན་ནི་ཐེ་ཚོམ་དུ་གྱུར་ཏེ་ཐུབ་པ་དང་དབང་ཕྱུག་གཉིས་ལས་ཕྱི་མ་ཁོ་ན་བཟང་བར་སྙམ་པ་དང་། བདེ་བྱེད་བདག་པོ་ནི་སྔར་ནས་སངས་རྒྱས་ལ་དད་པར་གྱུར་ཏེ་ཁོང་གཉིས་བར་དུ་མི་མཐུན་པ་ལྟ་བུར་བྱུང་བ་ལས། དོན་དུ་གང་ཞིག་མཆོག་མིན་ཐད་ལ། མས་སྐུལ་མ་བཏང་བ་ལྟར་དབང་ཕྱུག་ཆེན་པོའི་གནས་སུ་གྲགས་པ་རི་བོ་ཏི་སེར་ལྷ་དབང་ཕྱུག་མཇལ་དུ་འགྲོ་སྐབས། “གནས་དེར་ཇི་ཙམ་ཞིག་ན་དགྲ་བཅོམ་ལྔ་བརྒྱ་བྱ་འཕུར་བ་ལྟར་ནམ་མཁའ་ནས་འཕུར་ཏེ་བྱུང་བ་ལ། དབང་ཕྱུག་ཆེན་པོ་འཁོར་དང་བཅས་པས་ཕྱག་བྱས་ཤིང་གདུགས་གསོལ་ནས་ཆོས་ཉན་”བཞིན་ཡོད་པ་ལ། མཐོ་བཙུན་དང་བདེ་བྱེད་གཉིས་ཀྱིས་དྲི་བ་དྲིས་པ་སྟེ་“དེའི་ཚེ་བྲམ་ཟེེ་སྤུན་མཆེད་གཉིས་ཀྱིས་ལྷ་ཆེན་པོ་ལ་དྲི་བ་བྱས་པས།” དེའི་ལན་དུ་“ལྷ་ཆེན་གྱིས་སྨྲས་པར་ཐར་པ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ་”ཞེས་བརྗོད་པར་བརྟེན། ཁོང་གཉིས་ཡིད་རབ་ཏུ་མགུ་སྟེ་ཡུལ་ལ་ལོག་ནས་ཕྱི་རོལ་པའི་སྟོན་པ་དང་ཆོས་ལུགས་སོགས་རྩ་ནས་བོར་ཏེ། ནང་པའི་བསྟན་ལ་ཡང་དག་པར་ཞུགས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ལ་ལེགས་པར་སྦྱངས་ནས། ཐུབ་པ་སངས་རྒྱས་དང་ཕྱི་རོལ་པའི་སྟོན་པ་གཉིས་ལེགས་ཉེས་ལ་སོགས་དབྱེ་འབྱེད་ཀྱི་ཆེད་དུ། མཐོ་བཙུན་གྱིས་<<ཁྱད་པར་འཕགས་བསྟོད་>>དང་བདེ་བྱེད་བདག་པོས་<<ལྷ་ལས་ཕུལ་བྱུང་གི་བསྟོད་པ་>>“བརྩམས་ཏེ་ཚོང་འདུས་དང་རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས་”པ་སོགས་གསལ་བ་ནི། བསྟོད་རྩོམ་འདི་གཉིས་དང་འབྲེལ་བའི་གཏམ་རྒྱུད་ལས་མངོན་པའི་རྩོམ་པའི་རྒྱབ་ལྗོངས་དང་། སྐབས་དེའི་སྤྱི་ཚོགས་ནང་གི་མི་ཞིག་གི་ཆོས་ལུགས་དད་མོས་དང་། ཆོས་ཉམས་ལེན་དང་འབྲེལ་བའི་གནས་སྟངས་སོགས་གཏམ་རྒྱུད་དེ་དག་ལས་གསལ་འདོན་སོགས་བྱེད་པར་བརྟེན། རྩོམ་རིག་ལོ་རྒྱུས་སྟེང་གི་ཕུལ་དུ་བྱུང་བའི་བསྟོད་རྩོམ་སྙན་ངག་གི་བརྩམས་ཆོས་འདི་གཉིས་གྲུབ་ཡོད་པར་སྣང་།
ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བའི་བསྟོད་རྩོམ་གཉིས་ཀྱི་གཏམ་རྒྱུད་འདི་ནི། བསྟོད་པ་གཉིས་བོད་འགྱུར་བྱུང་རྗེས་ཀྱི་བོད་རྩོམ་ཁག་ལས་གསལ་བ་ཞིག་ཡིན་མོད། སྐབས་དེའི་གཏམ་རྒྱུད་དངོས་རྒྱ་གར་ལེགས་སྦྱར་སྐད་དུ་བྱུང་ཡོད་པ་ལས། བརྩམས་ཆོས་གཉིས་དང་འབྲེལ་ཏེ་བོད་ཀྱི་རྩོམ་པ་པོས་གསར་བཟོའམ་རྟོག་བཟོས་བསྐྲུན་པ་ཞིག་མ་ཡིན་པ་དང་། བོད་རྩོམ་ལས་མ་གཏོགས་ལེགས་པར་སྦྱར་བའི་སྐད་ཀྱི་རྩོམ་ལ་མི་འཇུག་ཐུབ་ནའང་། གཏམ་རྒྱུད་དེ་དག་ལེགས་སྦྱར་སྐད་དུ་དངོས་སུ་བྱུང་མེད་ན་བོད་འགྱུར་བསྟོད་རྩོམ་གཉིས་དང་འབྲེལ་བའི་བོད་རྩོམ་ལས་ཡོང་མི་སྲིད་པ་ཞིག་ཏུ་མཐོང་། གཏམ་རྒྱུད་དེ་དག་ཐད་རྒྱས་པར་ངེས་དགོས་ན་ཆབ་འགག་རྟ་མགྲིན་གྱི་<<བོད་ཀྱི་རྩོམ་རིག་ལོ་རྒྱུས་>>དང་<<བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་>> ཞེས་པ་སོགས་ལས་གསལ་རྟོགས་ཐུབ་པ་ཡིན།
