བསྟན་པ་དར་ཕྱུག
བརྡ་ཆད་གཙོ་བོ།
གླིང་སྒྲུང་། གྲི། བཤད་པ། འབྱུང་ཁུངས། རྣམ་གྲངས།
ནང་དོན་གནད་བསྡུས།
འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་འགའ་ལེགས་པར་བཀླགས་ཏེ་དེ་དག་ཏུ་འཁོད་པའི་གྲིའི་སྐོར་ཟིན་བྲིས་སུ་ཕབ་ནས་གླིང་སྒྲུང་ལས་གྲིའི་སྐོར་ས་བཅད་ཆུང་ཆུང་དྲུག་ལ་དཀྲལ་ཏེ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཀྱི་དཔེ་ལྟར་ཕྲན་བུ་སྤྲོ་རྒྱུ་ཡིན།
སྔོན་གླེང་།
གནའ་བོའི་དུས་སུ་གྲི་དང་མདུང་སོགས་ནི་མིའི་རིགས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་མཚོན་ཆ་གལ་ཆེན་པོ་ཞིག་ཡིན་པ་ལྟར། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་གྲི་མ་དར་པའི་ཡུལ་གྲུ་ཞིག་ཧ་ལམ་མེད་ལ། དེ་བཞིན་བོད་ལ་མཚོན་ན་གྲི་སྔ་མོ་ནས་དར་མྱོང་ཞིང་། གྲི་ལ་བརྟེན་ནས་བོད་ཀྱི་མངའ་ཐང་ཡ་གླིང་གི་རྩེ་མོར་སོང་མྱོང་ཡོད། དེར་བརྟེན་ད་ཐེངས་གུས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རིང་གཙོ་བོར་གཞིར་བཞག་ནས་གྲི་ཡི་སྐོར་འོག་ནས་ས་བཅད་ཆུང་ཆུང་འགའ་རུ་དགར་ཏེ་བཤད་པར་བྱའོ། །
༡ . གྲིའི་བཤད་པ་བརྗོད་པ།
གླིང་སྒྲུང་དུ་གྲི་བཤད་འཁོད་པ་འགའ་ལས་འདི་རུ་<<སོག་སྨད་ཁྲབ་རྫོང>>་དུ་གསལ་པའི་གྲི་བཤད་ཅིག་དྲངས་ན།“ངའི་ལག་ན་བཟུང་བའི་རལ་གྲི་འདི། །རྣོ་ཆོད་ཡ་ཟི་དཀར་ཕྲན་ཟེར། །ལྟག་པ་དཀར་ལ་དགྲ་ལྷ་འཁོར། །ཝེར་མའི་ཤ་ཟ་ཟེངས་སེ་ཡོད། །སྤྲ་རིས་ཁ་ལ་ཕོ་ལྷ་འཁོར། །ཕོ་ལྷས་གཟི་མདངས་ཡ་ལེ་ཡོད། །རྩེ་མོ་རྣོ་ལ་ཆོས་སྐྱོང་འཁོར། །ཆོས་སྐྱོང་མེ་དཔུང་ཤར་སེ་ཡོད། །སེ་རོང་ལྕགས་ནག་ཤ་ལ་དགའ། །ས་ཟན་རྐན་སྒྲ་ཐབས་སེ་ཡོད། །ཁྲོ་ཚ་སྔོན་མོ་ཁྲག་ལ་དགའ། །ཁྲག་འཐུང་ཧུབ་སྒྲ་ཉིལ་ལེ་ཡོད། །བུས་དཀར་ལྕགས་སོ་རུས་ལ་དགའ། །རུས་མིར་ཁྲོབ་སྒྲ་ཉེལ་ལེ་ཡོད། །བཏབ་ན་ཐར་བ་དགྲ་ལ་བསྒྱུར། །གྲི་མགོ་མཛེར་རྒྱན་དཔའ་ལུང་དང་། །ཁ་ཕོར་ཤུབས་ཁྲ་རིན་ཆེན་ཕྲ། །གྲི་བཤད་ཉི་མ་གཅིག་ལ་ཡོད། །” ཅེས་ས་བཅད་མ་སྟོང་ཙམ་ཞིག་བཀོད་པ་ལགས་སོ། །
