རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོའི་ཁྱད་ཆོས།

ཐེད་པོ།

༡༽   སྙིང་དོན།

ཞིབ་འཇུག་དཔྱད་རྩོམ་གྱི་མཛུབ་སྟོན་གཞིར་བཟུང་ནས་ཁོ་བོས་སྐབས་སུ་བབ་པའི་ཞིབ་འཇུག་དང་དཔྱད་པར་བྱ་བའི་གཞི་ནི། དུས་རབས་བཅོ་བརྒྱད་ཀྱི་ནང་དུ་བྱོན་ཞིང་གནས་ལྔ་རིག་པའི་གནས་མཐའ་དག་ལ་མཁས་ཤིང་གཞན་དྲིང་མི་འཇོག་པའི་སྐྱེས་བུ་ཆེན་པོ་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་བརྩམས་པའི་རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ཞེས་པ་དེ་ཡིན་ཞིང་། འགྲེལ་པ་འདི་ཉིད་ནི་སྙན་ངག་མེ་ལོང་གི་འགྲེལ་བ་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས་འགྲེལ་བ་རྒྱས་ཤོས་དང་ཁུངས་བཙུན་ཤོས་ཡིན་པར་བརྟེན། སྙན་ངག་གི་འགྲེལ་བ་རྩོམ་མཁན་མཁས་པ་རྣམས་ཀྱིས་ཁ་གཅིག་གྲག་གིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་བྱེད།

ལར་ནས་སྙན་འགྲེལ་ཆེན་མོ་འདི་ལྟ་བུ་ནི་རྒྱ་ཆེ་ལ་གཏིང་ཟབ་པས་ཞིབ་འཇུག་བྱེད་རྒྱུར་དུས་ཚོད་ཀྱི་ཆ་ནས་དང་། སོ་སོའི་རྣམ་དཔྱོད་ཀྱི་ཆ་ནས་སོགས་གང་ས་ཅི་ཐད་ནས་སླ་བའི་བགྱི་བ་ཞིག་གཏན་ནས་མིན་ནའང་། དེར་ཐུན་མིན་གྱི་ཁྱད་ཆོས་ཇི་སྙེད་ཅིག་ལྡན་པའི་ཁྲོད་ནས་འབུར་དོན་གྱི་ཁྱད་གནད་སྐོར་ཞིག་སྟེ། དཔེར་ན་དགག་བཞག་གི་སྤྲོས་པ་དང་། སྙན་ངག་གི་རྒྱན་གསར་སྣོན་ཇི་ཙམ་མཛད་མིན་དང་། གྲགས་ཅན་གྱི་བརྩམས་ཆོས་ཇི་སྙེད་ཅིག་ལུང་འདྲེན་བྱེད་ཚུལ་སོགས་ནི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ཡིན། དེར་བརྟེན་ཁམས་པ་འགྲེལ་ཆེན་དེ་ཉིད་ལ་ཞིབ་ཀློག་ནན་དཔྱད་བྱས་ཤིང་། དེ་འབྲེལ་གྱི་མཁས་པ་སྔ་མ་རྣམས་ཀྱི་སྙན་འགྲེལ་ཇི་སྙེད་ཅིག་མཆིས་པ་རྣམས་སུ་ཟབ་ཀློག་གཤིབ་བསྡུར་གོ་བསྐྱེད་བྱ་རྒྱུ་གཙོ་གནད་དུ་བཟུང་ཐོག སྙན་ངག་གཞུང་ལུགས་ལ་དབང་འབྱོར་བའི་མཁས་དབང་རྣམས་ལ་ལམ་སྟོན་བཀའ་འདྲི་ཞུ་རྒྱུ་སོགས་ནི་ཞིབ་འཇུག་གི་ཐབས་ལམ་གྱི་རང་བཞིན་དུ་འཛིན་བཞིན་ཡོད། དེ་ལྟ་བུའི་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་ནས་མཐའ་མའི་གྲུབ་དོན་དུ་ཁམས་འགྲེལ་ཞེས་སྙན་པའི་གྲགས་པ་ཡོངས་སུ་འབར་བའི་སྙན་འགྲེལ་དེར་དོན་དངོས་སུ་དེ་ལྟ་བུའི་གྲགས་ཅན་དུ་འཛིན་ཅིང་གཞན་ལས་ལྷག་པའི་ཁྱད་ཆོས་གང་ཞིག་ལྡན་པ་རྣམས་ཇི་བཞིན་ངོ་སྤྲོད་བྱ་རྒྱུ་གཙོར་བཟུང་ཐོག སླད་མར་ཡང་ཁམས་འགྲེལ་ལ་སློབ་སྦྱོང་བྱེད་མཁན་དང་ཞིབ་འཇུག་བྱེད་པོ་རྣམས་ཀྱིས་ཚེགས་ཆུང་གི་སྒོ་ནས་དེའི་ཁྱད་འཕགས་ཀྱི་རང་བཞིན་རྣམས་ལ་རྒྱུས་ལོན་དང་གསལ་རྟོགས་ཐུབ་པ་ཞིག་ཡོང་བར་བྱེད་རྒྱུ་ནི་གྲུབ་དོན་གྱི་དམིགས་ཚད་ལགས་སོ། །

ས་བཅད་དང་པོ། བརྗོད་གཞིའམ་གནད་དོན་ངོ་སྤྲོད།

བོད་ཀྱི་ཡུལ་ཁམས་ཆེན་པོ་འདིར་མིའི་འགྲོ་བ་བྱུང་བ་དང་བསྟུན་ནས་སྐབས་དེ་ཤེད་ཀྱི་མི་རྣམས་ཀྱི་བློ་རིག་སྒྱུ་རྩལ་གྱི་འཁོས་སྟབས་ལ་གཞིགས་ནས་སྙན་ངག་སྒྱུ་རྩལ་གྱི་འགོ་འབུས་ཤིང་། མིའི་བསམ་བློའི་དཔལ་ཡོན་གྱི་འཕེལ་རིམ་དང་བསྟུན་ནས་ཡར་རྒྱས་དང་དར་འཕེལ་ཕྱིན་ཡོད་པ་ནི་ལོ་རྒྱུས་ཀྱི་བདེན་དངོས་བསྙོན་མེད་ཡིན་ལ། འོན་ཀྱང་ལོ་རྒྱུས་འཕེལ་རིམ་རིང་མོའི་ཁྲོད་དུ་སྙན་ངག་ནི་གདོད་ནས་དར་ཡང་སྙན་ངག་རིག་པའམ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ལུགས་ནི་དེའི་རྗེས་སུ་བྱུང་བ་ནི་ཡོངས་ཁྱབ་ཀྱི་སྤྱི་འགྲོས་ཡིན་ལ། བོད་རང་ལ་མཚོན་ན་སྙན་ངག་རིག་པའམ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ལུགས་ནི་དུས་རབས་བཅུ་གཉིས་ལ་བྱོན་པའི་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཁས་འཇུག་བརྩམས་ནས་སྙན་ངག་མེ་ལོང་གི་རྒྱན་ཉེ་བར་མཁོ་བ་དག་ཐོ་རེ་བ་ཞིག་བསྒྱུར་ནས་སྙན་གཞུང་ཐོག་མར་དར་བའི་དབུ་བཟུང་། དེའི་རྗེས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ལཀྴི་མིའི་ཀ་ར་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་སྙན་ངག་མེ་ལོང་མ་ཆ་ཚང་བསྒྱུར་ཅིང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་ཐོག་མར་འགྱུར་བཅོས་གནང་། དེ་ནས་རིམ་པས་སྣར་ཐང་སངྒྷ་ཤྲི་དང་། ཞ་ལུ་ལོ་ཙཱ་བ། སྙེ་ཐང་ལོ་ཙཱ་བ་བློ་གྲོས་བརྟན་པ། མཐར་སི་ཏུ་བསྟན་པའི་ཉིན་བྱེད་སོགས་ཀྱིས་གཞུང་ལུགས་ཚད་མ་དག་ལ་ཁུངས་བཅོལ་ནས་འགྱུར་བཅོས་ལེགས་པར་གནང་སྟེ་བོད་དུ་སྙན་ངག་གི་གཞུང་ལུགས་ཡོངས་སུ་དར་ཁྱབ་དང་འཕེལ་རྒྱས་བྱུང་ཞིང་། བོད་གངས་ཅན་གྱི་མཁས་པ་ཡིན་ནོ་ཅོག་གིས་དེར་ཐོས་བསམ་སློབ་གཉེར་བྱས་པ་ཙམ་དུ་མ་ཟད། དེ་ལ་འགྲེལ་བའང་རྒྱས་བསྡུས་སྣ་ཚོགས་པ་ཞིག་བརྩམས་གནང་ལ། མ་ཟད་གཞུང་ལུགས་དེར་བརྟེན་ནས་བརྩམས་ཆོས་ཀྱང་བགྲང་གིས་མི་ལོན་པ་ཞིག་བརྩམས་དང་རྩོམ་བཞིན་པ་ལགས་སོ། །

         དེ་ལྟའི་སྙན་ངག་མེ་ལོང་ལ་འགྲེལ་བ་རྒྱས་བསྡུས་ཇི་སྙེད་ཅིག་བྱུང་བའི་ཁྲོད་ནས་འབྲུག་ཁམས་བསྟན་འཛིན་ཆོས་ཀྱི་ཉི་མས་བརྩམས་གནང་བའི་རྒྱན་གྱི་བསྟན་བཅོས་མེ་ལོང་གི་འགྲེལ་པ་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ནི། རྒྱུ་སྐར་གྱི་ཁྲོད་ན་ཉི་མ་དང་རི་དྭགས་ཀྱི་དཀྱིལ་ན་སེང་གེ་ལྟ་བུའི་འགྲེལ་བ་གཞན་ཀུན་ལས་འབུར་དུ་ཐོན་པའི་ཁྱད་ཆོས་དང་ཡོན་ཏན་ལྷག་པོ་ཇི་སྙེད་ཅིག་ལྡན་ལ། སྙན་ངག་གི་གཞུང་ལུགས་རྩོམ་མཁན་དང་དཔྱད་བརྗོད་པ་ཀུན་གྱིས་མངོན་པར་བསྟོད་པར་བྱེད་ཅིང་། བོད་རིག་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་ཚིག་རྒྱན་རིག་པའི་སྒོ་འབྱེད་ཀྱི་སྙན་ངག་དེ་གཞུང་གང་ལ་བརྟེན་ནས་སྦྱོང་པ་འཆད་པའི་སྐབས་“དེ་དག་གི་ནང་ནས་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་ནི། རང་ཉིད་ཀྱི་བླ་མ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་འགྲེལ་དཔེ་མ་གཉིས་ཀྱི་སྟེང་ནས་གསུང་བཤད་གནང་བའི་ཟིན་བྲིས་གཞིར་བཟུང་ནས་བྲིས་པ་ཡིན་སྟབས། སྙན་ངག་མེ་ལོང་གི་འགྲེལ་བ་རྒྱས་ཤོས་སུ་འདུག་པར་མ་ཟད། སྔ་འགྲེལ་རྣམས་ལས་ཆེས་གསལ་ཞིང་ལེགས་བཤད་ཆེ་བས། བློ་གྲོས་ཆེ་བ་རྣམས་ཀྱིས་གཞུང་དེ་ཉིད་བལྟས་ན་བཟང་ཞིང་།[1]” ཞེས་དོན་ལ་གནས་པའི་ཆེ་བརྗོད་མཛད་ཅིང་། འགྲེལ་བ་གཞན་རྣམས་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཇི་སྙེད་ཅིག་ལྡན་ནོ། །  