བསྟོད་པ་འདི་གཉིས་རྩ་བའི་ཐུབ་པ་དང་ཕྱི་རོལ་མུ་སྟེགས་པའི་སྟོན་པའི་དབར་གཤིབ་བསྡུར་གྱི་རྩོམ་ཐབས་སྤྱད་ནས། སྟོན་པ་སངས་རྒྱས་གཞན་ལས་ཁྱད་པར་དུ་འཕགས་པའི་སྒོ་ནས་བསྟོད་པའི་སྙན་རྩོམ་ཡིན་པར་འདྲ་ནའང་། ཁྱད་པར་འཕགས་བསྟོད་ལས་སངས་རྒྱས་དེ་ཉིད་ཕྱི་རོལ་པའི་སྟོན་པ་ལས་ལྟ་སྤྱོད་སོགས་གང་གི་ཆ་ནས་སྐྱོན་དང་བྲལ་ཞིང་། ཁྱད་པར་དུ་འཕགས་པའི་ཡོན་ཏན་གྱི་ཁྱད་ཆོས་སོགས་གཙོ་བོར་ལྡན་པའི་ཆ་ནས་བརྩམས་པར་རྩོམ་གྱི་ཁ་བྱང་ལས་ཀྱང་ཅུང་ཟད་གསལ་བོ་བསྟན་པ་དང་། སངས་རྒྱས་སུ་གཞན་དུ་འཇིག་རྟེན་པའི་ལྷ་དེ་དག་ལས་ལྷག་པའི་ཁྱད་འཕགས་ཀྱི་རང་བཞིན་དང་ལྡན་པའི་ཚུལ་དེའང་། རྩོམ་གྱི་ཚིག་ངོས་ལས་ཐག་གཅོད་རང་བཞིན་གྱི་རྣམ་པ་ཤུགས་ཆེར་མངོན་གསལ་དོད་པོར་བསྟན་པའི་ཁྱད་པར་དང་བཅས་ཡོད་པ། བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས་སྟོན་པ་མཆོག་དང་ཕྱི་རོལ་པའི་སྟོན་པ་ལྷ་དབང་ཕྱུག་སོགས་ཀྱི་དབར་རང་བཞིན་དང་ཆ་ལུགས་སོགས་ཕན་ཚུན་གཤིབ་བསྡུར་བགྱིས་པའི་རྣམ་པ་ཤུགས་ཆེ་བ་ཙམ་མ་ཟད། ཐུབ་པ་སངས་རྒྱས་ཕྱི་རོལ་འཇིག་རྟེན་པའི་ལྷ་དབང་ཕྱུག་སོགས་ཀྱི་མཐུ་དང་ནུས་པ་དེ་དག་ལས་ཕུལ་དུ་བྱུང་བའི་ཁྱད་ཆོས་སོགས་དང་མངའ་བར་བརྟེན། འཇིག་རྟེན་པའི་ལྷ་དེ་དག་ལས་ཆེས་ཕུལ་དུ་བྱུང་བའི་རང་བཞིན་ཅན་ཞིག་ཡིན་པར་བསྟན་པར་བསྟོད་རྩོམ་ཉིད་ཀྱི་ཁ་བྱང་ལས་ཀྱང་རྟོགས་ཐུབ་པ་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་རྩོམ་གྱི་ཚིག་ངོས་རྣམ་པ་དེ་དག་ལས། ཕྱོགས་གཉིས་ཀྱི་བྱ་སྤྱོད་ཀྱི་རང་བཞིན་དང་ཆ་ལུགས་སོགས་ལས་སུ་ཞིག་ཕུལ་དུ་བྱུང་མིན་གསལ་སྟོན་བྱས་ཡོད་ནའང་། ཚིག་ངོས་རྣམས་ལས་སྟོན་པ་སངས་རྒྱས་ནི་དེ་དག་ལས་ཆེས་ཕུལ་དུ་བྱུང་བའི་ཐད་ལ། གཞན་ལ་དཔྱད་གནས་ཀྱི་ངོ་བོར་གནས་པའི་ཐོག་ཏུ་བརྩམས་ཡོད་པའི་ཁྱད་པར་བཅས་ཡིན་པ་བསྟོད་རྩོམ་གཉིས་ཕན་ཚུན་གཤིབ་བསྡུར་བྱས་པ་ལས་ངེས་ཤེས་ཐུབ་པར་སེམས།
རྩོམ་སྟངས་མི་འདྲ་བའི་ཁྱད་པར་གཞན་ཞིག་ནི། གཉིས་ཀའི་རྩོམ་ལུས་ཀྱི་ཚིག་རྐང་མང་ཉུང་གི་ཆ་ཡོད་པ་སྟེ། ཁྱད་པར་འཕགས་བསྟོད་ལ། མགོ་མཇུག་མེད་པར་ཚེག་བར་བདུན་མ་ཅན་ཡིན་པ་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ནི། གོང་གསལ་དེ་དང་མི་འདྲ་བ། ཚེག་བར་བདུན་མ་ཡོད་པ། ཚེག་བར་དགུ་མ་ཡོད་པ། ཚེག་བར་བཅུ་གཅིག་ཡོད་པ། ཚེག་བར་བཅུ་གསུམ་ཡོད་པ། བཅོ་ལྔ་ཡོད་པ། བཅུ་དྲུག་ཡོད་པ། བཅུ་བདུན་ཅན་བཅས་ཡོད་པར་རྩོམ་ཡིག་དངོས་ལས་གྲངས་བརྩིས་བྱས་ན་གསལ་བོར་ངེས་རྒྱུ་ཡོད་པར་འགྱུར།