༢. གྲིའི་རྣམ་གྲངས་བརྗོད་པ།
དཔའ་བོའི་རྟོགས་བརྗོད་ཀྱི་སྙན་རྩོམ་རིང་མོ་ཞིག་ལ་མཚོན་ན་མི་རྟ་མཚོན་གསུམ་ལ་བལྟས་ནས་གཡུལ་གྱི་བྱ་བ་ལས་རྣམ་པར་རྒྱལ་མིན་ཤེས་ཐུབ་ལ། གཡུལ་འགྱེད་བྱེད་མཁན་དེ་ལ་མཚོན་ན་རྟ་དང་མཚོན་ནི་དགྲ་བོར་ངོམ་རྒྱུའི་རྒྱུ་དངོས་འབའ་ཞིག་ཡིན་པ་ལྟར། སྙན་རྩོམ་རིང་མོ་འདིའི་ནང་དུ་གྲི་ཡི་རྣམ་གྲངས་མང་ཙམ་འདུག་སྟེ། དཔེར་ན། རྩེ་སག་དང་རལ་གྲི་རྩེ་གསུམ། གློ་གྲི། ལི་གྲི། བཤུས་གྲི། རླུང་གྲི། སྤུ་གྲི། ཆུ་གྲི། མེ་གྲི། ལེབ་ཆེན། ལོང་གྲི། སྲིན་གྲི། གྲི་ཨ་ཟི་ཡ་ཟི་མགུ་ཟི། ཤང་ལང་། ཉ་གྲི་སོགས་དང་གཞན་ཡང་བདུད་གྲི་རྩེ་གསེག་དང་འབྲོང་ར་དགུ་ཆོད་སོགས་མང་ལ། དེ་དག་ཁུངས་ལུང་དང་སྦྱར་ནས་ཅུང་ཙམ་བརྗོད་ན།<<ཧོར་གླིང་གཡུལ་འགྱེད་>>སྟོད་ཆ་ལས་“ཁྲབ་བཏེགས་ནས་རྩེ་སག་བཙུགས་པས་རོང་ཚ་དེ་ཉིད་དུ་བཀྲོངས་པར་སྣང་ངོ།” ཞེས་དང་། ཡང་ན་“རལ་གྲི་བཏབ་པ་ལན་མེད། འུར་རྡོ་ཕ་བོང་སྟོང་འཁོར། གློ་གྲི་བསམ་པའི་རེག་གཅོད།” ལྟ་བུ། གཞན་ཡང་<<གྲུ་གུ་གོ་རྫོང་།>> དེབ་ཕྲེང་དང་པོ་ལས་“གྲུ་གུའི་གོ་གཡང་ཕབ་པའི་དུས། རྫོང་ཆེན་ཁྱབ་གཡང་འབེབ་རྒྱུ་ཡིན། མཚོན་གོ་རིང་གོ་བོ་གཤོག་རིང་ཡོད། གོ་ཐུང་སྐར་མ་སྟོང་སྡེ་ཡོད། ཉ་གཤོག་ལ་ཟེ་བ་དགུགས་རིང་ཡོད། བཤུས་གྲི་ལ་གཤོང་མི་རྟག་ནག་ཡོད། རླུང་གྲི་ལ་སྤུ་གྲི་རེག་གཅོད་ཡོད། ཆུ་གྲི་ལ་དུག་ལྕེ་ངར་མ་ཡོད། མེ་གྲི་དམར་པོ་ཡར་འདེབས་ཡོད། སྟག་རལ་ལ་བཏགས་པའི་ལེབ་ཆེན་ཡོད། ལོང་གྲི་ལ་གླང་ཆེན་རྦད་ཆོད་ཡོད། སྲིན་གྲི་ལ་ཆུ་སྲིན་ངར་མ་ཡོད། གྲི་ཨ་ཟི་ཡ་ཟི་མགུ་ཟི་གསུམ། སྨར་གྱི་བླ་ངར་ཡན་ཆོད་དུ། རེ་རེ་ལ་གྲི་སྣ་དགུ་རེ་ཡོད། རེ་རེའི་མིང་ནས་བགྲང་ཚོད་མེད།” ཅེས་ལས་གྲི་རིགས་འདྲ་མིན་གསལ་ལ། དེ་བཞིན་<<གྲུ་གུ་གོ་རྫོང་>>གཉིས་པ་ལས་“དུས་དེ་རིང་རྒོད་པོ་སུ་རེད་ལྟ། །ཤང་ལང་གསེར་གྱི་ཁ་ཕོར་ཅན། །མིང་འབོད་ན་ཡ་ཟི་སྐར་ཕྲན