      ལར་ནས་སྙན་འགྲེལ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཀྱི་ངང་ཚུལ་རྣམས་ཐན་ཐུན་དང་ཕྱོགས་རེ་བའམ་སྤྱི་བབ་ཀྱི་སྒོ་ནས་འགྲེལ་བཤད་དང་ཆེ་བརྗོད་བྱེད་མཁན་མཆིས་ནའང་། འདིའི་ཁྱད་ཆོས་རྣམས་ཕྱོགས་ཡོངས་ནས་སམ་ཆ་ཡོངས་སུ་རྫོགས་པའི་སྒོ་ནས་དཔྱད་བརྗོད་སྤེལ་བ་ནི་ཁོ་བོས་དེ་སྔར་མ་མཇལ་བས། འགྲེལ་བ་དེ་ཉིད་ལ་ཞིབ་འཇུག་དང་རྒྱུས་ལོན་ཞིབ་ཚགས་བྱེད་པ་བརྒྱུད་ནས་དམིགས་བསལ་གྱི་ཁྱད་ཆོས་དེ་དག་ཁ་གསལ་གནད་སྨིན་གྱི་ལམ་ནས་འགྲེལ་བརྗོད་བྱེད་པ་དང་འབྲེལ། སླད་མར་ཡང་ཁམས་སྤྲུལ་གྱི་སྙན་འགྲེལ་ལ་སློབ་སྦྱོང་དང་ཐོས་བསམ་བྱེད་འདུན་ཅན་ལ་ཚེགས་ཆུང་གི་སྒོ་ནས་ཁམས་སྤྲུལ་སྙན་འགྲེལ་གྱི་ཟབ་ཚད་དང་། སློབ་དཔོན་དཎྜིའམ་དབྱུག་པ་ཅན་གྱི་དགོངས་དོན་ཚུལ་བཞིན་བཅལ་བའི་ཁྱད་ཆོས་རྣམས་གསལ་རྟོགས་ཡོང་རྒྱུར་དམིགས་རྩར་བཟུང་ནས་འགྲེལ་བརྗོད་ཀྱི་བགྱི་བ་ལྷུར་ལེན་པ་ཡིན་ནོ། །གོང་ཞུས་བཞིན་སྤྱིར་ཁམས་པ་འགྲེལ་ཆེན་གྱི་ཁྱད་ཆོས་ལ་ཕྱོགས་རེ་བའི་ཐོག་ནས་བཤད་པ་ཕྲན་ཚེགས་སུ་བྱས་པ་ལ་ལ་སྣང་ནའང་ཆ་ཚང་ཞིང་ཁ་གསལ་བའི་ཐོག་ནས་འགྲེལ་བརྗོད་གནང་བ་ནི་ད་ཕན་དངོས་སུ་མཇལ་བ་མ་བྱུང་བས་དེའི་ཕྱོགས་ནས་ཁ་སྣོན་དང་གསལ་བརྗོད་ནན་དཔྱད་བྱ་དགོས་པ་སྟེ། དཔེར་ན།  ཁམས་སྤྲུལ་སྙན་འགྲེལ་གྱི་མགོ་ནས་མཇུག་བར་དུ་སྔ་རབས་ཀྱི་སྙན་ངག་གཞུང་ལུགས་ཅི་ཙམ་ཞིག་ལུང་འདྲེན་བྱས་མིན་དང་།     

        རང་གི་ལྟ་ཚུལ་ལམ་དབྱུག་པ་ཅན་གྱི་དགོངས་དོན་ཇི་བཞིན་གསལ་འགྲེལ་བྱེད་པའི་རྒྱབ་རྟེན་ནམ་སྒྲུབ་བྱེད་དུ་བརྩམས་ཆོས་སམ་གཞུང་ལུགས་ཁུངས་བཙུན་ཇི་ཙམ་ཞིག་གི་ལུང་འདྲེན་བྱས་མིན་དང་། རང་གི་ལྟ་ཚུལ་ལམ་མེ་ལོང་གི་དགོངས་པ་དང་མི་མཐུན་པའི་ལྟ་ཚུལ་རྣམས་ཁ་ཅིག་ཏུ་བཟུང་ནས་དགག་རྒྱག་བྱེད་པར་བརྩམས་ཆོས་ཅི་ཙམ་ཞིག་ལུང་འདྲེན་བྱས་མིན་དང་ཇི་ལྟར་བྱེད་ཚུལ། སྙན་ངག་མེ་ལོང་གི་ལུས་བཤད་པ་ནས་དོན་རྒྱན་སོ་ལྔའི་མཇུག་མ་གྲུབ་ཀྱི་བར་དུ་སྔ་རབས་ཀྱི་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་ཅི་ཙམ་ལུང་འདྲེན་བྱས་པ་དང་འབྲེལ། སྙན་ངག་བསྟན་བཅོས་ཀྱིས་གཞུང་ལུགས་ཀྱི་རྒྱན་ངོས་འཛིན་དང་། རྒྱན་ངོས་འཛིན་གྱིས་བརྩམས་ཆོས་སྒྱུ་རྩལ་གྱི་ཁྱད་གཤིས་དང་གསོན་ཉམས་ལ་ངོས་འཛིན་དང་ཕྱོགས་བསྡོམས་བྱེད་པ་སྟེ། མདོར་ན་འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་ཆེན་མོ་འདི་ཉིད་ནི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཁྱད་ཆོས་ལྡན་པ་ནི་དེ་སྔའི་རྩོམ་རིག་སྨྲ་བ་གང་གིས་ཀྱང་གསལ་བར་མ་གསུངས་བ་ལ་སོགས་པ་ནི་སྟོང་ཆར་གྱུར་ཞིང་དེ་དག་ལ་གཏིང་ཟབ་རྒྱུས་ལོན་བྱེད་དེ་ཁ་གསལ་ཞིང་གོ་བདེ་བ། བརྗོད་དོན་གྱི་གནད་འགྲིལ་ལ་སྟབས་བདེའི་སྒོ་ནས་ངོ་སྤྲོད་དང་འགྲེལ་བརྗོད་བྱེད་པའི་ཐབས་ལ་འབད་པར་བྱ་བ་ལགས་སོ། །

ས་བཅད་གཉིས་པ།     དཔྱད་ཞིབ་ཀྱི་བརྒྱུད་རིམ་དང་ཞིབ་འཇུག་གི་གྲུབ་དོན།

སྡེ་ཚན་དང་པོ།  དཔྱད་ཞིབ་ཀྱི་བརྒྱུད་རིམ་དང་གྲུབ་དོན་སྤྱི།

དང་པོ།  ཁུངས་བཙུན་པའི་ཁྱད་གནད།

བོད་གངས་ཅན་གྱི་ལྗོངས་སུ་ས་པཎ་གྱིས་མཁས་འཇུག་བརྩམས་ནས་མེ་ལོང་གི་རྒྱན་ཕྱོགས་རེ་བ་ཞིག་བསྒྱུར་བ་དང་། དེ་ནས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་ལཀྴིམི་ཀ་ར་གཉིས་ཀྱིས་ས་སྐྱའི་དཔེ་མཛོད་ཁང་དུ་མེ་ལོང་མ་ཆ་ཚང་བོད་བསྒྱུར་གནང་བ་ནས་བཟུང་། རིས་སུ་མ་ཆད་པའི་མཁས་པ་རྣམས་ཀྱིས་མེ་ལོང་གི་འགྲེལ་བ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་ལྟ་བ་བཞིན་རྒྱས་བསྡུས་སྣ་ཚོགས་ཤིག་བྱུང་ཡོད་ལ། དེ་དག་གི་ནང་ནས་གྲགས་ཆེ་ཤོས་སུ་འདུག་པ་ནི། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བརྩམས་པའི་དཔང་ཊིཀ་དང་། སྣར་ཐང་གི་སྙན་འགྲེལ་སྙན་ངག་མེ་ལོང་གི་བཤད་པ་དོན་ཐམས་ཅད་གྲུབ་པ།  སྡེ་པ་རིན་སྤུངས་པས་བརྩམས་པའི་མི་འཇིགས་སེངྒེའི་ང་རོ། བོད་མཁས་པས་བརྩམས་པའི་དནྜིའི་དགོངས་རྒྱན། རྒྱལ་དབང་ལྔ་བ་ཆེན་པོས་བརྩམས་པའི་དབྱངས་ཅན་དགྱེས་གླུ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་བརྩམས་པའི་ཁམས་པ་འགྲེལ་ཆེན་སོགས་ཡིན་ལ། དུས་རབས་བཞུར་རྒྱུན་གྱི་རིམ་པའི་ཁྲོད་ནས་འགྲེལ་བཤད་རྣམས་ཁ་གསལ་དང་། གཏིང་ཟབ་ཏུ་ཕྱིན་ཡོད་པ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན། 

