དར་ལྕེ་ཟད་པོ།
རིགས་ཚོགས་ལྔ་དང་དྲུག་གི་གྲངས་འདྲེན་ལ་མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་ཞིང་། ཐ་སྙད་འདོགས་ཚུལ་ཡང་སྣ་ཚོགས་མཆིས་ཏེ། རིགས་ཚོགས་དང་། རིགས་སྐོར། རིགས་པའི་ཁྱུ་སོགས་ཀྱི་ཐ་སྙད་སྣ་ཚོགས་བྱུང་ཞིང་། <<དབུ་མ་སྣང་བ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པའི་སྒྲོན་མེའི་ཚོགས་རྣམ་པ་དུ་མས་འདི་གསལ་བར་རབ་ཏུ་བརྗོད། ཅེས་རྒྱ་གཞུང་ལས་རིགས་ཚོགས་ཀྱི་ཐ་སྙད་འབྱུང་བ་དང་། <<ལོ་ཙཱ་བ་པ་ཚབ་ཀྱི་རྩ་ཤེའི་འགྲེལ་པ་ལས། >>རྩ་བ་ཤེས་རབ། རིགས་པ་དྲུག་ཅུ། སྟོང་ཉིད་བདུན་ཅུ། རྩོད་ཟློག །ཞིབ་མོ་རྣམ་འཐག་བཅས་ལ་རིགས་སྐོར་ལྔ་ཞེས་པའི་ཐ་སྙད་འབྱུང་ཞིང་། དེ་ཡང་གཙོ་བོའི་བསྟན་བཅོས་ལ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས། འཕྲོས་པའི་བསྟན་བཅོས་ལ་ལྷག་མ་གསུམ་པོ་བཞེད་དེ། གྲངས་ངེས་ལ་རིགས་སྐོར་ལྔ་ཟེར་ཡང་སློབ་དཔོན་གྱིས་རང་བཞིན་མེད་པ་གཙོ་བོར་སྟོན་པའི་གཞུང་ལ་ལྔ་ལ་ངེས་པ་མེད་པར་བཞེད་དོ། །
<<རྩ་ཤེའི་འགྲེལ་པ་འཐད་པའི་རྒྱན་ལས།>> གོང་གི་ལྔ་པོ་ལ་ཐ་སྙད་གྲུབ་པ་བསྣན་པས་རིགས་ཚོགས་དྲུག་ཏུ་བཞེད། རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ་གཉིས་ལུས་ལྟ་བུའི་བསྟན་བཅོས་གཉིས། ཡན་ལག་ལྟ་བུའི་བསྟན་བཅོས་ལ་རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །ཐ་སྙད་སྒྲུབ་པ་བཅས་བཞི་རྩ་ཤེ་ལས་འཕྲོས་པར་བཞེད་ལ། རྩ་བ་ཤེས་རབ་ཀྱིས་རྣམ་གཅོད་ཀྱི་སྒོ་ནས་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་པ་དང་། རིགས་པ་དྲུག་ཅུ་པས་ཡོངས་གཅོད་ཀྱི་སྒོ་ནས་ཐ་སྙད་ཀྱི་ཆོས་རྣམས་སྒྱུ་མ་ལྟ་བུར་སྣང་ཙམ་ཉིད་དུ་ཡོད་པར་སྒྲུབ་པས་གཙོ་བོ་ལ་བཞག་པ་དང་། རིགས་པ་དྲུག་ཅུ་པའི་ཟླ་འགྲེལ་ཁུངས་སུ་དྲངས་ནས་རྩ་ཤེེ་དང་རིགས་པ་དྲུག་ཅུ་པ་ལུས་ལྟ་བུ་དང་འཕྲོས་པ་ཡན་ལག་ལྟ་བུ་བསྟན་བཅོས་ལྷག་མ་བཞི་སྟེ། རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་གསུམ་འཕྲོས་ཚུལ་སྔར་ལྟར་བཤད། ཐ་སྙད་གྲུབ་པ་འཕྲོས་ཚུལ་ནི། རང་བཞིན་མེད་ན་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ་རང་བཞིན་མེད་པ་ལ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་འཐད་དོ་ཞེས་ཐ་སྙད་གྲུབ་པར་འཕྲོས་པར་བཞེད་དོ། །ཐ་སྙད་གྲུབ་པ་རིགས་ཚོགས་སུ་བགྲངས་པའི་ཁུངས་ནི། མཛད་པ་པོ་དང་ལོ་ཙཱ་བ་མི་གསལ་བ་ལྷག་མཐོང་བསྐྱེད་པའི་ཐབས་ཞེས་པ་ཞིག་ལ་རྨ་བྱ་བརྩོན་འགྲུས་ཀྱི་བཞེད་པ་ལྟར་བཀོད་འདུག་པས་ཁུངས་དེ་ཡིན་ནམ་སྙམ།
<<གསེར་ཕྲེང་ལས།>> འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེ་འཕྲོས་སུ་བྱས་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ། །ཞེས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་འཁྲུལ་བར་གསུངས་པ་དང་། ཊཱིཀ་ཆེན་ལས། རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་འདོད། ཅེས་གསུངས་པ་དང་འགལ་ལོ་ཞེ་ན། གསེར་ཕྲེང་ལས་རིགས་ཚོགས་ལྔར་གསུངས་པ་རེད་མདའ་བའི་བཞེད་པ་བཀོད་པ་ཡིན་ཏེ། <<རེད་མདའ་བའི་འཇུག་པའི་རྣམ་བཤད་ལས།>> དང་པོ་ནི་རིགས་ཚོགས་རྣམས་ཏེ། དེ་དག་གིས་རང་གཞན་གྱི་སྡེ་པ་རྟག་ཆད་དུ་སྨྲ་བ་མཐའ་དག་རིགས་པས་སུན་འབྱིན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ། ཞེས་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་མ་བགྲང་བ་ནི་རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་མིན་པས། རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ལ་དྲུག་ཏུ་འདོད་པ་འཁྲུལ་བ་དང་། སྤྱིར་རིགས་ཚོགས་ལ་དྲུག་ཏུ་གྲངས་ངེས་པ་ལ་འགལ་བ་མེད་པར་འཆད་དོ། །
<<བུ་སྟོན་ཆོས་འབྱུང་ལས།>> དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ། ཞེས་བུ་སྟོན་དང་ཉ་དབོན་སོགས་རྨ་བྱ་བརྩོན་འགྲུས་ཀྱི་རྗེས་སུ་འབྲངས་ནས་ཐ་སྙད་གྲུབ་པ་རིགས་ཚོགས་སུ་བགྲང་པ་མཛད་དོ། །ག་ལས་འཇིགས་མེད་རིགས་ཚོགས་སུ་འདྲེན་མཁན་ནི། ག་ལས་འཇིགས་མེད་ཀྱི་མཇུག་བྱང་ལས་རང་འགྲེལ་ཡིན་པ་ཧ་ཅང་གསལ་བར་གསུངས་པ་དང་། <<སྤྱན་རས་གཟིགས་བརྟུལ་ཞུགས་ལས།>> གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ། ཞེས་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་བཤད་དོ། །ལྷག་མཐོང་བསྐྱེད་པའི་ཐབས་ཞེས་པ་ལས་ཀྱང་། ག་ལས་འཇིགས་མེད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱིས་རིག་པ་སྔོན་དུ་བཏང་སྟེ། ཞེས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་མང་པོར་གསུངས་འདུག །<<ལམ་སྒྲོན་རང་འགྲེལ་ལས། >>དབུ་མའི་རྩ་བ་ཞེས་བྱ་བ་ནི་དབུ་མའི་རྩ་བ་ཤེས་རབ་བོ། །སོགས་ཞེས་པས་ནི་ག་ལས་འཇིགས་མེད་དང་། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག །རིན་ཆེན་ཕྲེང་བ། ཞེས་རིགས་ཚོགས་སུ་འདྲེན་པ་གསལ་ཁ་གང་ཡང་མ་བྱུང་ཡང་གོ་རིམ་སྒྲིག་སྟངས་ལྟར་ན་རིགས་ཚོགས་སུ་འདྲེན་པའི་ཕྱོགས་སུ་མངོན་ནོ། །<<བཀའ་ཐང་སྡེ་ལྔ་ལས།>> དབུ་མ་རིགས་ཚོགས་དྲུག་ཏུ་མཛད། །རྩ་ཤེ་རིགས་པ་དྲུག་ཅུ་པ། །སྟོང་ཉིད་བདུན་ཅུ་ཞིབ་མོ་འཐག །རིན་ཆེན་ཕྲེང་བ་རྩོད་ཟློག་མཛད། །ཅེས་རིན་ཆེན་ཕྲེང་བ་སྔ་རབས་པ་ཕལ་ཆེ་བས་རིགས་ཚོགས་སུ་མི་འདྲེན་ཡང་བཀའ་ཐང་སྡེ་ལྔ་ལས་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་འདྲེན་པ་གསལ་བར་གསུངས་སོ། །
<<བུ་སྟོན་ཆོས་འབྱུང་ལས།>> ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པ་བདེན་པར་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོའོ། །ཞེས་དེ་ལས་ཞེས་པ་ཐ་སྙད་འདས་མ་ཐག་པ་སྟོང་ཉིད་བདུན་ཅུ་པ་ལ་གོ་བས་དེ་ལས་གཞན་སྐྱེ་སོགས་བདེན་པར་འགོག་པ་རྩ་ཤེ་བརྩམས་ཞེས་པ་གོ་བས་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེ་འཕྲོས་སུ་འདོད་མཁན་བུ་སྟོན་ཆོས་འབྱུང་འབྲེལ་ཆེ་བར་མངོན།
ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་ཡིན་པ་ལ་སྔར་ནས་དོགས་པ་ཡོད་དེ། <<ལོ་ཙཱ་བའི་འགྲེལ་པ་ལས། >> ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པ་གྲགས་ན་ཡང་པ་རི་ན་རེ་མིན་ཟེར། ཞེས་པ་རི་ཞེས་པ་ཟླ་བ་གྲགས་པའི་དངོས་སློབ་འཇམ་དབྱངས་གྲགས་པ། དེ་ནས་དེ་བ་ཙནྡྲ། བྲམ་ཟེ་རིན་ཆེན་རྡོ་རྗེ། པཱ་ར་ཧི་ཏ། ཞེས་ཟླ་བ་གྲགས་པའི་བཤད་རྒྱུད་འཛིན་མཁན་གྲས་ལ་རྒྱ་གར་བ་པཱ་ར་ཧི་ཞེས་པ་འབྱུང་བས་དེས་རང་འགྲེལ་མིན་ཟེར་བ་ཡིན་ནམ་སྙམ། འགྲེལ་པ་འཐད་པའི་རྒྱན་ལས་འགག་སོགས་བརྒྱད་ཀྱི་ཐད་ལ་ག་ལས་འཇིགས་མེད་ཀྱི་བཤད་པ་ཁ་ཅིག་གི་བཤད་ཚུལ་དུ་བཀོད་པས་རང་འགྲེལ་ཡིན་པར་བཞེད་ན་ཚད་མར་བཟུང་དགོས་པས་རང་འགྲེལ་ཡིན་པ་ལ་དོགས་པ་སྔར་ནས་ཡོད་པ་འདྲ། བཅོམ་ལྡན་རིག་རལ་དང་རོང་སྟོན་ཤཱཀྱ་རྒྱལ་མཚན་གཉིས་ཀྱིས་རང་འགྲེལ་དུ་ཚད་མར་བཟུང་ནས་རྩ་ཤེའི་འགྲེལ་པ་བརྩམས།
རྩ་ཤེའི་རང་འགྲེལ་མིན་པར་ཐག་གཅོད་མཁན་ནི་རྗེ་ཙོང་ཁ་པ་ཡིན་ཏེ། <<ལེགས་བཤད་སྙིང་པོ་ལས།>> ག་ལས་འཇིགས་མེད་ལས་བཞི་བརྒྱ་པའི་ལུང་དྲངས་པས་ཀླུ་སྒྲུབ་ཀྱིས་རང་གི་སློབ་མའི་ལུང་འདྲེན་མི་རིགས་པ་དང་། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་ག་ལས་འཇིགས་མེད་ཀྱི་མིང་ཙམ་ཡང་མ་བྱུང་བས་ཀླུ་སྒྲུབ་ཀྱིས་བརྩམས་པ་མིན་པར་བཞེད་པ་ལྟར་མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་ལས། དེ་ལས་མང་བའི་རིགས་པའི་རྣམ་གྲངས་མང་པོས་དགག་པར་མཛད་ཀྱང་ཡིག་ཚོགས་མང་བས་བསྐྱར་ཟློས་མི་བྱ། འགྲེལ་པ་གཞན་རྣམས་ཀྱིས་མ་བཤད་པ་ནི་བུད་དྷ་པཱ་ལིའི་རབ་བྱེད་དྲུག་པར་གཞན་གྱིས་བཅུག་པའི་ཚིག་རྩ་བ་ཡིན་པ་གཞིར་བཞག་གིས་འགྲེལ་བཤད་མཛད་པས་རང་འགྲེལ་མིན་པའི་རྟགས་ཆེན་པོ་བསྟན་གསུངས་སོ། །
ཀུན་མཁྱེན་གོ་རམས་པས་རིགས་པ་གསར་པ་ཞིག་ཁ་སྣོན་མཛད་པ་ནི། རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས་སློབ་དཔོན་ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེར་དང་། རིགས་པ་དྲུག་ཅུ་པ་གཉིས་ལ་འགྲེལ་པ་མཛད་པས་འདིས་ཀྱང་ཤེས་པར་གྱིས་ཤིག །ཅེས་གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན་སློབ་དཔོན་ཟླ་གྲགས་ཀྱིས་རྩ་ཤེའི་འགྲེལ་པ་རྩོམ་པར་མི་མཛད་དེ། ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་ལ་རང་འགྲེལ་ཡོད་པས་ཟླ་གྲགས་པས་འགྲེལ་པ་མ་རྩོམ་པས་རང་འགྲེལ་མིན་པར་རྒྱུ་མཚན་འདིས་ཀྱང་ཤེས་གསུངས་ཀྱང་། བསྟན་འགྱུར་ནང་ལ་སྟོང་ཉིད་བདུན་ཅུ་པའི་ཟླ་འགྲེལ་ཞིག་མཇལ་དུ་ཡོད་པ་དེ་སློབ་དཔོན་ཟླ་གྲགས་ཀྱིས་བརྩམས་པ་ལ་དོགས་པ་མཛད་ཡོད་པ་འདྲ་སྟེ། རྗེ་ཙོང་ཁ་པས་ཀྱང་ཤེས་བྱེད་དུ་དྲངས་པ་མི་སྣང་བའི་ཕྱིར་རོ། །