་ཟེར། །གླིང་མི་རྗེ་ཞལ་དཀར་བླ་གྲི་ཡིན།” ཞེས་འཁོད་ཡོད་ཅིང་། དེ་དག་ཡོད་ཚད་དཔྱད་ཁུངས་གཞན་དང་སྦྱར་ནས་བསྐྱར་གླེང་བྱེད་དགོས་པའི་རྒྱུ་མཚན་དེ་ཙམ་མེད་མོད། གྲི་ཨ་ཟི་ཡ་ཟི་མགུ་ཟི་བཅས་ནི་གྲི་གུམ་བཙན་པོའི་སྐབས་སུ་བྱུང་བའི་རལ་གྲི་ཞིག་ཡིན་པ་མཐོང་བས་བསྐྱར་གླེང་ཚུལ་དུ་འདི་ལ་ཕྲན་བུ་བརྗོད་ན། <<བཟོ་རིགས་ཉེར་མཁོ་བདམས་བསྒྲིགས>> ལས་“སྤྱིར་རལ་གྲིའི་རིགས་ཀྱི་དབྱེ་བ་ནི། །ཞང་དང་སོག་པོ་ཧུ་མེད་གསུམ། །དགུ་ཟི་འཇའ་རལ་དང་བཅས་ལྔ།” ཞེས་དང་། ཡང་ན་“དགུ་ཟི་འདི་བོད་ཀྱི་རལ་གྲི་ཡིན། །གྲི་གུམ་བཙན་པོའི་རིང་ལ་སྲིད། །ཡུལ་ཟི་འདུ་བྱ་བའི་ས་ཆ་ན། །མིག་ཟིམ་བུ་སྤུན་དགུས་བརྡུངས་པ་ཡིན། །ཆེ་ཤོས་ཀྱི་གནམ་གྱི་འཇུ་ཐག་ཆོད། །དེ་འོག་བརྒྱད་པ་རྣོ་རྟགས་ཡོད། །དེ་དགུའི་སློབ་མ་ཁག་དགུར་གྱེས། །བོད་རལ་གྲི་མང་བར་དེ་བཞིན་ཡིན། །མི་སྤུན་དགུས་བརྡུངས་པས་དགུ་ཞེས་ཟེར། །མིག་ཟིམ་བུ་ཡིན་པའི་ཟི་ཞེས་བྱ།” ཞེས་པའོ། །གོང་དུ་དྲངས་པ་ལ་བལྟས་ན་དམངས་ཁྲོད་དུ་དགུ་ཟི་ཞེས་པའི་སྒྲ་དེ་འབོད་ཚུལ་ནོར་ནས་མགུ་ཟིའམ། ཡང་ན་སྒྲུང་ཡིག་འབེབ་མཁན་གྱིས་དེ་ལྟར་མ་དག་པའི་སྒྲ་ཞིག་བྲིས་པར་སྲིད་དེ། དཔྱད་ཁུངས་འགའ་ཞིག་ཏུ་གུ་ཟི་ཞེས་བྲིས་པའང་འདུག གཞན་ཟི་ཞེས་པ་ནི་ཡུལ་ཟི་འདུ་བྱ་བ་ནས་མིག་ཟིམ་བུ་ཅན་གྱིས་བརྡུངས་པའི་གྲི་དགུ་ཟི་ཞེས་འབོད་ཀྱི་ཡོད་པར་བརྟེན་ནས་ཡ་ཟི་དང་ཨ་ཟི་བཅས་རལ་གྲིའི་རིགས་མང་དུ་བྱུང་བར་རིག་བསྒྲེ་བྱས་ན་ཆོག་པར་སྙམ། དེ་ལྟར་དུ་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་མཛད་པའི་ <<བོད་བཙན་པོའི་རྒྱལ་རབས་>>ཀྱི་ཤོག་ངོས་ ༡༤༠ དགུ་ཟི་ནི་ཞང་ཞུང་དུ་དར་བའི་རལ་གྲིའི་རིགས་ཤིག་ཡིན་པ་བཅས་གྲིའི་སྐོར་མང་ཙམ་འཁོད་འདུག་པར་དེ་ལ་གཟིགས་པར་མཚལ།
༣ . གྲིའི་བྱུང་སྟངས་བརྗོད་པ།