       འོན་ཀྱང་དེ་དག་གི་ཁྲོད་ནས་ལེགས་བཤད་རྨད་དུ་བྱུང་བ་ནི་ཁམས་པ་འགྲེལ་ཆེན་འདི་ཉིད་ཡིན་པ་མཁས་དགུས་བཞེད་ལ། དེ་ཡང་བོད་པས་དུས་རབས་བདུན་པ་ཡན་མན་ནས་བཟུང་སྟེ་རྒྱ་གར་ནས་ནང་ཆོས་དང་སྒྲ་སྙན་ངག་སོགས་ད་སྐབས་བོད་ཀྱི་རིག་གནས་ཞེས་གླེང་བའི་རིག་གནས་མཐའ་ཡས་པ་ཞིག་རྒྱ་གར་ནས་བསྒྱུར་ཅིང་དྲངས་བ་ཙམ་དུ་མ་ཟད། དེ་དག་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་རྩ་འགྲེལ་དང་ཡང་འགྲེལ་རྒྱས་བསྡུས་སྣ་ཚོགས་ཤིག་མཛད་ནས་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་ཞིག་བྱུང་ཡོད་ནའང་། བོད་ཀྱི་བསྟན་བཅོས་ཀྱིས་རྒྱ་གར་ལ་ཕར་ཕན་ཐོགས་པ་ནི་ཇོ་ནང་ཏར་ནཱ་ཐཱས་མཛད་པའི་རྒྱ་གར་གྱི་ཆོས་འབྱུང་དང་། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་ཁམས་འགྲེལ་ཆེན་འདི་གཉིས་ཙམ་ཁོ་ནའོ་ཞེས་སུ་སྨྲ་ཞིང་། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཁམས་འགྲེལ་འདི་ཉིད་རྒྱ་གར་གྱི་བསྟན་བཅོས་ཚད་འཕེར་ཁུངས་མ་དག་ལ་ཁུངས་གཏུགས་ཤིང་། བོད་ཀྱི་སྙན་འགྲེལ་གྱི་འཆད་ཚུལ་ཡང་དག་པའི་ལེགས་བཤད་རྣམས་ཀྱི་བཅུད་བསྡུས་པ་ཙམ་དུ་མ་ཟད་རང་ཉིད་ཀྱི་རྣམ་དག་བློ་གྲོས་ཀྱི་ཀུ་ཤཱའི་རྩེ་མོས་ཡང་ཡང་བསྲུབས་ཤིང་བརྡར་བས་ཡང་དག་ལ་ཁུངས་བཙུན་པའི་ཁྱད་ཆོས་ལྡན་པ་ཡིན། དེ་ཡང་ཁམས་པ་འགྲེལ་ཆེན་རང་ལས། “བདག་གི་བླ་མ་པཎ་ཆེན་དྷརྨཱ་ཀ་རའི་ཕྱག་ཏུ་འགྲེལ་པ་འདི་གཉིས་ཀའི་༼རཏྣ་ཤྲཱི་དང་ངག་དབང་གྲགས་པ་གཉིས་ཀྱི་རྒྱ་འགྲེལ།༽རྒྱ་དཔེ་བཞུགས་པའི་སྟེང་ནས་གསུང་བཤད་དོགས་གཅོད་ཡང་ཡང་ཞུས་པའི་གསུང་རྒྱུན་གཙང་མ་བཅོས་ལྷད་དང་བྲལ་བ་ཉིད་རྩ་བའི་སྲོག་ཏུ་བཞག དེ་དང་མི་འགལ་བའི་བོད་འགྲེལ་རྣམས་ཀྱི་ལེགས་བཤད་བཏུས་པས་ཀྱང་ཟུར་ཅུང་ཟད་བརྒྱན་ཏེ་རང་བློས་ཅི་ནུས་སུ་གཞུང་དོན་ལེགས་པར་བཤད་པར་བྱའོ། །[2]”ཞེས་དང་། “འདིར་བཀོད་པའི་གཞུང་ཚིག་ནི་ཤོང་འགྱུར་རྩ་བ་ལ་དཔང་ལོ་ཆེན་པོས་ཅུང་ཟད་བཅོས་པ་དང་། དུས་ཕྱིས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་ཀྱང་འགྱུར་བཅོས་ཅུད་ཟད་མཛད་པ་བཞིན་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི་ཕྱག་བྲིས་མ་ངོ་མ་སྐད་གཉིས་ཤན་སྦྱར་ལ་ཕྱི་མོར་མཛད་དེ་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་དུ་པར་ལ་སྔར་ནས་འཁོད་ཟིན་པ་ཉིད་ལ་སླར་ཡང་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་༼ཕྱི་ལོ་ ༡༧༧༢༽ལོ་འཇམ་མགོན་ཀུན་མཁྱེན་བླ་མས་རྒྱ་དཔེ་གཉིས་དང་བསྟུན་ནས། རྒྱ་སྐད་ལ་ཞུས་དག་དང་། བོད་སྐད་ལ་མི་བཅོས་ཀ་མེད་རྣམས་ལ་འཆོས་སྐྱོར་གནང་བ་དང་།  

         གཞུང་འདིའི་ལྗགས་བཤད་ཁོ་བོ་ལ་སྔ་ཕྱིར་བཀའ་དྲིན་དུ་སྩལ་བའི་སྐབས་སུ་རྒྱ་འགྲེལ་གཉིས་ཀྱི་དགོངས་དོན་དང་བསྟུན་ནས་འཕྲལ་འཕྲལ་འགྱུར་བཅོས་གནང་བ་རྣམས་ཟིན་བྲིས་སུ་བཏབ་ནས་བཀོད་པ་ཡིན་ནོ། །[3]”ཞེས་རང་བཟོར་བྱེད་པ་མིན་པར་རྒྱ་འགྲེལ་གཉིས་ཀྱིས་མཚོན་ཚད་ཐུབ་ཀྱི་བསྟན་བཅོས་ཁུངས་མ་རྣམས་སུ་གཞི་བཅོལ་ཞིང་བླ་མའི་མཁྱེན་རླབས་ཀྱིས་ཟུར་བརྒྱན་ནས་བཤད་པས་ཁུངས་བཙུན་ཞིང་དོན་གྱི་གནད་ཐིངས་བ། བསྟན་བཅོས་འདིའི་ཡར་སྔོན་དུ་བརྩམས་པའི་བོད་འགྲེལ་ཚད་ཐུབ་ཀྱི་ལེགས་པར་བཤད་པ་དག་གི་ཆ་བསྡུས་ནས་བཤད་ཡོད་པས་འགྲེལ་བ་གཞན་ལས་མཆོག་ཏུ་གྱུར་ཞིང་ཁུངས་བཙུན་པ་ཡིན། དེ་ཡང་ཁམས་པ་འགྲེལ་ཆེན་གྱི་དབུར་གཞུང་འདི་ཉིད་བརྩམས་པའི་དགོས་པ་དང་ཁུངས་འཆད་པའི་སྐབས་སུ།“ སྔོན་ཆད་བྱང་ཕྱོགས་འདི་ན་ཚུལ་འདིའི་གཞུང་། །སྨྲ་བའི་ཁུར་ཆེན་ལེན་པ་མང་བྱུང་ཡང་། །ད་དུང་མ་རྟོགས་ལོག་རྟོག་རྣམས་མང་བས། །དེ་རྣམས་དཔྱོད་པའི་རིག་པ་མུན་ནང་མདས། །གཞུང་དོན་དཀའ་གནས་འབེན་ལ་རེག་པ་མེད། །དེས་ན་ཁོ་བོས་མཁས་པའི་རྗེས་འབྲངས་ཏེ། །དྲི་མ་མེད་པའི་ངག་གིས་ཅུང་ཟད་བཤད། །དེ་ཡང་ཕན་ཕྱིར་ཡིན་གྱི་སྡང་བས་མིན། །ཤེས་ནས་ཡིན་གྱི་སྤྱི་བརྟོལ་བསྐྱེད་དེ་མིན། །[4]” ཞེས་དང་། “རང་ཉིད་སྨྲ་བའི་སྤོབས་པ་ཞན་མོད་ཀྱང་། །མཁས་པའི་གསུང་གསང་བསྟེན་ལ་ཆེར་འདྲིས་པས། །དེ་ཉིད་མ་བསླད་འདི་ན་རྣམ་པར་འགོད། །[5]”ཅེས་སྔར་གྱི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་སྙན་ངག་མེ་ལོང་གཞུང་འདི་ཉིད་ལ་འགྲེལ་བ་རྩོམ་པའི་ཁུར་ལེན་པ་མང་དུ་བྱུང་ཡོད་ནའང་། ད་དུང་ཡང་སློབ་དཔོན་དནྜིའི་དགོངས་པ་ཇི་བཞིན་མ་ལོན་པ་དང་ལོག་པར་ལེན་པ་ཆེས་མང་བར་གཟིགས་ནས་སྙན་གཞུང་འདི་ཉིད་རྩོམ་པའི་རྐྱེན་བསླངས་ཤིང་། བརྩམས་པ་དེ་ཡང་ཕྲག་དོག་དང་འགྲན་སེམས་ཀྱིས་ཀུན་ནས་བསླངས་ཏེ་བརྩམས་པ་ཞིག་མིན་པར། གཞན་ལ་ཕན་ཞིང་འདོམས་པའི་དོན་དུ་བརྩམས་ཤིང་། དེ་ཡང་རང་བཟོ་དང་འཆར་སྣང་གི་ཞེན་ཕྱོགས་ཀྱི་དབང་དུ་མ་བཏང་བར་ཚད་ཐུབ་ཀྱི་མཁས་པ་རྣམས་ཀྱི་ལེགས་བཤད་ཉག་གཅིག་ལ་བརྟེན་ནས་བརྩམས་པ་སྟེ་ཁམས་འགྲེལ་གྱི་འགོ་ནས་མཇུག་གྲུབ་རེག་གི་བར་དུ་མཁས་པ་རྣམས་ཀྱི་ཚིག་དང་དོན་གྱི་ཤོད་ཚུལ་མི་མཐུན་པ་རེ་རེ་བཞིན་ལེགས་པར་བཀོད་དེ་གང་ཞིག་ཚད་མར་འཛིན་རུང་བ་དང་གང་ཞིག་ཚད་མར་འཛིན་མི་རུང་བའི་གནད་རྣམས་ལེགས་པར་དཔྱད་ཞིབ་ཀྱིས་རྒྱ་འགྲེལ་གཉིས་ཀྱིས་མཚོན་གཞུང་ཚད་ཐུབ་དག་ལ་ཁུངས་སུ་བྱས་ཏེ་འགྲེལ་བ་གྲགས་ཅན་འདི་ཉིད་བརྩམས་པར་བརྟེན། གཞུང་ཁུངས་དག་ཅིང་སྤུས་ཚད་ལེགས་པས་གཞུང་འདི་ཉིད་ནི་དནྜིའི་དགོངས་པ་རྨ་མེད་པར་རྟོགས་པའི་གཞུང་ཚད་ཐུབ་ལ་ངོས་འཛིན་རུང་བ་ལགས་སོ། །