ཐ་སྙད་གྲུབ་པ་དང་། ག་ལས་འཇིགས་མེད་གཉིས་རིགས་ཚོགས་མིན་པའི་སྒྲུབ་བྱེད་རིགས་པ་ངར་ཤོས་ནི། དཔལ་ལྡན་ཟླ་གྲགས་ཀྱིས་ཚིག་གསལ་མཇུག་ཏུ་འཕགས་པའི་དབུ་མའི་གཞུང་གྲངས་འདྲེན་མཛད་པ་ལས། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེའུར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །ཞེས་བསྟན་བཅོས་འདི་གཉིས་ཀྱི་མིང་མ་སྨོས་པས་སྤྱིར་འཕགས་པའི་གསུངས་མིན་པར་སྒྲུབ་མི་ནུས་ཏེ། འདིར་མ་བགྲངས་པ་མདོ་རྒྱས་དང་མདོ་བསྲེ་སོགས་སྔགས་དང་རིག་པའི་གནས་ལ་སོགས་པའི་གཞུང་མང་པོ་ཡོད་པའི་ཕྱིར། དེ་གཉིས་འཕགས་པས་མཛད་ན་འཕགས་པས་མཛད་པའི་དབུ་མའི་གཞུང་ཡིན་དགོས་པས་ཚིག་གསལ་མཇུག་ལ་ངེས་པར་འདྲེན་དགོས་ཀྱང་མ་དྲངས་པ་མ་ཟད། སངས་རྒྱས་བསྐྱངས་དང་ལེགས་ལྡན་དང་ཟླ་བ་གྲགས་པས་ཁུངས་སུ་མ་དྲངས་པས་རྩ་ཤེའི་རང་འགྲེལ་མིན་པར་བསྒྲུབས་པ་ནི་རིགས་པ་བཙན་པོ་ཞིག་ཏུ་མཐོང་སྟེ། རྩ་ཤེའི་རང་འགྲེལ་ཡིན་ན་ཀླུ་སྒྲུབ་ཚད་མར་བཞེད་མཁན་ཞིག་གིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་རྩོམ་དུས་ལུང་མི་འདྲེན་པ་མི་སྲིད་ཅིང་། འཕགས་པའི་སློབ་མ་རྣམས་ཀྱིས་འཕགས་པའི་གཞུང་ཐམས་ཅད་མ་དྲངས་བ་མེད་པས། དེ་དག་གི་གཞུང་ལས་ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་གཉིས་ཀྱི་མིང་ཟུར་ཙམ་ཡང་མ་བྱུང་བས་འཕགས་པས་བརྩམས་པ་མིན་པ་ཐག་ཆོད་པ་ཡིན།
དེས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་བྱུང་འདུག་པས་སྤྱན་རས་གཟིགས་བརྟུལ་ལས། ག་ལས་འཇིགས་མེད་རང་འགྲེལ་དུ་བཤད་པ་གཞན་གྱིས་བཅུག་པར་བཤད་པ་རྒྱུ་མཚན་མེད་པ་གཏན་ནས་མ་ཡིན་ཏེ། ག་ལས་འཇིགས་མེད་ཀླུ་སྒྲུབ་ཡིན་པར་ཁ་གཡར་མཁན་དེས་ཕྱི་རབས་རྣམས་ཡིད་ཆེས་བསྐྱེད་པའི་ཆེད་དུ་སྤྱན་རས་གཟིགས་བརྟུལ་ཞུགས་ལས་རྩ་ཤེའི་འགྲེལ་པ་གྲངས་འདྲེན་སྐབས་དེར་བཅུག་པ་དང་། ཐ་སྙད་གྲུབ་པ་ཀླུ་སྒྲུབ་ཀྱིས་རྩོམ་པར་ཀ་མ་ལ་ཤཱིའི་དཀའ་འགྲེལ་ལ་བཅུག་སྲིད་པས་དུས་རབས་བདུན་པ་ཡས་མས་ཤིག་ལ་ས་འོག་དར་ཐག་འཐེན་མཁན་ཞིག་ཏན་ཏན་བྱུང་འདུག་པས་མཁས་པའི་དབང་པོ་རྗེ་ཙོང་ཁ་པ་དང་རྨ་བྱ་བྱང་བརྩོན་ལྟ་བུ་མ་གཏོགས་མཁས་པ་གཞན་རྣམས་ས་འོག་དར་ཐག་གི་དྲ་བར་ཚུད་པ་མིན་ནམ་བསམ་པའི་དོགས་པ་ཞིག་སྔར་གླེང་བརྗོད་ཀྱི་སྐབས་བཤད་ཟིན་པ་ལྟར་རོ། །