གཉིས་པ། བསྟོད་རྩོམ་དེ་གཉིས་ཀྱི་རྩོམ་སྟངས་མི་འདྲ་བའི་ཁྱད་པར་དེ་ལྟ་བུའི་འབྱུང་རྐྱེན་ལྟ་བ།
ཁྱད་པར་འཕགས་བསྟོད་ཅེས་པའི་ཁ་བྱང་ཐོག་ལ་གཞིགས་ན། སྟོན་པ་སངས་རྒྱས་དེ་ཉིད་ཕྱི་རོལ་པའི་ལྷ་དབང་ཕྱུག་སོགས་ལས་སྐྱོན་ཡོན་གཉིས་ཀྱི་ཁྲོད། ཡོན་ཏན་གྱི་ཆ་ཡོངས་སུ་རྫོགས་ཤིང་། ཐུབ་པ་སངས་རྒྱས་ཀྱི་ལྟ་སྤྱོད་ཆ་དང་། གྲུབ་མཐའི་ཆ་སོགས་ཀྱི་ཆེས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་དེ་དག་དང་ལྡན་པར་བསྟན་པ་དང་། སངས་རྒྱས་ལ་མངའ་ཞིང་གཞན་དག་ཕྱི་རོལ་པའི་ལྷ་དེ་དག་ལ་མེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་བྱར་བཟུང་བར་བརྟེན་ཏེ། ཁྱད་པར་འཕགས་པའི་བསྟོད་པ་ཞེས་པའི་མཚན་ཐོགས་པ་དེའང་“སྤྱིར་མཚན་འདོགས་ཚུལ་ལ་དཔེ་དང་རྗོད་བྱེད་ཀྱི་གཞུང་ཚད་དང་། རྩོམ་པ་བོའི་མིང་དང་། ཞུ་བ་བོ་དང་། གནས་ལས་བཏགས་པ་སོགས་མང་ཡང་། འདིར་ནི་བརྗོད་བྱའི་ངོས་ནས་བཏགས་པ་སྟེ། སྟོན་པ་སངས་རྒྱས་བཅོམ་འདས་ནི་འཇིག་རྟེན་པའི་སྟོན་པ་གཞན་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཚུལ་བརྗོད་བྱའི་གཙོ་བོ་བྱས་ཏེ་བསྟོད་པས་ན། ཁྱད་པར་དུ་འཕགས་པའི་བསྟོད་པ་ཞེས་བཏགས་སོ། །” ཞེས་གསལ་བས་སྟོན་པ་སངས་རྒྱས་མཆོག་ལ་གཞན་ལས་ཁྱད་པར་འཕགས་པའི་ལྟ་སྤྱོད་དམ་ཡོན་ཏན་སོགས་མངའ་ཚུལ་བརྗོད་བྱར་བཟུང་བའི་བསྟོད་རྩོམ་ཡིན་པས་མཚན་དེ་ལྟར་དུ་ཐོགས་པ་དང་། གནད་དེ་ལས་སངས་རྒྱས་ནི་ཕྱི་རོལ་དབང་ཕྱུག་ལས་ཡོན་ཏན་གྱི་ཆ་ཁྱད་པར་དུ་འཕགས་པ་དང་ལྡན་པར་བསྟན་པ་གསལ་བོ་བསྟན་པར་གྱུར།
སངས་རྒྱས་ལ་ཡིད་གཉིས་ཐེ་ཚོམ་དང་བྲལ་ཞིང་ཐག་གཅོད་རང་བཞིན་དང་ལྡན་པའི་སྒོ་ནས། རང་གིས་སྐྱབས་སུ་འཛིན་པ་དང་གཞན་ལས་ཁྱད་དུ་འཕགས་པར་བསྟན་པ་ཡང་། ཁྱད་པར་འཕགས་བསྟོད་ཀྱི་རྩོམ་འགོ་འཛུགས་སྟངས་ཀྱི་ཚིག་རིས་ལ་གཞིགས་ན་ཤེས་ཐུབ་པ་སྟེ། “བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །” ཞེས་པ་ལས་དོན་དུ་མཐོ་བཙུན་ཉིད་ཀྱིས་ཕྱི་རོལ་པའི་སྟོན་པའམ་ལྷ་དབང་ཕྱུག་དང་སྟོན་པ་གཟེགས་ཟན། སེར་སྐྱ་ལ་སོགས་སྐྱབས་སུ་འཛིན་པར་སྤངས་པའམ་དོར་ནས། བདུད་བཞི་སོགས་རབ་ཏུ་བཅོམ་པའམ་ཡོངས་སུ་དོར་བའི་སངས་རྒྱས་ཁྱོད་ལ་སྐྱབས་སམ་སྟོན་པ་འཛིན་པར། སྐྱོན་དང་བྲལ་ཞིང་ཡོན་ཏན་དང་ལྡན་པས་ཕྱི་རོལ་པའི་སྟོན་པ་དྲང་སྲོང་སེར་སྐྱ་ལ་སོགས་ལས་ཁྱད་པར་དུ་འཕགས་པའི་བསྟོད་པ་བརྗོད་ཅིང་། སྟོན་པ་དེ་ཉིད་ནི་སྐྱབས་སུ་འོས་པའི་ཁྱད་འཕགས་ཀྱི་ཡོན་ཏན་སོགས་ཚང་བར་བསྟན་པ་སོགས། རྩོམ་གྱི་ཚིག་ངོས་རང་ལས་ཀྱང་ཐག་གཅོད་རང་བཞིན་ཆ་ལའང་ཤུགས་ཆེར་ལྡན་པར་མཐོང་།
བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས་ཐུབ་པ་སངས་རྒྱས་དང་ཕྱི་རོལ་པའི་སྟོན་པ་གཉིས་ཀྱི་དབར་དུ་ཆ་ལུགས་དང་རང་བཞིན་སོགས་གཤིབ་བསྡུར་བྱས་ནས། སངས་རྒྱས་དེ་དག་ལས་ཕུལ་བྱུང་དུ་བྱུང་མིན་ཐག་གཅོད་རང་བཞིན་གྱི་ཆ་དེ། ཚིག་ཟིན་ལས་མ་མངོན་པར་གཞན་ལ་དཔྱད་གནས་ཀྱི་ངོ་བོ་གཙོར་སྟོན་བྱས་ཡོད་པ་ནི། རྩོམ་འགོ་འཛུགས་སྐབས་དང་རྩོམ་གྱི་ཚིག་ལུས་གཞན་ལས་ཀྱང་ངེས་ཐུབ་པ་ཡིན་ལ། ཐོག་མར་རྩོམ་འགོའི་སྐབས་ནས་“བཅོམ་ལྡན་བདེ་གཤེགས་མངོན་སུམ་མ་གྱུར་ཁྱབ་འཇུག་མིན། །ཚངས་པ་མ་ཡིན་ལྷ་ཆེན་པོ་ཡང་མ་མཐོང་སྟེ། །དེ་དག་གི་གཟུགས་མཐུ་དང་བསམ་པ་སྤྱོད་པ་རྣམས། །ཐོས་ནས་སུ་ལ་ཡོན་ཏན་ཡོད་དམ་མེད་པ་དཔྱད། །” ཞེས་པའི་དོན་ལ་ཉོན་མོངས་པ་ལ་སོགས་བདུད་བཞི་བཅོམ་པར་བྱས་ནས་དོན་གཉིས་ཐམས་ཅད་ཡང་དག་པར་རྟོགས་པས་སྟོན་པ་བདེ་བར་གཤེགས་པ་མཆོག་དང་། ཕྱི་རོལ་ཁྱབ་འཇུག་དང་ཚངས་པ། ལྷ་དབང་ཕྱུག་ལ་སོགས་མངོན་སུམ་དུ་མ་གཞལ་ཡང་། དེ་དག་གི་གཟུགས་དང་བསམ་པ། སྤྱོད་པ་ལ་སོགས་པ་ཐོས་པ་རྣམས་ལས་གང་ལ་ཡོན་ཏན་དང་ལྡན་མིན་དཔྱད་པར་བྱ་རྒྱུའི་གནས་སུ་བསྟན་པ་ལས། སངས་རྒྱས་ནི་ཕྱི་རོལ་པའི་སྟོན་པ་གཟེགས་ཟན་སོགས་ལས་ཁྱད་པར་དུ་འཕགས་ཚུལ་ཚིག་ཟིན་ལ་ཐག་གཅོད་རང་བཞིན་གྱི་རྣམ་པ་མངོན་གསལ་མེད་ཅིང་རྒྱུ་མཚན་དང་འབྲེལ་གཞན་ལ་དཔྱད་གནས་རང་བཞིན་གྱི་ཆ་གཙོ་ཆེར་གསལ་བས་ཁྱད་པར་དང་བཅས་པ་མཐོང་།
བསྟོད་རྩོམ་དེ་གཉིས་ཀྱི་འགོ་རྩོམ་པའི་ཚིག་རིས་ཙམ་མིན་པར་གཞན་ནས་ཀྱང་གོང་སྨོས་བཞིན་དུ་གསལ་ཐུབ་པ་ནི་གཞུང་ཚིག་དངོས་ལས་ངེས་པ་སྟེ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། “གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན། །” ཞེས་པ་ལ་སྐྱོན་ཐམས་ཅད་དང་བྲལ་ཞིང་། ཡོན་ཏན་ཡོངས་སུ་རྫོགས་པར་སུ་ལ་ལྡན་ཡོད་ན། དེ་ཉིད་ཚངས་པ་དང་ཁྱབ་འཇུག་སོགས་ཡིན་ཡང་བདག་གི་སྟོན་པ་ཡིན་པར་བསྟན་པ་ལས། སངས་རྒྱས་མཆོག་ཡིན་པར་ཐག་གཅོད་ཀྱི་ཆ་མེད་པར་གཞན་ལ་དཔྱད་གནས་རང་བཞིན་གྱི་བསམ་བློ་གཙོ་བོ་མངོན་པའི་ཁྱད་པར་ཡོད་པར་སྣང་མོད། ཁྱད་པར་འཕགས་བསྟོད་ལས་འགོ་རྩོམ་པའི་ཚིག་རིས་ཙམ་མིན་པར་ཚིག་རིས་གཞན་ལས་ཀྱང་སྟོན་པ་སངས་རྒྱས་ཕྱི་རོལ་པ་སོགས་ལས་ཁྱད་པར་དུ་འཕགས་ཚུལ་བརྗོད་སྐབས། གཞན་སྐྱོན་ཐེར་འདོན་བྱས་ཏེ་སངས་རྒྱས་ཁྱད་པར་དུ་འཕགས་ཚུལ་བརྗོད་པ་ཙམ་མིན་པ་ཐག་གཅོད་རང་བཞིན་ཆ་རྣམས་རྩོམ་གྱི་ཚིག་ཟིན་ལས་མངོན་གསལ་ཆེ་བའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འོས་པ་དང་ཕྱི་རོལ་པའི་ལྷ་དེ་དག་ལས་ཁྱད་པར་དུ་འཕགས་པར་བསྟན།