གཉིས་པ།   དགག་བཞག་གི་ཁྱད་གནད།

འགྲེལ་པ་འདི་ཉིད་ནི་སྙན་ངག་མེ་ལོང་གི་ཚིག་དོན་གྱི་འགྲེལ་བ་བརྒྱབ་པ་ཙམ་ཞིག་མིན་པར། གཞུང་འདི་ཉིད་ཀྱི་ཡར་སྔོན་དུ་བརྩམས་པའི་སྙན་ངག་མེ་ལོང་གི་འགྲེལ་བ་གྲགས་ཆེ་ཤོས་སུ་སྣང་བ་དཔང་ལོ་ཙཱ་བློ་གྲོས་བརྟན་པའི་བརྩམས་པའི་དཔང་ཊིཀ་དང་། སྣར་ཐང་གི་སྙན་འགྲེལ་སྙན་ངག་མེ་ལོང་གི་བཤད་པ་དོན་ཐམས་ཅད་གྲུབ་པ། རིན་སྤུངས་པའི་མི་འཇིགས་སེང་གེའི་ང་རོ། ༸རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་དནྜིའི་དགོངས་རྒྱན་སོགས། སྙན་ངག་མེ་ལོང་གི་འགྲེལ་བ་རྒྱས་བསྡུས་མང་པོ་ཞིག་བརྩམས་པ་རྣམས་ཀྱི་ཚིག་དང་དོན་གྱི་ནོར་བ་རྣམས་དང་། མེ་ལོང་གི་དགོངས་པ་ཇི་བཞིན་མ་འབྱོར་བ་དང་འཁྲུལ་གཞི་བྱས་པ་རྣམས་ཁ་ཅིག་ཏུ་བཟུང་ནས་ཞེན་ཕྱོགས་ཁོ་ནས་བྱས་པ་མིན་པར་ལུང་རིགས་རྣམ་དག་གི་སྒྲུབ་བྱེད་ཀྱིས་ཞིབ་དཔྱད་འཁྲུལ་སེལ་ལེགས་པར་གནང་ཞིང་། དནྜིའི་དགོངས་པ་རྨ་མེད་པ་ཇི་བཞིན་རྟོགས་པ་དམིགས་དོན་དུ་བཟུང་ཡོད་ལ།  དོན་ལ་ཡང་དནྜིའི་དགོངས་དོན་བཀྲོལ་བར་གཞུང་འདི་རང་ལས་ལྷག་པ་དེ་སྔ་བྱུང་མེད་པ་ནི་མཁས་པ་རྣམས་ཀྱིས་མགྲིན་དབྱངས་གཅིག་གྱུར་དུ་ངོས་འཛིན་བྱས་དང་བྱེད་བཞིན་པའོ། །སྙན་གཞུང་འདིའི་ནང་དུ་ཁམས་འགྲེལ་གྱི་ཡར་སྔོན་དུ་བརྩམས་པའི་སྙན་འགྲེལ་རྣམས་ཀྱི་ནོར་བ་དང་བཤད་ཚུལ་མི་མཐུན་པ་རྣམས་ཁ་ཅིག་ཏུ་བཟུང་ནས་དགག་རྒྱག་གིས་ནོར་སྐྱོན་རྣམས་སུན་ཕྱུངས་ནས་སྙན་ངག་མེ་ལོང་རང་གི་དགོངས་གཞི་དང་རྒྱ་འགྲེལ་གཉིས་ཀྱི་བཤད་སྒྲོས་རྣམས་སྒྲུབ་བྱེད་དུ་བཟུང་ནས་རིགས་པ་ཡང་དག་གིས་གཏན་ལ་ཕབ་བོ། །

གསུམ་པ། རྒྱན་གསར་སྣོན་གྱི་ཁྱད་གནད།

སྤྱིར་སྙན་ངག་མེ་ལོང་གི་བརྗོད་བྱ་ནི་ལུས་དང་རྒྱན་སྐྱོན་སེལ་གསུམ་ནང་དུ་འདུས་ལ། རྒྱན་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་གཉིས་ཀྱི་ནང་དུ་འདུ་བའོ། །དེ་ཡང་ལེའུ་དང་པོའི་ནང་དུ་ཐུན་མོང་མ་ཡིན་པའི་རྒྱན་ལ་ཤར་ལྷོ་གཉིས་ཀྱི་འདོད་པའི་དབང་གིས་རྒྱན་ཉི་ཤུ་དང་། ལེའུ་གཉིས་པ་ཐུན་མོང་གི་རྒྱན་སྤྱི་ལ་དོན་རྒྱན་སོ་ལྔ་དང་ནང་གསེས་སུ་རྒྱན་བརྒྱ་དང་གོ་དྲུག་ཡོད་ལ། ལེའུ་གསུམ་པའི་རྒྱན་བདུན་ཅུ་དོན་གསུམ་བཅས་ཁྱོན་སྙན་ངག་གི་ལེའུ་གསུམ་གྱི་ནང་དུ་རྒྱན་ཉིས་བརྒྱ་བདུན་ཅུ་དོན་གསུམ་བསྟན་ཡོད། འོ་ན་སྙན་ངག་གི་རྒྱན་ཡིན་ན་ཚང་མ་དེའི་ནང་དུ་འདུའམ་ཞེ་ན། དེ་ནི་མ་ཡིན་ཏེ། སློབ་དཔོན་དནྜི་མཆོག་གིས་ཀྱང་། “སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །[6]”ཞེས་སྙན་ངག་རྒྱན་ནི་ཚད་དང་གྲངས་འདི་ཙམ་མོ་ཞེས་སུས་ཀྱང་བརྗོད་པར་མི་ནུས་པ་མཐའ་ཡས་སོ། །རྒྱུ་མཚན་ནི་རྣམ་རྟོག་གི་མཐའ་ཐུག་པ་མེད་པས་རྒྱན་ལ་ཡང་མཐའ་ནི་འདིའོ་ཞེས་ཐུག་པ་མེད།   

           དེ་ཡང་མེ་ལོང་ལས། “དེ་ལྟར་རང་བཞིན་བརྟགས་པ་ལས། །ལམ་ནི་དེ་གཉིས་རྣམ་པར་ཕྱེ། །དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །བུར་ཤིང་འོ་མ་བུར་སོགས་ཀྱིས། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱང་དེ་བརྗོད་པ། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །[7]”ཞེས་སྙན་ངག་གི་རྒྱན་ཇི་སྙེད་ཡོད་པ་དེ་སྙེད་ནི་རྣམ་པར་རྟོག་པའི་རྗེས་སུ་འགྲོ་ལྡོག་བྱེད་པས་དེའི་ཚད་ནི་གང་ཟག་གཞན་དག་གང་གིས་ལྟ་ཅི་དབྱངས་ཅན་མས་ཀྱང་རྟོགས་པར་བྱ་བའི་ཡུལ་དུ་གྱུར་མ་ལགས་པར་གསུངས་པ་དང་། གཞན་ཡང་གཟུགས་ཅན་གྱི་རྒྱན་བཤད་པའི་མཇུག་ཏུ། “གཟུགས་ཅན་དཔེ་ཡི་རྣམ་རྟོག་རྣམས། །མཐའ་ཡོད་མ་ཡིན་དེ་ཡི་ཕྱིར། །བློ་ལྡན་རྣམས་ཀྱིས་ཕྱོགས་ཙམ་བསྟན། །མ་བརྗོད་རྗེས་སུ་དཔག་པར་བྱ། །[8]”ཞེས་རྒྱན་གྱི་རྣམ་གྲངས་ནི་འདིའོ་ཞེས་ཚད་བཟུང་དུ་མེད་པས་ཕྱོགས་ཙམ་བསྟན་ནས་ད་དུང་རྒྱན་གང་དང་གང་དགོས་པ་ནི་རྗེས་དུ་དཔགས་ནས་ཤེས་དགོས་པའི་གནས་སོ་གསུངས་པས། སློབ་དཔོན་དབྱུག་པ་ཅན་གྱིས་འདིར་མ་བཤད་ཀྱང་རང་རང་གི་རྣམ་དཔྱོད་ཀྱིས་རྗེས་སུ་དཔག་བཏུབ་མིན་ཙམ་ལས་རྒྱན་མཐའ་ཡས་པ་ཡོད་པར་གསུངས་པའི་དགོངས་དོན་ཇི་ལྟ་བ་བཞིན་མཚོན་པའི་ཕྱིར་དུ། འདིར་ཡང་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། རཏྞ་ཤྲཱིའི་རྒྱ་འགྲེལ་སོགས་ལ་ཁུངས་སུ་བྱས་ནས་རྒྱན་མང་པོ་ཞིག་གསར་སྣོན་བྱས་པ་སྟེ། དཔེ་རྒྱན་ལ་གསུམ་དང་། གཟུགས་རྒྱན་ལ་གསུམ། གསལ་བྱེད་ཀྱི་རྒྱན་ལ་གསུམ། འགོག་རྒྱན་ལ་གསུམ། ཕུལ་བྱུང་གི་རྒྱན་ལ་བཞི། བསྙོན་དོར་གྱི་རྒྱན་ལ་གསུམ། ཟོལ་བསྟོད་ཀྱི་རྒྱན་ལ་གསུམ། ཁྱད་པར་བརྗོད་པའི་རྒྱན་ལ་གསུམ། འགལ་བའི་རྒྱན་ལ་གཅིག་བཅས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་དོན་རྒྱན་གྱི་སྐབས་སུ་རྒྱན་གསར་པ་ཉེར་དྲུག་གསར་སྣོན་བྱས་ཤིང་དེས་མཚོན་ནས་སྤྱིར་སྒྱུ་རྩལ་ཆོས་ཉིད་ཀྱི་ཚུལ་ལུགས་དང་སྒོས་སྙན་གཞུང་མེ་ལོང་གི་བྱེད་པོ་དནྜིའི་དགོངས་གཞི་དང་མཐུན་ཞིང་། བོད་ལ་སྔར་སུས་ཀྱང་ཞིབ་བཤད་མ་གསུངས་པའི་རྒྱན་གསར་པ་གང་མང་ཞིག་ཁ་སྣོན་བྱས་ཏེ་དེ་ཡང་སོ་སོ་རང་ཉིད་ཀྱིས་དཔེར་བརྗོད་གསར་རྩོམ་མ་བྱས་པར་བོད་ཀྱི་གྲགས་ཅན་མཁས་པའི་བརྩམས་ཆོས་དག་ལས་ལུང་འདྲེན་གྱིས་ངོ་སྤྲོད་བྱས་ཡོད།