འདི་ལ་གྲིའི་བྱུང་སྟངས་ཞེས་པ་ནི་གྲི་ཐོག་མར་ནམ་ཞིག་བྱུང་བ་དང་གྲི་བཟོ་བྱེད་ཀྱི་རྒྱུ་ཆ་གང་ལས་བྱུང་བ་བཅས་ཀྱི་སྐོར་ལ་བརྗོད་ཀྱི་ཡོད། ཡིག་ཁུངས་སུ་བསྐལ་བ་ཡ་ཐོད་ནས་གྲི་བྱུང་བར་འཁོད་ཡོད། དཔེར་ན། <<སྨུག་གུ་དྲེལ་རྫོང་>>ལས་“ལག་ཏུ་བཟུང་བའི་རལ་གྲི་འདི། །སྡིག་པ་ཤ་གཟན་མིང་དུ་འབོད། །ཡ་ཐོག་བསྐལ་བ་དང་པོ་ལ། །རྒྱ་སྟག་ཁོག་ནས་ལྕགས་ཕྱེ་བྱུང་། །དང་པོ་ལྕགས་དེ་སོག་པོས་མགར། །ཐོ་སྐམ་བར་ནས་མ་བརྡུང་ལེའི། །རལ་གྲི་ལེབ་ཆེན་མིང་དུ་འབོད། །” ཅེས་དང་། གཞན་ཡང་<<གྲུ་གུ་གོ་རྫོང་>>དེབ་ཕྲེང་བཞི་པར་“ངའི་ལག་ཏུ་བཟུང་བའི་རལ་གྲི་འདི། །ཡ་ཐོག་བསྐལ་བ་དང་པོའི་དུས། །བླ་རིའི་མགོ་ནས་རྡོ་གསུམ་བྱུང་། །རྡོ་དཀར་བཞུས་པའི་ཁུ་བ་ལ། །ལྕགས་དཀར་དར་དཀར་ཕྱར་འདྲ་བྱུང་། །རལ་གྲི་སྐྱ་རེངས་རང་ཤར་བརྡུངས། །ད་ལྟ་སྐྱ་རེངས་བུ་རྩར་ཡོད” ཅེས་ཡ་ཐོག་ནས་རྡོ་དང་སེམས་ཅན་གྱི་ཁོག་ནས་ལྕགས་བྱུང་བར་གསལ་ཡོད། ཡོངས་གྲགས་སུ་ལྕགས་ཕྱེ་ནི་རྡོ་ལས་བྱུང་བ་ཞིག་ཡིན་མོད། གླིང་སྒྲུང་དུ་གྲི་བཟོ་བྱེད་ལྕགས་རིགས་ནི་ཕལ་ཆེ་བ་སེམས་ཅན་གྱི་ཁོག་ལས་བྱུང་བར་འཁོད་ཡོད་ལ། དེ་དག་ནི་རིག་གནས་ཀྱི་རྒྱབ་ལྗོངས་ཇི་འདྲ་ཞིག་གི་འོག་ནས་བྱུང་བར་འདིར་བཤད་སྤོབས་མི་ལྡན་མོད། གང་ལྟར་སེམས་ཅན་ཆུ་སྲིན་དང་སྟག །རྨ་བྱ། གོ་བྱ། བྱ་ཁྱུང་སོགས་ཀྱི་ཁོག་ནས་བྱུང་པའི་སྐོར་ཁུངས་དང་སྦྱར་ནས་རོབ་ཙམ་མུ་མཐུད་དུ་བཀོད་ན། <<གྲུ་གུ་གོ་རྫོང་>>གསུམ་པ་ལས་“གྲི་འདི་གྲི་ངོ་མ་ཤེས་ན། །བདུད་ཀྱི་བླ་མཚོ་མེ་འབར་ནས། །ཆུ་སྲིན་ཁོག་ནས་ལྕགས་ཕྱེ་བྱུང་། །ལྕགས་སྣ་མི་འདྲ་གསུམ་ཙམ་བརྡུངས། །” ཞེས་དང་། ཡང་ན་“གྲི་འདི་གྲི་ངོ་མ་ཤེས་ན། །རིན་ཆེན་འཇའ་ཡི་སྲིབ་ལུང་ནས། །རྒྱ་སྟག་ཁོག་ནས་གྲི་གསུམ་བྱུང་། །” ལྟ་བུ། གཞན་ཡང་ཁུངས་དེ་རང་ལས་“རལ་གྲི་ཤིས་ཁར་རྡོ་ཆོད་འདི། །ཨ་བར་འཇའ་ཡི་རི་མོ་ནས། །རྨ་བྱ་གསུམ་ལ་ལྕགས་རྡོ་གཟན། །ཞག་གསུམ་འདས་པའི་ནངས་མོ་ལ། །ལྕགས་ཕྱེ་སྒོ་ང་གསུམ་ཙམ་བྱུང་། །” ཞེས་འཁོད་ཡོད་པ་དང་། དེ་བཞིན་<<སོག་སྨད་ཁྲབ་རྫོང་>>དུ་སྡིག་སྤྱོད་ཤན་པའི་གླུ་ལས་“ངས་ལག་གིས་བཟུང་བའི་རལ་གྲི་འདི། །བྱ་ཁྱུང་ནག་གསུམ་ལ་ལྕགས་ཕྱེ་བྱིན། །ཡར་ལ་འགྲིམ་པའི་ལྕགས་ཞུན་དེ། །རལ་གྲི་ཁྲ་མོ་ལྡིམ་ལྡིམ་ཟེར། །”ལྟ་བུ་སོགས་མང་ལ། འགའ་ཞིག་ས་བཅད་འོག་ནས་གསལ་འོང་བས་འདི་ལ་མ་བཀོད་དོ། །