དོན་དུ་དེ་གཉིས་རྩོམ་སྟངས་མི་འདྲ་བའི་འབྱུང་རྐྱེན་ལ་ཁྱད་པར་འཕགས་ལས་གཙོ་བོ་སངས་རྒྱས་ལ་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་སོགས་དང་ལྡན་ཞིང་། དེའང་ཐུབ་པ་སངས་རྒྱས་དེ་དག་ལས་ཁྱད་འཕགས་ཡིན་པ་དང་མཆོག་ཏུ་འཛིན་པར་ཐག་གཅོད་རང་བཞིན་ཆ་སོགས་རྩོམ་གྱི་དངོས་ཟིན་ལས་ཤུགས་ཆེར་མཐོང་བ་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས་གྲགས་ཆེ་བའི་ཕྱི་རོལ་འཇིག་རྟེན་པའི་ལྷ་དེ་དག་གི་མཐུ་དང་ནུས་པ། བྱ་སྤྱོད་དང་ཆ་ལུགས། རང་བཞིན་སོགས་དང་ཕན་ཚུན་གཤིབ་བསྡུར་ཤུགས་ཆེན་བྱས་པ་ལས། ཐུབ་པ་སངས་ཀྱི་ཀུན་སྤྱོད་དང་། ཆ་ལུགས། ལྟ་སྤྱོད་སོགས་ནི་དེ་དག་ལས་ཆེས་ཕུལ་དུ་བྱུང་བའི་རང་བཞིན་ཅན་ཞིག་ཡིན་པས་ལྷ་ལས་ཕུལ་བྱུང་བར་བསྟན་པ་དང་འབྲེལ། བརྗོད་ཚུལ་དེའང་ཐག་གཅོད་རང་བཞིན་གྱི་ཆ་མེད་པར་རྒྱུ་མཚན་དང་གཞན་ལ་དཔྱད་གནས་རང་བཞིན་གྱི་ངོ་བོ་དང་བཅས་པ་སོགས་ཡོད།
ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་ཀྱི་རྩོམ་ལུས་ཚིགས་བཅད་ཁོ་ན་ལས་གྲུབ་པ་ཡིན་ཡང་། ཁྱད་པར་བྱུང་བའི་ཆ་གཙོ་བོ་དེ། ཁྱད་པར་འཕགས་བསྟོད་ལ་འགོ་མཇུག་མེད་པར་ཚེག་བར་བདུན་མ་ཉིད་དུ་ངེས་པ་ཞིག་སྟེ། ཁྱད་པར་འཕགས་བསྟོད། “བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཁྱབ་འཇུག་དབང་ཕྱུག་ལ་སོགས་པ། །དེ་ལ་སྐྱེ་བོ་དགའ་དད་པས། །དེ་ཡི་ཡོན་ཏན་གང་བསྒྲགས་པ། །ཁྱོད་ཀྱི་བསྟན་ལ་དེ་དག་སྐྱོན། །” ཞེས་པ་དང་། “ཁྱོད་ཀྱི་ཡོན་ཏན་ཡང་དག་པ། །རྣམ་པ་འདི་ལྟར་རབ་བརྗོད་པས། །བདག་གི་བསོད་ནམས་གང་ཐོབ་དེས། །འགྲོ་བའི་འཇིག་རྟེན་ཁྱོད་འདྲར་ཤོག །མགོན་པོ་ཁྱད་པར་འཕགས་བསྟོད་པ། །བཏོན་པས་བདག་གིས་དགེ་བསགས་པ། །གང་ཡིན་དེས་ནི་འགྲོ་བ་ཀུན། །བྱང་ཆུབ་ལམ་ལ་གཞོལ་གྱུར་ཅིག །” བཅས་པའི་རྩོམ་གྱི་ཚེག་བར་དེ་དང་འདི་འདྲ་བར། ཁྱད་པར་འཕགས་བསྟོད་ཀྱི་རྩོམ་ལུས་ཚིགས་བཅད་བདུན་མ་ཡིན་པ་གཅིག་མཚུངས་ཡིན་མོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལ་མཚོན་ན་གོང་གསལ་ས་བཅད་སྔར་མར་སྨོས་པ་བཞིན། དཔེ་མཚོན་དྲངས་ན། “གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན།” ཞེས་པ་ཚེག་བར་བདུན་མ་དང་། ལྷ་ལས་ཕུལ་བྱུང་ལས་“སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། ཐེ་ཚོམ་གྱིས་སམ་གཞན་གྱིས་ངོར་ཡང་རུང་། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད། །དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་ཐོབ། །” ཅེས་པ་ཚེག་བར་དགུ་མ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས་“ཁྱབ་འཇུག་དཔུང་དྲག་མཚོན་ཆ་དབྱུག་ཏོ་ཐོགས་པར་བརྩོན། །ལྷ་ཆེན་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱི་བཞག །སངས་རྒྱས་ཆ་ལུགས་གཅིག་ཏུ་ཞི་བའི་ཕུལ་ཕྱིན་ན། །ཉེ་བར་ཞི་དང་མ་ཞི་གང་ལ་མཆོད་པར་བྱ། །” ཞེས་ཚེག་བར་བཅུ་གཅིག་ཅན། “པདྨ་ཁ་ཕྱེ་རྒྱས་པའི་འདབ་ལྟར་དཀྱུས་རིང་སྤྱན་མངའ་བ། །བསྟོད་པའི་ཆུ་ཀླུང་སྟོང་གིས་རྒྱ་མཚོ་དེ་ལྟར་བསྟོད་བགྱིས་པ། །བདག་གི་ཚིག་གིས་བསྐྲུན་པའི་དགེ་བ་ཅུང་ཟད་ཅི་མཆིས་པ། །དེས་ནི་སེམས་ཅན་ཐམས་ཅད་བདེ་བ་དག་དང་ལྡན་གྱུར་ཅིག །” ཅེས་པ་ཚེག་བར་བཅུ་གསུམ་ཅན། ལྷ་ལས་ཕུལ་བྱུང་བསྟོད་པ། ལས་“བརྒྱ་བྱིན་རྡོ་རྗེ་ཐོགས་ཤིང་སྟོབས་ཅན་གཤོལ་ཐོགས་ཁྱབ་འཇུག་འཁོར་ལོའི་མཚོན་ཐོགས་དང་། སྐེམ་བྱེད་མདུང་ཐུང་ཐོགས་ལྷ་ཆེན་རྩེ་གསུམ་མཚོན་ཐོགས་སྡུག་བསྔལ་འཇིགས་པས་ཉེན། །རྟག་ཏུ་སྲོག་ཆགས་འཇོམ་པར་བརྩོན་པ་དེ་ལ་མཁས་པ་སུ་ཞིག་འདུད་པར་བྱེད། །གང་ཞིག་རྩེ་གསུམ་མི་བསྣམས་ཆགས་བཅས་མཆན་ན་ཆུང་མ་མེད།” ཅེས་པ་ཚེག་བཅུ་བདུན་ཅན་སོགས་ཡོད་པ་ལས། དོན་དུ་བསྟོད་པ་གཉིས་ཀྱི་ཚེག་བར་གཅིག་ལ་བདུན་མ་ཅན་ཁོ་ན་དང་། གཅིག་ཤོས་ནི་བདུན་དང་བཅོ་ལྔ། བཅུ་བདུན་སོགས་འདྲ་མིན་ཞིག་ཡིན་པར་ཁྱད་པར་བྱུང་བ་བཅས་གསལ་བོར་རྟོགས་ཡོང་བ་དང་འབྲེལ་རེ་ཞིག་དེ་ཙམ་གྱིས་མཇུག་བསྡུས་པའོ། །
མཇུག་གི་གཏམ།
རྩོམ་ཐུང་འདིའི་རྒྱུ་ཆ་འཚོལ་བསྡུ་དང་ལྟ་ཀློག་སོགས་བྱས་པའི་བརྒྱུད་རིམ་ཁྲོད། བསྒྱུར་རྩོམ་སྙན་ངག་འདི་གཉིས་ནི། རྒྱ་གར་དུ་དུས་རབས་བདུན་པའི་སྔོན་ཙམ་ཞིག་ལ་མཐོ་བཙུན་གྲུབ་རྗེས་ཁྱད་པར་འཕགས་བསྟོད་དང་བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་བརྩམས་ཚུལ་ཐད་ལ། དུས་ཚིགས་ཁ་གསལ་ཞིག་ད་དུང་རག་མེད་པ་ལྟ་བུ་ཡིན་ཡང་། བསྟོད་པ་གཉིས་བོད་དུ་དུས་རབས་བཅུ་པའི་མཇུག་གམ་བཅུ་གཅིག་ཙམ་ལ་འགྱུར་བའི་དུས་ཚིགས་ལ་གཞིགས་ནས། རྒྱ་གར་དུ་གོང་གསལ་གྱི་དུས་རབས་དེའི་སྔོན་ཙམ་ལ་བརྩམས་པར་དཔྱད་དཔོག་ཚུལ་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་འགའ་རེ་ལས་བསྟན།
བསྟོད་པའི་སྙན་ངག་འདི་གཉིས་བརྩམས་པའི་རྒྱུ་དང་རྐྱེན་མང་པོ་ཞིག་ཚོགས་ཡོད་པ་ལས། འབྱུང་རྐྱེན་གཙོ་བོ་ཞིག་ནི། བསྟོད་པ་གཉིས་དང་འབྲེལ་བའི་སྐབས་དེའི་གཏམ་རྒྱུད་ཅིག་ལ་ཐུག་ཡོད་པ་དང་། གཏམ་རྒྱུད་དེ་ཡང་སྟེ། ཡབ་མེས་ཁྱིམ་དང་བཅས་པར་ཕྱི་རོལ་པའི་ལྷ་དབང་ཕྱུག་གི་ཆོས་དང་དེའི་གྲུབ་མཐའི་རྗེས་འབྲངས་སུ་གྱུར་པ། ཡུལ་མ་ག་དྷར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་བྱ་བའི་སྤུན་གཉིས་བྱུང་ཞིང་། རྗེས་སུ་བརྟག་དཔྱད་སོགས་རིམ་པར་བརྒྱུད་དེ། ཕྱི་རོལ་བའི་སྟོན་པ་དང་བསྟན་པ་རྣམས་རྩ་ནས་བོར་བ་ལས། སྤུན་མཆེད་གཉིས་ནང་པའི་བསྟན་པར་ཞུགས་ཏེ། སངས་ཤྭཀྱ་ཐུབ་པ་དང་དེའི་བསྟན་པ། ཕྱི་རོལ་པའི་སྟོན་པ་དང་དེའི་བསྟན་པ་གཉིས་ཀྱི་དབར་ལེགས་ཉེས་སོགས་རྣམ་པར་འབྱེད་པའི་ཕྱིར། སངས་རྒྱས་ལ་བསྟོད་པ་མཐོ་བཙུན་གྱིས་ཁྱད་པར་འཕགས་བསྟོད་དང་། བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་བརྩམས་ཚུལ་སོགས་ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བའི་གཏམ་རྒྱུད་དེ་དག་ཡིན་པར་འདོད། སྐབས་འདིར་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དེ་དང་འབྲེལ་ཏེ་བསྟོད་རྩོམ་གཉིས་གླེང་བའི་གཏམ་རྒྱུད་དེའང་། བསྟོད་པ་གཉིས་བོད་འགྱུར་བྱུང་བའི་བོད་རྩོམ་ཁག་ལས་ཇི་ལྟར་གསལ་བ་བཞིན་གཞིར་བཅོལ་ཡོད།
ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་འདི་གཉིས་རྩོམ་སྟངས་མི་འདྲ་བའི་ཁྱད་པར་དང་དེའི་འབྱུང་རྐྱེན་ལ་གཞིགས་ན། ཁྱད་པར་འཕགས་བསྟོད་ནི། སྟོན་པ་སངས་རྒྱས་དེ་ཉིད་ཕྱི་རོལ་མུ་སྟེགས་པའི་སྟོན་པ་དང་དེའི་བྱ་བྱེད་སོགས་ལས། ཆེས་ཁྱད་པར་དུ་འཕགས་པའི་ཡོན་ཏན་སོགས་ཀྱི་ཁྱད་ཆོས་དང་ལྡན་པར་བསྟན་པའི་ཆ་ཡང་། བརྩམས་ཆོས་ཀྱི་ཁ་བྱང་དེ་ཉིད་ལས་ཀྱང་གསལ་བར་ཐོན་པ་མ་ཟད། སངས་རྒྱས་ཕྱི་རོལ་པའི་ལྷ་གཞན་ལས་ཁྱད་པར་དུ་འཕགས་པ་ལའང་། བརྩམས་ཆོས་ཀྱི་ཚིག་ངོས་ནས་ཐག་གཅོད་རང་བཞིན་གྱི་ཆ་སོགས་གསལ་བོར་བསྟན་ཏེ་ཐུབ་པ་གཞན་ལས་ཁྱད་པར་དུ་འཕགས་པའི་བསྟོད་པ་བརྩམས་པར་གསལ་ཞིང་། རྩོམ་ལུས་ཚིགས་བཅད་ཡིན་ཡང་ཚེག་བར་བདུན་མ་ལས་གྲུབ་པ་ཁོ་ནར་ཡིན་མོད། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ནི། གཙོ་བོ་སྟོན་པ་སངས་རྒྱས་དང་འཇིག་རྟེན་པའི་ལྷ་རྣམས་ཀྱི་དབར་ཕྱི་ནང་བྱ་སྤྱོད་ཀྱི་ཆ་སོགས་དབར་གཤིབ་བསྡུར་གྱི་ཆ་མང་ཞིང་། སྟོན་པ་དང་དེའི་བསྟན་པའི་བྱ་བ་རྣམ་གསུམ་ཕྱི་རོལ་པའི་ལྷ་དེ་དག་གི་བྱ་སྤྱོད་ཀྱི་རང་བཞིན་རྣམས་ལས། ཆེས་ཕུལ་དུ་བྱུང་བའི་སྒོ་ནས་བསྟོད་པར་བརྩམས་པ་དང་རྩོམ་ཚུལ་དེའི་ཐད་ཀྱང་། བརྩམས་ཆོས་ཀྱི་ཁ་བྱང་ལས་གསལ་བོ་རྟོགས་ཐུབ་པ་ལ། བསྟོད་རྩོམ་གྱི་ཚིག་རིས་དངོས་ལས་ཀྱང་འཇིག་རྟེན་པའི་ལྷ་དེ་དག་ལས་ཕུལ་བྱུང་ཚུལ་བསྟོད་པ་ལས། མཐའ་གཅིག་ཏུ་སངས་རྒྱས་མཆོག་ཡིན་པ་དང་ཕུལ་བྱུང་བ་སོགས་ནི། རང་ཐག་གཅོད་རང་བཞིན་གྱི་ཆ་སོགས་མངོན་གྱི་མེད་པར་གཙོ་བོ་གཞན་ལ་དཔྱད་གནས་རང་བཞིན་གྱི་ཆ་གསལ་པོར་མངོན་པས་ཁྱད་པར་དང་བཅས་ཡོད་པ་དང་། བརྩམས་ཆོས་གཉིས་ཀ་བཅད་མའི་རྩོམ་ལུས་ཡིན་ནའང་ཚེག་བར་བདུན་མ་རྐྱང་པས་གྲུབ་པ་ཞིག་མ་ཡིན་པར། བདུན་མ་ནས་དགུ་མ་དང་། བཅུ་པ། བཅུ་གཅིག བཅུ་གསུམ། བཅོ་ལྔ། བཅུ་དྲུག་དང་བཅུ་བདུན་སོགས་འདྲ་མིན་ལས་གྲུབ་ཡོད་པས། ཚེག་བར་མང་ཉུང་ཐད་ནས་འདྲ་མིན་དེ་དག་གི་ཆ་དང་ལྡན་པས་ཁྱད་པར་གསལ་བོར་བསྟན་ཡོད་པ་བཅས་ཡིན།