བཞི་པ། སྒྲ་རྒྱན་ཁྲོད་ཀྱི་དོན་རྒྱན་ངོས་འཛིན་བྱས་པའི་ཁྱད་གནད།

དེ་ཡང་ཁམས་འགྲེལ་ལས་སྙན་ངག་མེ་ལོང་ལེའུ་གསུམ་པའི་གཟུགས་ལྡན་གྱི་རྒྱན་རྣམས་སྔར་གྱི་འགྱུར་རྣམས་ལ་ཞིབ་བསྡུར་དང་དཔྱད་ཞིབ་ཀྱིས་ལེགས་པར་བསྒྱུར་ཞིང་། རྒྱན་དེ་དག་གི་ངོ་བོ་དང་ཁྱད་ཆོས་གནད་སྨིན་སྒོ་ནས་ངོ་སྤྲོད་བྱས་ཏེ། དེ་དག་ལ་རྒྱན་གང་ཡིན་གྱི་ངོས་འཛིན་གསལ་བརྗོད་བྱས་པས། སྙན་ངག་མེ་ལོང་ཡང་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ལུགས་ཡིན་པ་ཙམ་དུ་མ་ཟད་སྙན་ངག་གི་བསྟན་བཅོས་ཀྱི་ཁྱད་ཆོས་སམ་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱད་གཤིས་མངོན་པར་ལྡན་པས་མེ་ལོང་འདི་བཞིན་རྒྱན་གྱི་བསྟན་བཅོས་དང་། སྙན་ངག་གི་བསྟན་བཅོས་གཉིས་ཀའི་ཚབ་མཚོན་གྱི་བརྩམས་ཆོས་ཤིག་ཡིན་པར་གསལ་སྟོན་མཛད་ཅིང་།

ཁམས་འགྲེལ་ནས་ལེའུ་གསུམ་པའི་རྒྱན་རྣམས་བོད་བསྒྱུར་བྱས་པ་ཟུང་ལྡན་གྱི་སྒྲ་རྣམས་ཇི་བཞིན་བོད་སྐད་ལ་བསྒྱུར་དུ་མེད་ནའང་བསྒྱུར་བ་རྣམས་ལེགས་བཅོས་ཚུལ་བཞིན་མཛད་ཅིང་དེ་དག་ལ་ཡང་ནང་དོན་ཙམ་ངོ་སྤྲོད་བྱས་པ་ལས་བརྒལ་ཏེ་དེ་དག་མེ་ལོང་ནས་བསྟན་པའི་དོན་རྒྱན་གྱི་རྒྱན་གང་ཡིན་ངོས་འཛིན་གྱིས་མཛུབ་མོ་རི་སྟོན་གྱི་དཔེ་བཞིན་རྗེས་སུ་བསྟན་པར་མཛད་ཅིང། སྙན་ངག་མེ་ལོང་འདི་བཞིན་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ཙམ་མིན་པར་སྙན་ངག་གི་བསྟན་བཅོས་ཤིག་ཡིན་པའི་ངོས་འཛིན་དང་འགྲེལ་བརྗོད་ཀྱི་ལམ་ནས་གསལ་སྟོན་གནང་ཡོད་ལ། འདི་བརྩམས་པའི་ཡར་སྔོན་དུ་སྙན་ངག་མེ་ལོང་འགྲེལ་མཛད་པོ་གང་གིས་དེ་ལྟ་བུ་ངོས་འཛིན་གནང་བ་མ་མཇལ་བས་ཁོང་ཐོག་མ་ཡིན་ནམ་སྙམ་མོ། །

ལྔ་པ། བརྩམས་ཆོས་འགྲེལ་བརྗོད་ཀྱི་ཁྱད་གནད།

གོང་དུ་ཞུས་པ་བཞིན་ཁམས་པ་འགྲེལ་ཆེན་འདི་ཉིད་སྙན་ངག་མེ་ལོང་གི་རྒྱན་རྣམས་ངོ་སྤྲོད་བྱེད་པའི་བརྩམས་ཆོས་ཙམ་ཞིག་མ་ཡིན་པར། བརྩམས་ཆོས་འགྲེལ་བརྗོད་དང་དེའི་སྒྱུ་རྩལ་གྱི་རང་བཞིན་རྣམས་ངོ་སྤྲོད་བྱེད་པའི་གཞུང་ལུགས་ཤིག་གི་ཁྱད་ཆོས་ཀྱང་ཧ་ཅང་ཆེན་པོ་ལྡན། དེ་ཡང་འགྲེལ་ཆེན་གྱི་འགོ་མཇུག་བར་གསུམ་དུ་དཔག་བསམ་འཁྲི་ཤིང་གིས་མཚོན་པའི་བརྩམས་ཆོས་གྲགས་ཅན་ཇི་སྙེད་ཅིག་ལུང་འདྲེན་བྱས་ནས་བརྩམས་ཆོས་ཀྱི་ཐོག་ནས་རྒྱན་ངོས་འཛིན་དང་། རྒྱན་གྱི་ཐོག་ནས་བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས་འགྲེལ་བརྗོད་གནད་ཐིངས་བ་བྱས་པས་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཁྱད་ཆོས་དམིགས་བསལ་ལྡན་པ་ཞིག་ཡིན་པས་གནད་འདིའི་སྐོར་གསལ་འདོན་གནང་ཡོད།

སྐབས་འདིར་ཡང་དཔག་བསམ་འཁྲི་ཤིང་ལས། རྒྱན་སོ་སོའི་ཁྱད་ཆོས་དང་རྩ་བའི་ཆ་རྐྱེན་ལ་གཞིགས་པའི་སྒོ་ནས་ལེའུ་གཉིས་པའི་དོན་རྒྱན་སྐབས་སུ་ཡང་ཤོ་ལོ་ཀཱ་ཞེ་བཅུ་ཞེ་དྲུག་དྲངས་ཤིང་། དེ་བཞིན་ཀླུ་ཀུན་ཏུ་དགའ་བའི་ཟློ་གར་སོགས་གྲགས་ཅན་མཁས་པའི་བརྩམས་ཆོས་དག་ལས། ཤོ་ལོ་ཀཱ་ཉི་ཤུ་བཅས་ཁྱོན་བསྡོམས་དོན་རྒྱན་གྱི་སྐབས་འདིར་ཤོ་ལོ་ཀཱ་བདུན་ཅུ་ཐམ་པ་དྲངས་ཤིང་འབྲུག་ཁམས་སྤྲུལ་མཆོག་གིས་སྙན་ངག་མེ་ལོང་གི་ལེའུ་དང་པོའི་སྙན་ངག་ཆེན་པོ་སོགས་ཀྱི་ངོ་སྤྲོད་བྱེད་པའི་སྐབས་སུ་དང་། དེ་བཞིན་དོན་རྒྱན་ངོས་འཛིན་བྱེད་པའི་སྐབས་བཅས་སུ་མཁས་པ་གཞན་གྱི་གྲགས་ཆེ་བའི་བརྩམས་ཆོས་གཞན་དག་ལས་རྒྱན་སོ་སོའི་ཁྱད་ཆོས་ལྡན་པའི་ཚིགས་སུ་བཅད་པ་རྣམས་ལུང་དྲངས་པ་ལས་རང་ངོས་ནས་དཔེར་བརྗོད་གང་གི་སྐབས་སུའང་བཞག་པ་མི་གསལ་བས་ཁམས་འགྲེལ་གྱི་བྱེད་པོ་རྩོམ་རྒྱག་མི་ཤེས་པ་ནི་མ་ཡིན་ནའང་དམིགས་བསལ་གྱི་དགོངས་གཞི་ཞིག་ཡིན་པ་སྟེ་གཞུང་ལུགས་དང་ལག་ལེན་གཉིས་ནི་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་མ་བྱུང་ཕྱིན་དགོས་དོན་མི་འགྲུབ་པས། སྙན་ངག་གི་གཞུང་ལུགས་བཤད་པ་དང་མཉམ་དུ་སྙན་ངག་བརྩམས་ཆོས་རྣམས་ཀྱི་སྒྱུ་རྩལ་གྱི་རིན་ཐང་ལ་ངོས་འཛིན་དང་ཕྱོགས་བསྡོམས་བརྒྱབ་པས་གནད་ཆེ་བར་སེམས་སོ། །

འདིར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཁོ་ན་ལས་བྱུང་བའི་ཤོ་ལོ་ཀཱ་བརྒྱ་དང་བདུན་ཅུ་དོན་གཅིག་ཙམ་བཀོད་ཅིང་དེ་ཡང་བརྩམས་ཆོས་ལུང་འདྲེན་གཅིག་པུ་ཞིག་མ་ཡིན་པར་བརྩམས་ཆོས་གང་དེ་ཉིད་སྙན་ངག་མེ་ལོང་ནས་བསྟན་པའི་སྙན་ངག་ཆེན་པོའི་རྣམ་པ་དང་ངང་ཚུལ་ཇི་བཞིན་མཚོན་པའི་སྒོ་ནས་ལུང་འདྲེན་མཛད་ཡོད་ན། སྒྱུ་རྩལ་རྩོམ་རིག་གི་གཞུང་ལུགས་ཁྱད་ཆོས་དང་། བརྩམས་ཆོས་འགྲེལ་བརྗོད་ཀྱི་ལག་ལེན་ཁྱད་ཆོས་གཉིས་ཚོགས་ལྡན་པས་འགྲེལ་བ་གཞན་ལས་དམིགས་བསལ་གྱིས་ཁྱད་པར་དུ་འཕགས་པའོ།།  