༤. གྲི་རྡུང་ཚུལ་བརྗོད་པ།
ས་བཅད་འདི་རུ་གླེང་བར་འདོད་པ་ནི་གྲི་རྡུང་དུས་དང་རྡུང་མཁན། དེ་བཞིན་གྲི་ལ་དུག་སྦྱོར་བྱེད་སྟངས་བཅས་ཀྱི་ཐོག་ལ་བརྗོད་ཀྱི་ཡིན་ལ། དེ་དག་ཚང་མ་ལྷན་དུ་འཁོད་པའི་ཤན་ཚ་རླུང་ལྷ་འགྱོགས་ལྡན་གྱི་གླུ་ཞིག་འདི་ལ་དྲངས་ན།<<བྷེ་ར་ར་རྫོང་>>ལས་“ཁྱོད་མཚོན་ལ་འབྱུང་ཁུངས་དགོས་ཟེར། །མཚོན་གྱི་འབྱུང་ཁུངས་བཤད་པས་ན། །ནུབ་ཁ་ཆེ་བསྟན་པ་དར་བའི་དུས། །བྱ་ཤང་ཤང་གསུམ་གྱིས་ལྕགས་རྡོ་ཟོས། །ཁོག་པར་བྱུང་བས་ཞུན་ཆེན་བཞུས། །ལྕགས་ཁྲོ་ཚ་ཡར་ལ་སྐྱུག་པ་དེ། །ཐེའུ་རང་མགར་བས་འཕྲུལ་རྡུང་བྱས། །ནམ་མཁའ་ཡར་ལ་ལང་དུས་བརྡུངས། །དེ་ལ་གུ་ཟི་སྐྱ་རིང་ཟེར། །ས་དམ་འཇང་ལ་སྨོན་ལམ་ཐེབས། །སྟོབས་ཆེན་འཇའ་དཔོན་ཕྱག་ན་ཡོད། །ད་དུང་ཁྲོ་ཚ་བསྐྱུགས་པ་དེར། །ཐོ་རེངས་སྐར་ཕྲན་བཀྲ་དུས་བརྡུངས། །དེ་ལ་ཡ་ཟི་སྐར་ཕྲན་བཏགས། །རྨ་ཁམས་གླིང་ལ་སྨོན་ལམ་ཐེབས། །ད་ལྟ་རྒྱལ་སྲས་ཕྱག་ན་ཡོད། །དུག་ཚ་མར་ལ་འགྲིམ་པ་དེ། །མུན་ཆུ་མར་ལ་རུབ་དུས་བརྡུངས། །ཐེའུ་རང་དཀོར་པོས་ཏི་ཚ་བཙུགས། །ཐེའུ་རང་ནག་པོས་སྦུད་པ་བུད། །ཐེའུ་རང་དམར་པོས་ཐོ་བས་བརྡུངས། །ཡར་ངོ་གསུམ་ལ་དཀར་རྡུང་བྱས། །ལྟག་པ་གངས་རི་ཆགས་པ་འདྲ། །རང་སེམས་དུང་བབས་དཀར་བའི་རྟགས། །མར་ངོ་གསུམ་ལ་ནག་རྡུང་བྱས། །སོ་ཁ་མུན་ཆུ་རུབ་པ་འདྲ། །ཞེན་པ་དགྲ་ལ་ནག་པོའི་རྟགས། །ཉ་མཚམས་གསུམ་ལ་བཀྲ་རྡུང་བྱས། །ཐུ་རུ་འཇའ་ཚོན་ཤར་བ་འདྲ། །དབུ་མའི་རྩ་ལམ་དྲང་བའི་རྟགས། །དེ་ནས་ངར་རྫས་བཙན་དགོས་ཟེར། །རྒྱ་གར་བཙན་དུག་དཀར་པོ་དང་། །རྒྱ་ནག་འབུ་དུག་ནག་པོ་དང་། །འཇའ་ཡི་དུག་སྦྲུལ་ལྗང་ཁུ་དང་། །ལྷོ་ཡི་མདའ་དུག་དམར་པོ་དང་། །བོད་ཀྱི་བྲ་དུག་སེར་པོ་བཅས། །དུག་ལྔ་ངར་མའི་སྦྱར