འོན་ཀྱང་བརྗོད་གཞི་འདི་དང་འབྲེལ་བའི་ཡིག་ཆ་དང་པོར་ཁུངས་སུ་བྱས་ཏེ་དཔྱད་དགོས་ན། ཐོག་མར་བསྟོད་པ་གཉིས་ལེགས་སྦྱར་སྐད་ཐོག་ལ་བརྩམས་ཡོད་པའི་རྒྱུ་ཆར་འཇུག་དགོས་པར་ཡིན་མོད། གནད་དོན་དེའི་ཐད་ནས་རང་ལ་ཤེས་ཚད་མེད་པ་དང་ལེགས་སྦྱར་སྐད་ལ་བོད་འགྱུར་བརྩམས་ཆོས་སུ་འཁོད་པ་བཞིན་དུ་ཡོད་མིན་ཡང་ཆ་མི་འཚལ་བ་སོགས་གང་ལྟར་ཡང་། དཔྱད་གླེང་ལྟ་བུ་དོན་ལ་ཆགས་ཡོད་མེད་ལ་མ་ལྟོས་པར་བོད་རྩོམ་ཁག་ལ་ཁུངས་སུ་བྱས་ཏེ་ཅུང་ཟད་བརྗོད་པ་འདིའི་ཐད་ནས། ཐོག་མའི་ལམ་སྟོན་པ་རྩོམ་རིག་ཞིབ་འཇུག་སློབ་དཔོན་རྒན་ཨ་འབྲུག་དཀོན་མཆོག་ལགས་དང་། བསྐྱར་ཞིབ་སོགས་ཀྱི་ཐོག་ལ་དགོངས་ཚུལ་ལམ་སྟོན་ཞུ་སའི་ཞིབ་འཇུག་སློབ་དཔོན་རྒན་གཉན་ཐར་ལགས་གཉིས་ལ་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། གོང་གསལ་སློབ་དཔོན་གཉིས་ཀྱིས་སློབ་སྟོན་གནང་བ་གཞིར་བཟུང་ནས་དཔྱད་གླེང་དོན་ལྡན་ཞིག་འབྱུང་རྒྱུའི་དུས་ཚོད་དང་ནུས་པས་མ་ལྕོགས་པར་ཚིག་དོན་གོ་འཛོལ་ཤོར་བ་སོགས་མང་དག་ཅིག་ཡོད་ངེས་ཡིན་པས། ཀུན་གྱིས་དེ་དག་ཡོ་བསྲང་དང་འབྲེལ་བའི་ལམ་སྟོན་དགོངས་ཚུལ་མི་ཉུང་བ་ཞིག་ཡོང་བའི་རེ་འདོད་དང་བཅས་ཏེ་གནས་སྐབས་མཇུག་གྲུབ་བོ། །
དཔྱད་གཞིའི་ཡིག་ཆ།
ལུང་ཁུངས་ཡིག་ཆ།
༡ བོད་ཀྱི་རྩོམ་རིག་ལོ་རྒྱུས། གཅོད་པ་དོན་གྲུབ་དང་། རྣམ་སྲས་གཉིས་རྩོམ་སྒྲིགས་བྱས། ༢༠༠༩ ལོའི་ཟླ་ ༡༡ པར་བར་ཐེངས་དང་པོ་བཏབ། དེབ་གཉིས་པ།
༢ ཁྱད་པར་འཕགས་བསྟོད། མཐོ་བཙུན་གྲུབ་རྗེ། (མཆན)ཚོགས་པ་དང་མི་སྒེར་གང་གིས་པར་བསྐྲུན་སོགས་མི་གསལ་ཡང་། ༢༠༡༠ ལོར་བསྒྲིགས་པ་བསྟོད་པ་གཉིས་ཀའི་རྩ་འགྲེལ་ཡོད་པའི་དེབ་ཆུང་སེར་པོ་གཞིར་བཟུང་བ་ལས།
༣ལྷ་ལས་ཕུལ་བྱུང་གི་བསྟོད་པ། བདེ་བྱེད་བདག་པོ། (མཆན)ཚོགས་པ་དང་མི་སྒེར་གང་གིས་པར་བསྐྲུན་སོགས་མི་གསལ་ཡང་། ༢༠༡༠ ལོར་བསྒྲིགས་པ་བསྟོད་པ་གཉིས་ཀའི་རྩ་འགྲེལ་ཡོད་པའི་དེབ་ཆུང་སེར་པོ་གཞིར་བཟུང་བ་ལས།
༤ ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན། བསེ་ཚངས་བློ་བཟང་དཔལ་ལྡན་མཆོག
ཟུར་ལྟའི་ཡིག་ཆ།
༡ བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས། རྩོམ་པ་པོ། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོའི་ཟླ་༢པར་པར་ཐེངས་༡པོ་བཏབ།
༢ བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་འཛིན་བྱེ་བའི་རོལ་མཚོ། རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོའི་ཟླ་ ༨ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།
༣ བོད་ཀྱི་རྩོམ་རིག་ལོ་རྒྱུས། རྩོམ་པ་པོ་ཆབ་འགག་རྟ་མགྲིན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ལོའི་ཟླ་ ༧ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།