དྲུག་པ། གནད་ཟིན་ཞིབ་ཚགས་ཀྱི་ཁྱད་གནད།

སྙན་འགྲེལ་ཆེན་པོ་འདིའི་མགོ་ནས་མཇུག་མ་གྲུབ་ཀྱི་བར་དུ་དོན་གྱི་གནད་མ་འཆོར་བར། རང་གཞན་གྱི་འདོད་ཚུལ་རྣམས་ཁ་གསལ་གནད་འཁེལ་ཙམ་དུ་མ་ཟད། ཚིག་རེ་རེའི་གོ་དོན་དང་འགྱུར་ཚུལ་སོགས་མི་བདེ་ཕྲན་ཚེགས་མཆིས་པའང་རང་སོར་མི་འཇོག་པར་ལུང་རིགས་འཐད་ལྡན་གྱིས་ཁ་གསལ་གོ་བདེས་འགྲེལ་བརྗོད་བྱས་ཤིང་། ཐུན་མིན་གྱི་རྒྱན་དང་ཐུན་མོང་གི་རྒྱན་སོགས་ཀྱི་སྐབས་ཐོབ་དང་འཚམ་པར་མདོ་བསྟན་རྣམས་ལས་བྱུང་བའི་རིག་བྱེད་ཀྱི་གཏམ་རྒྱུད་སོགས་རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་ལེགས་པར་ངོ་སྤྲོད་བྱས་ཏེ། བརྗོད་དོན་རྣམས་ཞིབ་ཚགས་རང་བཞིན་ཆེས་ཆེར་ལྡན་པ། དཔེར་ན། གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་གནས་པར་མཛོད། །ཅེས་པའི་མཆོད་བརྗོད་སྐབས་ཀྱི་ཤོ་ལོ་ཀཱ་འདིའི་བརྗོད་དོན་དང་། དེའི་རྒྱབ་ལྗོངས་སུ་བྲམ་ཟེའི་གཞུང་ནས་བཤད་པའི་རིག་བྱེད་ཀྱི་གཏམ་རྒྱུད་ཚངས་པ་ལས་དབྱངས་ཅན་མ་ཇི་ལྟར་བྱུང་ཚུལ་དང་། སངས་རྒྱས་ཀྱི་མདོ་ལས་ཀྱང་གཏམ་རྒྱུད་འདི་ལྟ་བུའི་ངང་ཚུལ་དང་མཐུན་པའི་བཤད་ཚུལ་ལུང་འདྲེན་གྱིས་ངོ་སྤྲོད་བྱས་ཤིང་། རྒྱ་འགྲེལ་རྣམས་ལས་ཀྱང་མཆོད་བརྗོད་ཤོ་ལོ་ཀཱ་འདིའི་བརྗོད་དོན་ནི་སངས་རྒྱས་དང་། གདོང་བཞི་ནི་ཚད་མེད་པ་བཞི། དེ་བཞི་ལས་རྒྱལ་བའི་གསུང་རབ་ཡན་ལག་དགུའི་དབྱངས་རྣམས་ལེགས་པར་བྱུང་ཞིང་དེ་ནི་བདག་གི་ཡིད་ལ་འཇུག་པའམ་གནས་པར་མཛོད་ཅེས་ཀྱི་འགྲེལ་ཚུལ་རྣམས་གསུངས་ཤིང་དོན་ལ་ཡང་འགལ་བ་མེད་པ་དང་། ཤོ་ལོ་ཀཱ་འདི་ཡང་རྒྱན་གྱི་ངོས་ནས་བལྟས་ན་གཟུགས་ཅན་དང་སྦྱར་རྒྱན་གཙོ་ཆེ་བའི་རབ་སྤེལ་གྱི་རྒྱན་ཡིན་ཚུལ་དང་། དེ་བཞིན་སྔར་གྱི་སྙན་འགྲེལ་རྩོམ་པོ་རྣམས་འགྲེལ་ཚུལ་ནོར་སྐྱོན་རྣམས་ངོས་འཛིན་གྱིས་ཡང་དག་གང་ཞིག་ཡིན་མིན་ལུང་རིགས་ཀྱིས་ཚུལ་བཞིན་བསྒྲུབས་ཤིང་ཚིག་རེ་རེའི་གོ་དོན་དང་འགྱུར་ཚུལ་ལེགས་སྦྱར་དང་མཚུངས་བསྡུར་གྱིས་ལེགས་པར་ངོ་སྤྲད་དེ་གསལ་བརྗོད་ཞིབ་ཚགས་ཀྱིས་བརྗོད་དོན་གཏན་འབེབས་ལ་གཞོལ་ཡོད།

དེ་བཞིན་རང་བཞིན་བརྗོད་པའི་རྒྱན་གྱི་བཞི་པ་རྫས་རང་བཞིན་བརྗོད་པའི་རྒྱན་གྱི་བརྗོད་དོན་རིག་བྱེད་ཀྱི་གཏམ་རྒྱུད་དང་ཁྱད་པར་གཟུགས་ཅན་གྱི་རིག་བྱེད་གཏམ་རྒྱུད། བསམ་པ་རྒྱ་ཆེ་བའི་རིག་བྱེད་ཀྱི་གཏམ་རྒྱུད། འབྱོར་བ་རྒྱ་ཆེ་བའི་རིག་བྱེད་ཀྱི་གཏམ་རྒྱུད་སོགས་ངོ་སྤྲོད་དང་། དེའི་འགྲེལ་ཚུལ་དང་ངོས་འཛིན་བྱེད་ཚུལ་མི་མཐུན་པའི་རིགས་རྣམས་དགག་བཞག་གི་སྤྲོས་པ་ལེགས་པར་མཛད་ཅིང་གཏམ་རྒྱུད་ཀྱི་ཐོག་ནས་བརྗོད་དོན་ལ་ཟབ་འཇུག་དང་རྒྱན་ངོས་འཛིན་ལ་གསལ་རྟོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་སོ། །

མདོར་ན་ཁམས་པ་འགྲེལ་ཆེན་གྱི་མགོ་ནས་མཇུག་མ་གྲུབ་ཀྱི་བར་དུ་འདིའི་ཡར་སྔོན་གྱི་མཁས་པ་རྣམས་ཀྱི་འཆད་ཚུལ་མི་འདྲ་རྣམས་ངོས་འཛིན་དང་། གསལ་ཁ་མེད་པ་རྣམས་གསལ་བརྗོད། ཚིག་དང་དོན་གྱི་ནོར་བ་ཕྲན་ཚིགས་ལའང་ཡན་གར་དུ་མ་གཏོང་བར་ལེགས་སྦྱར་གྱི་སྐད་རང་ལ་མཚུངས་བསྡུར་གྱི་དཔྱད་ཐབས་གནད་དུ་བཟུང་ཞིང་། རྒྱ་བོད་ཀྱི་བསྟན་བཅོས་ཁུངས་མ་དང་ཚད་ཐུབ་ཀྱི་མཁས་པའི་བཞེད་ཚུལ་རྣམས་ལ་ཁུངས་སུ་བྱས་ཏེ་ལུང་རིགས་ཀྱིས་ཡང་དག་ཏུ་བསྒྲུབས་པས་ཞིབ་ཚགས་ཤིང་ཁ་གསལ་བའི་ཐུན་མིན་གྱི་ཁྱད་ཆོས་དམིགས་བསལ་བ་ལྡན་པར་འདོད་དོ། །

 

སྡེ་ཚན་གཉིས་པ།  གྲུབ་དོན་གནད་བསྡུས་སུ་བསྟན་པ།

དེ་ཡང་ཁམས་པ་འགྲེལ་ཆེན་ཞེས་ཡོངས་སུ་གྲགས་པའི་སྙན་ངག་མེ་ལོང་གི་འགྲེལ་བ་ཆེན་པོ་འདི་ཉིད་པོ་ཏིའི་མཐུག་ཚད་དང་ཤོག་བུའི་གྲངས་ཚད་བཅས་ཀྱི་ཆ་ནས་སྐད་གྲགས་ཅན་དུ་སོང་བ་ཞིག་མ་ཡིན་པར། གང་དེ་ཉིད་ཀྱི་བརྗོད་དོན་གྱི་ཟབ་ཚད་དང་གནད་དོན་འགྲེལ་བརྗོད་ཀྱི་སྤུས་ཚད་བཅས་ཀྱི་ཆ་ནས་བྱུང་བ་ཡིན། བོད་གངས་ཅན་གྱི་ཡུལ་ཁམས་ཆེན་པོ་འདིར་སྙན་ངག་མེ་ལོང་དར་ནས་དུས་རབས་བརྒྱད་དགུར་ཕྱིན་ཅིང་དུས་ཡུན་དེའི་ཁྲོད་ནས་བོད་ཀྱི་མཁས་པར་གྲགས་པ་ཕལ་མོ་ཆེས་སྙན་ངག་མེ་ལོང་ལ་རྩ་འགྲེལ་དང་ཡང་འགྲེལ་རྒྱས་བསྡུས་སྣ་ཚོགས་ཤིག་མཛད་པའི་ཁྲོད་ནས་ཁམས་པ་འགྲེལ་ཆེན་གྱི་དོ་ཟླར་ཆས་པ་ནི་ཉི་མོའི་སྐར་མའི་སྤུན་ཟླར་ཆས་པ་ལྟ་བུ་ཡིན་པ་སོགས་དཔྱད་ཞིབ་བརྒྱུད་རིམ་གྱི་ཁྲོད་ནས་གསལ་སྟོན་བྱས་ཡོད།

གཅིག དེ་ལྟར་ཡོང་བའི་རྒྱུ་མཚན་ནི་རྒྱ་གར་ན་གྲགས་ཆེ་བ་རཏྣ་ཤྲཱི་དང་། ངག་གི་དབང་ཕྱུག་གཉིས་ཀྱི་རྒྱ་འགྲེལ་དང་། རིག་པའི་གནས་ལྔར་མཁྱེན་པའི་མཁས་པ་ཆེན་པོ་སི་ཏུ་བསྟན་པའི་ཉིན་བྱེད་བཅས་ཀྱི་དགོངས་གཞི་དང་བཞེད་པ་རྩ་བའི་སྲོག་ཏུ་བྱས་ཤིང་། བོད་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་སྙན་འགྲེལ་གྱི་ལེགས་ཆ་རྣམས་ཀྱི་བཅུད་བསྡུས་པ།  མི་ལོ་བཅུ་དྲུག་ཙམ་གྱི་རིང་རང་གི་རྣམ་དཔྱོད་ཀྱིས་སྲེག་བཅད་བརྡར་གསུམ་བྱས་པས་ད་གཟོད་འགྲེལ་བ་གྲགས་ཆེ་བ་འདི་ལྟ་བུ་ཞིག་ངེད་ཅག་གི་བགོ་སྐལ་དུ་བྱུང་པའོ། །དེ་ཡང་སྔོན་དུ་བརྩམས་པའི་འགྲེལ་བ་རྣམས་སུ་ཚིག་དང་དོན་གྱི་འཁྲུལ་བ་ཕྲན་ཚེགས་རེའང་ཡན་གར་དུ་མ་བཏང་བར་ཁུངས་ལུང་དང་རིགས་པ་ཡང་དག་གིས་གཏན་ལ་ཕབ་ཅིང་། དེའི་དབང་གིས་ཁམས་འགྲེལ་འདི་ཉིད་དུ་ཁ་ཅིག་གམ་མཁས་པའི་ཚིག་དོན་གྱི་འགལ་འཁྲུལ་བརྒྱ་དང་ཞེ་བཅུ་ཞེ་བརྒྱད་ཙམ་བྱུང་ཞིང་། འགྲེལ་བ་གྲགས་ཆེ་བ་དཔང་ཊིག་དང་། སྣར་ཐང་པ་རིན་སྤུངས་པ་སོགས་ཀྱི་ལེགས་སྦྱར་གྱི་སྐད་འགྲོས་དང་མི་མཐུན་པ་དང་། འགྲེལ་བ་རྒྱག་ཚུལ་དང་ངོས་འཛིན་བྱེད་ཚུལ་ནོངས་པའི་ཆ་དག་རྒྱ་འགྲེལ་གཉིས་དང་སི་ཏུ་པཎ་ཆེན་སོགས་ཀྱི་རྣམ་པར་དག་ཅིང་ཁུངས་བཙུན་པའི་སྒྲུབ་བྱེད་དག་གིས་དགག་བཞག་གི་སྤྲོས་པ་མཛད་ཅིང་། དེར་བརྟེན་རང་གི་ལྟ་ཚུལ་གྱི་རྒྱབ་རྟེན་དུའམ་གཞུང་ལུགས་ཀྱི་དགོངས་པ་རྨ་མེད་པ་རྟོགས་དོན་དུ་ཡང་དག་པའི་མཁས་པ་གཞན་གྱི་བསྟན་བཅོས་དང་དྲི་མ་མེད་པའི་མཁས་པའི་བཞེད་ཚུལ་བརྒྱ་དང་བདུན་ཅུ་དོན་གསུམ་ཙམ་དྲངས་ནས། གཞན་ལུགས་ཀྱི་དོན་ལ་མི་འབྱོར་ཞིང་གོ་བ་ཡན་པར་འཕྱན་པའི་གནས་རྣམས་བཀག་ཅིང་། གཞུང་དོན་ནམ་དཎྜིའི་དགོངས་པ་རྨ་མེད་པ་གསེད་བཀྲོལ་མཛད་པའི་ཁྱད་ཆོས་ཅན་ཞིག་ཡིན་པའི་བསྟན་བཅོས་རང་སྟེང་གི་ཁྱད་ཆོས་རྣམས་གསལ་སྟོན་བྱས་ཡོད།