་རྫས་དང་། །ཁྲག་ཆེན་བཞི་པོ་དགོས་པས་ཟེེར། །སྲིན་པོ་ཁྲོས་པའི་སྙིང་ཁྲག་དང་། །སྲིན་མོ་ཁྲོ་བའི་མངལ་ཁྲག་དང་། །དཔའ་བོ་གྲི་ཤིའི་གྲོ་ཁྲག་བཞི། །དུག་ལྔ་ཁྲག་བཞི་ཆུ་ཡིས་སྦྱར། །ཚ་བའི་གྲ་གསུམ་ཆུ་ཡིས་སྦྱར། །ཉི་ཤུ་དགུ་ལ་ངར་ཆུ་བླུད། །ལྷག་པ་མེ་ལྕེ་ལྷབ་སེ་ལྷབ། །དུག་རལ་འབར་བ་མིང་དུ་ཐོག” །ཅེས་ལས་གསལ་ཞིང་རྒྱས་པར་འཁོད་ལ།
དེ་ལྟར་དུ་<<གྲུ་གུ་གོ་རྫོང་>>དེབ་ཕྲེང་གསུམ་པ་ལས་“ཡ་ཚ་སྔོན་པོ་རླུང་ཆོད་འདི། །གོ་བ་བྱ་ལ་ལྕགས་ཕྱེ་བྱུང་། །གོ་བ་བྱ་ལ་ལྕགས་ཕྱེ་གཟན། །མར་ལ་སྐྱུག་པའི་ལྕགས་ཕྱེ་དེ། །ནམ་སྨད་སྐྱ་རེངས་ཤར་ནས་བྱུང་། །རྡུང་མི་གདོང་དམར་སྲིན་པོ་ཡིན། །རལ་གྲི་གུ་སེ་སྐྱ་རེངས་བཏགས། །ད་ལྟ་གཡུ་ལྷའི་ཕྱག་ན་ཡོད། །མར་ལ་འགྲིམས་པའི་ལྕགས་ཕྱེེ་དེ། །ནམ་སྟོད་མུན་པ་རུབ་དུས་བརྡུངས། །རྡུང་མི་ཐེ་མོ་དཔུང་བཙན་ཡིན། །རྐང་གྲི་མུན་པ་རེག་གཅོད་བཏགས། །ད་ལྟ་ཁྲི་བཙན་ཕྱག་ན་ཡོད། །ཁོག་པ་ནང་གི་ལྕགས་ཞུན་དེ། །གནམ་ལ་ཉི་མ་ཤར་ནས་བརྡུངས། །རྡུང་མི་ཐེ་རང་སྤུན་དགུ་ཡིན། །སྐྱི་བསེར་འཚུབ་མ་ལངས་འདྲ་ཡོད། །རྣོ་ཆོད་ཡ་ཚ་དྲུང་ཆོད་བཏགས། །”ལྟ་བུའོ། །མ་ཟད་དུག་སྦྱོར་བྱེད་སྟངས་ཀྱི་སྐོར་བསྐྱར་དུ་དགོད་རྒྱུ་གལ་ཆེན་མཐོང་བས། <<སོག་སྨད་ཁྲབ་རྫོང་>>དུ་“སྟོབས་ཆེན་བློན་པོའི་རལ་གྲི་རེད། །ད་ལྟ་གེ་སར་མདུན་ལ་ཡོད། །ཁོག་པའི་ནང་གི་ལྕགས་ཞུན་དེ། །ཐེའུ་རངས་གསུམ་གྱི་འཕྲུལ་རྡུང་བྱས། །དཔའ་བོ་དགུ་ཡི་སྙིང་ཁྲག་གཅིག།།སྟག་དམར་ཡག་དགུ་ཡི་ཁོག་ཁྲག་གཉིས། །དུག་སྦྲུལ་དགུ་ཡི་ཁོག་ཁྲག་གསུམ། །དགུ་གསུམ་དུག་གི་ངར་ཆ་བྱས། །བཏབ་ཚད་གསོན་ལ་མི་མངག་ལེའི། །ཀླུ་བདུད་དགུ་ཡི་སྨོན་ལམ་བཏབ། །” ཅེས་འཁོད་པ་རྣམས་འགྲེལ་བརྗོད་མི་བྱེད། གཞན་ཡང་འདི་རུ་དོ་སྣང་བྱེད་དགོས་པ་ཞིག་ནི་གྲི་རྡུང་མཁན་སྲིན་པོ་གདོང་དམར་ཞེས་པ་ནི་མངའ་མཛད་ཀྱི་སྐབས་སུ་བྱུང་བར་ངོས་འཛིན་ཆོག་སྟེ། <<བཀའ་ཐང་སྡེ་ལྔ་>>ལས་“དེ་ནས་བདུད་སྲིན་མོས་དབང་བྱས