<<མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་ལས།>> ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲངས་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་པའི་ཕྱིར། མེད་པར་ཤེས་གསུང་ངོ་། །ཞེས་ཐ་སྙད་གྲུབ་པ་ཞེས་པ་ཞིག་མེད་པ་གསུང་སྲོལ་ཡོད་པ་ལྟར་གསུངས་པ་ནི་དཔྱད་གཞི་ཡིན་ཏེ། རིན་ཆེན་ཕྲེང་བའི་དར་ཊཱིཀ་ལས། ཐ་སྙད་གྲུབ་པ་ནི་དབུ་མ་རྒྱན་གྱི་འགྲེལ་པ་ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་ཚང་མ་བོད་ལ་མ་འགྱུར་རོ། །ཞེས་དབུ་མ་རྒྱན་གྱི་རང་འགྲེལ་ལས་ཐ་སྙད་གྲུབ་པའི་ཚིགས་བཅད་ཁ་ཡར་དྲངས་གསུངས་པ་ནི། དབུ་མ་རྒྱན་གྱི་རང་འགྲེལ་ལས། འདིར་ཡང་གསུངས་པ། ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །ཅེས་སོགས་ཚིག་རྐང་བཅུ་ཕྲག་གཉིས་ལྷག་ཐ་སྙད་གྲུབ་པའི་ཚིག་ཡིན་པར་བཤད་དེ། དབུ་མ་རྒྱན་རང་འགྲེལ་ལས་འདིར་ཡང་ཞེས་པ་ཙམ་ལས་མ་གསུངས་པས་ཐ་སྙད་གྲུབ་པའི་ཚིག་ཡིན་པ་ཇི་ལྟར་ཤེས་སྙམ་ན། ཀ་མ་ལ་ཤཱི་ལའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཐ་སྙད་གྲུབ་པ་ལས་བསྟན་ཏོ། །ཞེས་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས་ཚིག་རྐང་བཅུ་ཕྲག་གཉིས་ལྷག་ཙམ་དྲངས་པ་དེ་ཐ་སྙད་གྲུབ་པའི་ཚིག་ཡིན་པ་དང་། དེ་ཉིད་འཕགས་པས་མཛད་པའི་ཁུངས་ཀ་མ་ལ་ཤཱི་ལ་ཡིན་པ་དང་། མཛད་པ་པོ་མི་གསལ་བའི་རྒྱ་གཞུང་གཞན་གཅིག་ལའང་གསལ་བར་བཀོད་འདུག །
མཁས་གྲུབ་རིན་པོ་ཆེས་ཐ་སྙད་གྲུབ་པ་རྒྱ་གར་ན་མེད་པར་བཞེད་ན། ཀ་མ་ལ་ཤཱི་རྒྱ་གར་གཞུང་ལ་རྒྱུས་མངའ་ཧ་ཅང་ཆེ་བས་འཁྲུལ་གཞི་གཏན་ནས་མེད་པ་རི་བོང་རྭ་ལྟ་བུ་ཞིག་ཐ་སྙད་གྲུབ་པར་འཁྲུལ་མི་སྲིད་པས་རྒྱ་གར་ན་བསྟན་བཅོས་ཤིག་ངེས་པར་དུ་ཡོད་དགོས་སོ་སྙམ་ན། མཁས་གྲུབ་རྗེས་རྒྱུད་སྡེ་སྤྱི་རྣམ་ལས། དེའི་འགྲེལ་བཤད་སློབ་དཔོན་ཀ་མ་ཤཱི་ལས་མཛད་ཟེར་བ་རྫུན་མ་ཡིན་ནོ། །ཞེས་དབུ་མ་རྒྱན་གྱི་དཀའ་འགྲེལ་ཀ་མ་ཤཱི་ལས་མཛད་ཟེར་བ་རྫུན་ཡིན་པར་གསུངས་སོ། །