གཉིས། དེ་བཞིན་ཁམས་པ་འགྲེལ་ཆེན་འདི་ཉིད་ཀྱི་འགྲེལ་བ་རྒྱག་ཚུལ་གྱི་ཐད་ན་བཤད་ན་གཞུང་ལུགས་རྐྱང་པ་ཞིག་གི་ངོས་ནས་འགྲེལ་བཤད་དང་ངོ་སྤྲོད་བྱེད་པ་ལས་བརྒལ་ཏེ་གཞུང་ལུགས་དང་ལག་ལེན་གཉིས་ཚོགས་ཀྱི་ཐོག་ནས་བཤད་ཅིང་།   དཔེར་ན་ལེའུ་དང་པོ་ནས་བསྟན་པའི་སྙན་ངག་ཆེན་པོོ་ངོ་སྤྲོད་བྱེད་པའི་སྐབས་སུ་གཞུང་ལུགས་ཀྱིས་བསྟན་པའི་བརྗོད་དོན་རེ་རེ་ལ་ཡང་སྙན་ངག་གི་བསྟན་བཅོས་གྲགས་ཆེ་བ་དཔག་བསམ་འཁྲི་ཤིང་སོགས་ནས་དེ་དག་མཚན་གཞི་དཔེར་བརྗོད་ཀྱི་ལམ་ནས་ངོ་སྤྲོད་བྱས་པས།   གཞུང་ལུགས་ཀྱི་གནད་དོན་འགྲེལ་བརྗོད་བྱེད་པ་དང་མཉམ་དུ་སྙན་ངག་གི་བསྟན་བཅོས་ནི་སྙན་ངག་ཆེན་པོ་དང་།    རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ངོ་ལེགས་པར་འཕྲོད་པའི་དམིགས་བསལ་གྱི་དགེ་མཚན་ལྡན།   རྒྱུ་མཚན་དེ་དག་ལ་གཞིགས་ནས་ཁམས་སྤྲུལ་མཆོག་གིས་སྙན་ངག་གི་ངོས་འཛིན་དང་རྒྱན་ངོས་འཛིན་གཉིས་ཁོ་ན་འཆད་པའི་སྐབས་སུ་བརྩམས་ཆོས་ཇི་སྙེད་ཅིག་ལུང་འདྲེན་མཛད་པ་སྟེ།   དཔེར་ན་སྙན་དང་ལེའུ་དང་པོའི་ནང་དཔག་བསམ་འཁྲི་ཤིང་ལས་ཤློ་ཀ་བརྒྱ་དང་བཅུ་མེད་གཉིས་དང་།  བརྩམས་ཆོས་གཞན་ལས་ཤློ་ཀ་སུམ་ཅུ་སོ་དྲུག   དེ་བཞིན་ལེའུ་གཉིས་པ་དོན་རྒྱན་སྐབས་སུ་ཡང་དཔག་བསམ་འཁྲི་ཤིང་ལས་ཤློ་ཀ་ཞེ་དྲུག་དང་སྐྱེས་རབས་སོ་བཞི་དང་ཀླུ་ཀུན་ཏུ་དགའི་ཟློས་གར་སོགས་ལས་ཤློ་ཀ་ཉི་ཤུ་བཅས་ཁྱོན་ཁམས་པ་འགྲེལ་ཆེན་ནང་དུ་ཤློ་ཀ་ཉིས་བརྒྱ་བཞི་དྲངས་ཡོད་ཅིང་།   དེར་བརྟེན་སྙན་ངག་གི་བརྩམས་ཆོས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱིས་སྙན་ངག་མེ་ལོང་ནས་བསྟན་པའི་རྒྱན་རྣམས་ངོས་འཛིན་དང་འགྲེལ་བརྗོད་བྱེད་པ་དང་།   མེ་ལོང་ནས་བསྟན་པའི་རྒྱན་རྣམས་ཀྱིས་སྙན་ངག་གི་བསྟན་བཅོས་རྣམས་གཞུང་ལུགས་ཀྱི་ཁྱད་ཆོས་དང་།  རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་རྣམས་ངོས་འཛིན་དང་ཕྱོགས་བསྡོམས་རེ་བྱས་ཡོད་པས་དམིགས་བསལ་གྱི་ཁྱད་ཆོས་རྣམས་འདྲེན་བཀོད་གསལ་སྟོན་བྱས་ཡོད།

གསུམ། དེ་སྔ་བོད་ཀྱི་མཁས་པ་སུས་ཀྱང་མ་གསུངས་བ་ཇི་སྙེད་པ་ཞིག་ཁམས་པ་འགྲེལ་ཆེན་ནས་གསར་དུ་བཤད་ཅིང་། དེ་ཡང་སྙན་ངག་མེ་ལོང་གི་བྱེད་པོ་སློབ་དཔོན་དཎྜི་མཆོག་གིས་སྙན་ངག་རྒྱན་ནི་གྲངས་ཚད་ནི་འདིའོ་ཞེས་སུས་ཀྱང་ཁ་ཚོན་གཅོད་མི་སྤོབས་ཤིང་རྒྱུ་མཚན་ནི་མིའི་རྣམ་རྟོག་གི་ངོར་འདི་ཤར་དང་འདི་མི་ཤར་ཚད་དང་མཐའ་ཐུག་ཏུ་མེད་པས་སྒྱུ་རྩལ་ཡང་མིའི་རྣམ་རྟོག་གི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ལ། སོ་སོའི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་གྱིས་ལྕོགས་ན་སྙན་ངག་རྒྱན་ཡང་གསར་དུ་བཟོ་བར་འོས་པ་རྗེས་སུ་བསྟན་པའི་དགོངས་དོན་བཞིན། ཁམས་སྤྲུམ་མཆོག་གིས་རཏྣ་ཤྲཱིའི་རྒྱ་འགྲེལ་སོགས་ལ་ཁུངས་སུ་བྱས་ནས་དོན་རྒྱན་སྐབས་སུ་དཔེ་རྒྱན་ལ་གསུམ་དང་། གཟུགས་རྒྱན་ལ་གསུམ། གསལ་བྱེད་རྒྱན་ལ་གསུམ། འགོག་རྒྱན་ལ་གསུམ། ཕུལ་བྱུང་གི་རྒྱན་ལ་བཞི། བསྙོན་དོར་གྱི་རྒྱན་ལ་གསུམ། ཟོལ་བསྟོད་ཀྱི་རྒྱན་ལ་གསུམ། ཁྱད་པར་བརྗོད་པའི་གཟུགས་རྒྱན་ལ་གསུམ། འགལ་བའི་རྒྱན་ལ་གཅིག་བཅས་དོན་རྒྱན་ཉེར་དྲུག་གསར་སྣོན་མཛད་པའི་ཚུལ་རྣམས་གསལ་སྟོན་བྱས་ཡོད།

བཞི། གཞན་ཡང་སྙན་ངག་ལེའུ་གསུམ་པ་སྒྲ་རྒྱན་འཆད་པའི་སྐབས་སུ་རྒྱ་གར་སྐད་ཀྱི་ཟུང་ལྡན་གྱི་རྒྱན་རྣམས་ཇི་བཞིན་བོད་སྐད་དུ་བསྒྱུར་ཏུ་མི་བཏུབ་ཀྱང་། དེ་དག་དོན་བསྒྱུར་བྱས་པའི་བརྗོད་དོན་དང་འགྱུར་གྱི་འགལ་འཛུལ་བྱུང་བ་རྣམས་ལེགས་སྦྱར་སྐད་དང་དཔྱད་བསྡུར་གྱིས་བཅོས་བསྒྱུར་ལེགས་པར་བྱས་ཏེ་དེ་དག་ལེའུ་གཉིས་པར་བཤད་པའི་དོན་གྱི་རྒྱན་རྣམས་གང་ཡིན་ངོས་འཛིན་བྱས་ཏེ་སྙན་ངག་མེ་ལོང་འདི་བཞིན་རྩོམ་རིག་སྒྱུ་རྩལ་གཞུང་ལུགས་ཀྱི་ཁྱད་ཆོས་དང་། སྙན་ངག་སྒྱུ་རྩལ་གྱི་བརྩམས་ཆོས་གཉིས་ཀའི་ཁྱད་ཆོས་ལྡན་པའི་ངོས་འཛིན་དང་འགྲེལ་བརྗོད་བྱས་ཤིང་། སྙན་ངག་མེ་ལོང་མ་ནི་གཞུང་ལུགས་དང་བརྩམས་ཆོས་གཉིས་ཀའི་ངོས་ནས་བལྟ་རྒྱུ་ཡོད་པའི་བཤད་པ་རྒྱག་པོ་དང་ངོས་འཛིན་བྱེད་མཁན་ནི་འབྲུག་ཁམས་སྤྲུལ་ཁོང་ཐོག་མ་ཡིན་པ་དང་། མཁས་པ་གཞན་གྱིས་སྙན་ངག་མེ་ལོང་ནི་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ལུགས་ཙམ་ལས་སྙན་ངག་གི་བརྩམས་ཆོས་ཡིན་པའི་འགྲེལ་བརྗོད་བྱེད་མཁན་མེད་པས་འདི་དག་ནི་འགྲེལ་བ་མཛད་པོ་འདི་ཉིད་ཀྱིས་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་ཁྱད་ཆོས་གསལ་སྟོན་བྱས་ཡོད།