་ཏེ། མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང་།” ཞེས་པ་ལས་རྟོགས་ནུས་ལ། དེ་བཞིན་གོང་དུ་འཁོད་པའི་ཐེའུ་རངས་སྤུན་དགུས་གྲི་བརྡུངས་པའི་སྐོར་གླིང་སྒྲུང་དུ་མང་དུ་མཐོང་རྒྱུ་ཡོད་པས། དེ་ནི་གོང་གི་ས་བཅད་དུ་དྲངས་པའི་་“ཡུལ་ཟི་འདུ་བྱ་བའི་ས་ཆ་ན། །མིག་ཟིམ་བུ་སྤུན་དགུས་བརྡུངས་པ་ཡིན། །” ལྟ་བུ་གཉིས་ཕན་ཚུན་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མཐོང་ལ། གླིང་སྒྲུང་དུ་གྲངས་ཀ་དགུ་པ་ནི་གྲངས་ཀྱི་ནང་ནས་དམིགས་བསལ་ཡིན་པར་མཐོང་། འདི་ལ་བསྐྱར་དུ་བརྗོད་དགོས་པ་ཞིག་ནི་གྲི་རྡུང་སྟངས་དང་འབྲེལ་བའི་སྐོར་གླིང་སྒྲུང་དེ་དག་ཏུ་གསལ་བ་མང་མོད། དེ་དག་ཚིག་རྐང་ཅུང་མང་བ་རྐྱང་ཡིན་ཞིང་ནང་དོན་ཐད་གོང་བཀོད་ལས་ཁྱད་དབྱེར་མེད་པས་ཡོད་ཚད་འདི་ལ་བཀོད་པར་མ་ནུས་སོ། །
༥ . གྲིའི་དཔའ་ལུང་བརྗོད་པ།
གྲིའི་དཔའ་ལུང་ཞེས་པ་ནི་གྲིའི་ཡུ་བར་བཏགས་པའི་ལུང་ཐག་གོ་སྟེ། “གྲི་མགོ་ཚེས་བརྒྱད་ཟླ་བ་ལ། །སྟོང་སྐུད་དམར་པོའི་དཔའ་ལུང་བརྒྱབ། །” ཅེས་པ་ལས་རྟོགས་ནུས་ལ། དེ་ནི་དགྲ་བོ་དང་འཐབ་སྐབས་ལུང་ཐག་གི་ཨ་ལོང་དེ་ལག་པའི་མཁྲིག་མར་བརྒྱུས་ནས་གྲི་དེ་མི་ཤོར་བའི་དགེ་མཚན་དང་། གཞན་ཡང་གྲི་དེ་མཛེས་པར་བྱེད་པ་ཡང་ཕན་ཐོགས་ཡོད་པར་མཐོང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དུ་གྲིའི་དཔའ་ལུང་བཟོ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བ་འགའ་སྣང་བས། དཔེར་ན། འབྲོང་བུའི་གཉའ་རྒྱུན་དང་སྟོང་སྐུད། དར་རིགས་ཀྱི་དཔའ་ལུང་སོགས་འདུག་པས། དེ་དག་དཔྱད་ཁུངས་དང་སྦྱར་ནས་བརྗོད་ན། <<གྲུ་གུ་གོ་རྫོང་>>བཞི་པ་ལས་“དེ་མཆན་འོར་མི་རེག་ཆོད་འདི། །ཡུ་བ་དུག་སྦྲུལ་མགོ་བོ་བྱས། །དཔའ་ལུང་འབྲོང་བུའི་གནའ་རྒྱུན་དྲས།” ཞེས་དང་། ཡང་ན་“རལ་གྲི་ཟོ་ར་རེག་ཆོད་ལ། །དར་དམར་པོའི་དཔའ་ལུང་འདོམ་གང་བཏགས། །” ལྟ་བུ། དེ་བཞིན་<<སུམ་གླིང་གཡུ་འགྱེད་>>དུ་“རལ་གྲི་སྟོང་ཆོད་འབར་བ་ལ་སྔོན་མོ་དར་གྱི་དཔའ་ལུང་བརྒྱན། །” ཞེས་དཔའ་ལུང་གི་རིགས་ཁ་ཤས་འཁོད་ལ། གཞན་ཡང་གྲི་ལུང་ཟངས་ཀྱི་མདོ་ཐག་དང་གྲི་ལུང་དངུལ་གྱི་མདོ་ཐག་བཅས་འགའ་ཡང་ལྡན་ནོ། །
༦. གྲིའི་ཁྱད་ཆོས་གཞན་རྣམས་བརྗོད་པ།
གཞན་ཡང་འདི་ལ་གྲི་ཤུབས་དང་མགུལ་དཀྲིིས། སེན་ཁེབ་དང་འདོད་ཆབ་སོགས་གྲིའི་ཁྱད་ཆོས་འགའ་ཞིག་བརྗོད་རྒྱུ་གལ་ཆེན་མཐོང་བས། <<གྲུ་གུ་གོ་རྫོང་>>དེབ་ཕྲེང་གསུམ་པ་ལས་“གྲི་མགོ་ཚེས་བརྒྱད་ཟླ་བ་འདྲ། །མགུལ་དཀྲིས་དུང་ཕྲེང་བསྟར་བ་འདྲ། །སེན་ཁེབ་གཤག་བཀྲ་བཀོད་པ་འདྲ། །ཕྱར་ན་དར་ནག་སྐྱོད་པ་འདྲ། །” ཞེས་དང་། གཞན་ཡང་<<སོག་སྨད་ཁྲབ་རྫོང་>>ལས་“རལ་གྲི་དུག་རལ་འབར་བ་ལ། །གུ་ལང་གསེར་གྱི་འདོད་ཆབ་བརྡབ། །”ལྟ་བུ་འཁོད་ཡོད་ལ། སེན་ཁེབ་ཅེས་པ་ནི་ཟངས་ལྕགས་ཅི་རིགས་ལས་བཟོས་པའི་ཡུ་བ་དང་གྲིའི་དངོའི་མཚམས་ཀྱི་དབྱིབས་གཟུགས་སྒོར་མོ་དེ་ཡིན་པ་འདྲ། དེ་ལ་སེན་ཁེབ་བརྗོད་དོན་ནི་དེས་ལག་གི་མཛུབ་མོ་རྣམས་སྲུང་སྐྱོབ་བྱེད་ཐུབ་པ་བརྟེན་ནས་བརྗོད་པར་སྣང་སྟེ། དཔེར་ན་སྐུ་སྲུང་ངམ་དཔུང་རོགས་ལ་མཆན་ཁེབ་ཅེས་འབོད་པར་རིག་མཚུངས་བྱེད་ཆོག་སྙམ། དེ་བཞིན་འདི་ལ་བཀོད་པའི་འདོད་ཆབ་ཅེས་པར་གོ་བ་མ་རག་པས་དཔྱོད་ལྡན་པ་རྣམས་ཀྱི་ལམ་སྟོན་ལ་རེ་སྒུག་བྱེད་པ་ལས་གཞན་གྱི་ཐབས་ཤེས་མ་མཆིས།
མཇུག་གཏམ།
གོང་དུ་དཔྱད་ཁུངས་གཙོ་བོར་གླིང་སྒྲུང་བྱས་ནས་གྲིའི་སྐོར་ས་བཅད་འགར་ཕྱེ་ནས་ཕྲན་བུ་ཞིག་བརྗོད་ཁུལ་བྱས་ཡོད་ལ། བོད་ཀྱི་གྲིའི་སྐོར་རྒྱུས་ལོན་བྱེད་འདོད་ཡོད་ཚེ། དཔྱད་རྩོམ་འདིས་ཕན་ཐོགས་ཅུང་ཞིག་ཡོད་ངེས་པས། དེ་ནི་དཔྱད་རྩོམ་འདི་བྲིས་པའི་དོན་སྙིང་གཙོ་བོ་དེ་ཡིན་པར་འདོད།
མཐའ་དོན། འབྲི་པ་པོ་ཤེས་བྱའི་གནས་ཚད་ཞན་པས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གང་གི་ཆ་ནས་ནོར་འཛོལ་མང་དག་ཅིག་བྱུང་ཡོད་ངེས་པས། དཔྱོད་ལྡན་ཀློག་པ་པོ་རྣམས་ཀྱིས་བདག་ལ་གུ་ཡངས་གནང་སྟེ། བསམ་ཚུལ་ལྷུག་པོར་བརྗོད་པའི་རེ་སྐུལ་ཞུའོ། །