ལྔ། མདོར་ན། དེར་བརྟེན་ཁམས་པ་འགྲེལ་ཆེན་འདི་ལ་དགག་བཞག་སྤོང་གསུམ་གྱི་ཁྱད་དང་། བརྩམས་ཆོས་འགྲེལ་བརྗོད་ཀྱི་ཁྱད་ཆོས། འགྲེལ་བརྗོད་དང་ངོས་འཛིན་གསར་བའི་ཁྱད་ཆོས་སོགས་སྙན་འགྲེལ་གཞན་གང་གིས་ཀྱང་བསྒྲུན་པར་མི་ནུས་པའི་དམིགས་བསལ་གྱི་བརྩམས་ཆོས་དག་སྤྱི་བམ་ནས་གླེང་སློང་དང་། བཤད་པ་བྱས་པ་ཙམ་མ་ཡིན་པར། བསྟན་བཅོས་ཀྱི་མགོ་མཇུག་ཧྲིལ་པོར་ཞིབ་འཇུག་དང་། ལུང་འདྲེན། བསྟན་བཅོས་གཞན་དང་བསྡུར་དཔྱད་བཅས་ཀྱི་ཐོགས་ནས་གསལ་སྟོན་བྱས་ཡོད་དོ། །

ས་བཅད་གསུམ་པ། དོན་གནད་འགྲེལ་བརྗོད།

ལར་ནས་ཁམས་འགྲེལ་གྱི་བརྗོད་དོན་དཔྱིས་ཕྱིན་པ་ངོས་འཛིན་དང་གསལ་རྟོགས་ཡོང་བར་དེ་དང་འབྲེལ་ཡོད་ཀྱི་བརྩམས་ཆོས་ཇི་སྙེད་ཅིག་ལག་ཏུ་སོན་པ་ཙམ་དུ་མ་ཟད། དེ་དག་གི་བརྗོད་དོན་རྣམས་ཀྱི་གནད་ཟིན་པ་ཞིག་མ་བྱུང་ན་ལེགས་པར་རྟོགས་པ་ནི་དཀའ་བའི་གནས་སུ་འདུག་པ་དང་། སྒོས་སུ་ཁམས་འགྲེལ་གྱི་ཡར་སྔོན་དུ་བརྩམས་པའི་སྙན་ངག་མེ་ལོང་གི་རྒྱ་བོད་མཁས་པ་རྣམས་ཀྱིས་འགྲེལ་བ་གནང་བ་རྣམས་རྒྱུས་ལོན་དང་དཔྱད་ཞིབ་ལེགས་པར་གནང་དགོས་པ་དང་། ལེགས་སྦྱར་གྱི་སྐད་ཡིག་གི་ཆུ་ཚད་ཀྱང་ངེས་ཅན་ཞིག་ལྡན་ན་ད་གཟོད་ཁམས་འགྲེལ་ལ་ཞིབ་འཇུག་གི་བགྱི་བ་ལྷུར་བླངས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ངེས་པ་ཡིན། འོན་ཀྱང་ད་ཐེངས་ཁོ་བོས་ཁམས་འགྲེལ་རང་ལ་ཞིབ་ཀློག་བྱེད་ཁུལ་བགྱིས་པ་དང་དེ་དང་འབྲེལ་བའི་ཡིག་ཆ་ལག་ཏུ་ཇི་སོང་རྣམས་བལྟ་ཀློག་ཕྲན་ཙམ་བགྱིས་ཏེ་ཁམས་འགྲེལ་གྱི་ཐུན་མིན་གྱི་ཁྱད་ཆོས་ཚན་པ་དྲུག་གི་ནང་བསྡུས་ལ། ཁམས་པ་འགྲེལ་ཆེན་གྱི་ཁྱད་ཆོས་རྣམས་འདི་དག་གི་ནང་དུ་མ་འདུས་པ་ཆེར་མེད་པར་སྙམ་ཞིང་། དེ་དག་གིས་ཁམས་འགྲེལ་ཞེས་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ཀྱི་ཡོན་ཏན་རྣམས་ལས་གང་ལེགས་རྟོགས་ཐུབ་པར་བསམ་མོ། །མཐའ་དོན་རྩོམ་ཡིག་འདིར་ཤོག་གྲངས་ལྔ་བཅུར་ཉེ་བ་ཞིག་འདུག་པར་དུས་དེབ་ཀྱི་ས་ཁྱོན་དབང་གིས་ནང་དོན་གནད་བསྡུས་སུ་བྱས་ཏེ་བཀོད་ཡོད་པས། འདི་ལ་ཚིག་དོན་གང་ཐད་ནས་འགལ་འཛོལ་གྱི་ཆ་མཆིས་ངེས་པས་དཔྱོད་ལྡན་རྣམས་ཀྱིས་ཡོ་སྲོང་དང་ལམ་སྟོན་ལྷུག་སྩོལ་གནང་རོགས་ཞུ།

དཔེ་ཐོ།

 ༡༽ སྙན་ངག  ༢༠༠༤ ལོར་དཔར།  མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།     

རིན་སྤུངས་ངག་དབང་འཇིག་རྟེན་གྲགས་པ་སོགས།  བཅུ་ཕྲག་རིག་པའི་རིག་མཛོད་ཆེན་མོ། དཔལ་ལྡན་ས་སྐྱའི་གསུང་འབུམ།

༢༽སི་ཏུ་ཆོས་ཀྱི་འབྱུང་གནས་སོགས། སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ཞེས་བྱ་བ་སྐད་གཉིས་ཤན་སྦྱར་དང་སྙན་ངག་གི་དཔེར་བརྗོད་གསར་བུ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། ༢༠༡༣ ལོར་དཔར།  སི་ཁྲོན་ཏང་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   

༣༽རྒྱལ་དབང་ལྔ་པ།  དབྱངས་ཅན་དགྱེས་གླུ། འཕྲུལ་དེབ།  སྒྲིག་བཟོ་བ། སེར་སྨད་དམར་འཇམ་དབྱངས་བསོད་ནམས།  

༤༽བོད་མཁས་པ་མི་ཕམ་དགེ་ལེགས་རྣམས་རྒྱལ། དཎྜིའི་དགོངས་རྒྱན། འཕྲུལ་དེབ། སྒྲིག་བཟོ་བ། སྟོང་སྐོར་བློ་བཟང་དོན་ལྡན།

༥༽བེ་རི་འཇིགས་མེད་དབང་རྒྱལ།  ཁམས་འགྲེལ་གླེང་བརྗོད། ཁམས་འགྲེལ་ཝཱ་ཎ་བཀའ་བརྒྱུད་ཉམས་སྐྱོང་ཚོགས་པ་སྐབས་བཅུ་བཞི་པས་དཔར་སྐྲུན་ཞུས། ༢༠༡༣   

༦༽ཁམས་པ་འགྲེལ་ཆུང་། ཨོ་རྒྱན་ཀུན་བཟང་བསྟན་འཛིན་རྡོ་རྗེ། དེའི་གླེང་བརྗོད། ཝཱ་ཎའི་རིག་གནས་སློབ་དཔོན་བཀྲ་ཤིས་ཚེ་རིང་། ༢༠༡༠ ལོར་དཔར།     བོད་ཀྱི་དཔེ་མཛོད་ཁང་།   

༧༽སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། དུང་དཀར་བློ་བཟང་འཕྲིན་ལས། ༢༠༡༣ ལོར་པར་ཐེངས་བཞི་པ།  མི་རིགས་དཔེ་སྐྲུན་ཁང་།     

༨༽ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ༢༠༠༦ ལོར་དཔར། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་།

༩༽རྟོགས་བརྗོད་དཔག་འཁྲི་ཤིང་། རྒྱལ་པོ་དགེ་དབང་། ༡༩༩༧ ལོར་དཔར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།

༡༠༽ཚངས་སྲས་བཞད་སྒྲ།  བསེ་ཚང་བློ་བཟང་དཔལ་ལྡན།  ༢༠༠༧ ལོར་དཔར། ཤེས་རིག་པར་ཁང་གིས་དཔར་དུ་བསྐྲུན།

༡༡༽རིག་གནས་ལྔའི་རྣམ་བཞག  བཙུན་པ་ཚུལ་ཁྲིམས་རིན་ཆེན། ༢༠༠༩ ལོར་དཔར།  མི་རིགས་དཔེ་སྐྲུན་ཁང་། 

༡༢༽སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས། ཨ་ལགས་དོར་ཞི་གདོང་དྲུག་སྙེམས་ལོ། ༢༠༠༤ ལོར་དཔར། ཀན་སུན་མི་རིགས་དཔེ་སྐྲུན་ཁང་། 

༡༣༽བོད་ཀྱི་རིག་གནས་བཅུའི་བྱུང་བ། སོ་རུ་བློ་བཟང་དར་རྒྱས། ༢༠༠༨ ལོར་དཔར། འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་དཔར།

༡༤༽སྙན་ངག་གི་རྣམ་བཤད། འཇུ་སྐལ་བཟང། ༡༩༩༢ ལོར་དཔར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

 

[1]          སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། ཤོག་གྲངས། ༡༧ དུང་དཀར་བློ་བཟང་འཕྲིན་ལས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣

 

[2]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས།  ༡༥   ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[3]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།  ཤོག་གྲངས།  ༥༦༧    ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[4]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས།  ༣    ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[5]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས།  ༤    ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[6]          རྒྱན་གྱི་བསྟན་བཅོས་་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས། ༡༤༦     ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[7]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས།  ༡༤༡    ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

[8]          རྒྱན་གྱི་བསྟན་བཅོས་མེ་ལོང་མའི་འགྲེལ་པ་པཎ་ཆེན་བླ་མའི་གསུངས་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ།    ཤོག་གྲངས།  ༢༢༡   ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།  ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པ་སྐབས་བཞི་པ།   ༢༠༡༣

 

Related Articles