ནགས་ཤོད་སྐལ་རྒྱན།
དུས་དེབ་བཅོ་ལྔའི་འཕྲོས་ཀྱི་རྩོམ་ཡིག
འབྲོང་བྲེ་སེར་ཞིག་ལ་འདྲ་དགུ་ཡོད། འདྲ་དགུ་མ་ཐིག་སྡེ་དགུ་ཟ། དེ་ཅི་རེད།
མིག་ལོག་བལྟས་དུས་སྐར་མདའ་མཆེད་པ་འདྲ། །
ལྕེ་སྣེ་གཡུག་དུས་གློག་དམར་འཁྱུག་པ་འདྲ། །
ངར་ལྷབ་བཏབས་(ངར་སྐད་བསྒྲག་)དུས་འབྲུག་སྟོང་གྲགས་པ་འདྲ། །
ཁ་རླངས་བཏང་དུས་སྨུག་པ་འཐིབས་པ་འདྲ། །
རྭ་གཡུགས་བྱེད་དུས་མདུང་དམར་མཆེད་པ་འདྲ། །
རྔ་མ་གཡུག་དུས་ལྷོ་སྤྲིན་འཁྲིགས་པ་འདྲ། །
ལ་ལས་འགོས་(འཛེགས་)དུས་ལབ་རྩེ་སྤུངས་པ་འདྲ། །
ཐུར་ལ་བཞོལ་དུས་རྦབ་རྒོད་འགྲིལ་བ་འདྲ། །
ཐད་ལ་རྒྱུགས་དུས་སྐར་མདའ་མཆེད་པ་འདྲ། །
གླ་ཐེ་སེ་ཐེེ་ལ་ཐེ་དགུ་ཡོད། ཐེ་དགུ་མ་ཐིག་སྡེ་དགུ་ཟ། ཅི་རེད།
གླ་ཐེ་སེ་ཐེ་སེ་རྩྭ་ལ་ཐེ། །གླ་ཐེ་སེ་ཐེ་སེ་ཆུ་ལ་ཐེ། །
གླ་ཐེ་སེ་ཐེ་སེ་དྲོད་ལ་ཐེ། །གླ་ཐེ་སེ་ཐེ་སེ་རྫ་ལ་ཐེ། །
གླ་ཐེ་སེ་ཐེ་སེ་སྤང་ལ་ཐེ། །གླ་ཐེ་སེ་ཐེ་སེ་ལམ་ལ་ཐེ། །
གླ་ཐེ་སེ་ཐེ་སེ་བྲག་ལ་ཐེ། །གླ་ཐེ་སེ་ཐེ་སེ་ལ་ལ་ཐེ། །
གླ་ཐེ་སེ་ཐེ་སེ་ཐུར་ལ་ཐེ། །
གླ་ཨ་ཐེ་ཐེ་ལ་ཐེ་དགུ་ཡོད། ཐེ་དགུ་མ་ཐིག་སྡེ་དགུ་ཟ། ཅི་རེད།
སྤུ་རྩེ་ནག་ནག་ནོར་ལ་ཐེ། །སྤུ་སྐད་གྲོ་གྲོ་རྟ་ལ་ཐེ། །
སྤུ་རྩ་དཀར་དཀར་ལུག་ལ་ཐེ། །རྫི་མ་རོག་མོ་བ་ལ་ཐེ། །
སྣ་རྡོག་ནག་ནག་ཁྱི་ལ་ཐེ། །ཨམ་ཅོག་ཅོར་ཅོར་དྲིལ་ལ་ཐེ། །
ར་བཞི་སྨུག་ཆུང་ར་ལ་ཐེ། །གླ་ལྤགས་མཉེན་མོ་དར་ལ་ཐེ། །
གླ་རྩི་བཟང་གྲུབ་སྨན་ལ་ཐེ། །
གླ་ཨ་ཚུལ་ཚུལ་ལ་ཚུལ་དགུ་ཡོད། ཚུལ་དགུ་མ་ཐིག་སྡེ་དགུ་ཟ། དེ་ཅི་རེད།
གླ་བ་བྲག་ཐོག་བསྡད་དུས་བླ་མའི་ཚུལ། །བྲག་འོག་བསྡད་དུས་སློབ་མའི་ཚུལ། །
རྩི་སྨན་བཏུས་དུས་སྨན་པའི་ཚུལ། །གླ་རྩི་བཟང་གྲུབ་སྨན་གྱི་ཚུལ། །
གླ་བའི་ལྷིད་ཁུག་སྨན་ཁུག་ཚུལ། །རྩྭ་ཆུ་འགྲིམ་དུས་ནད་པའི་ཚུལ། །
ལ་ལ་རྒྱུགས་དུས་ཐང་དཀར་ཚུལ། །ཐང་ལ་རྒྱུག་དུས་ཐང་སྨུག་ཚུལ། །
ཐུར་ལ་རྒྱུགས་དུས་རྦབ་རྡོའི་ཚུལ། །
ཨ་ཚུལ་ཚུལ་ལ་ཚུལ་དགུ་ཡོད། ཚུལ་དགུ་མ་ཐིག་སྡེ་དགུ་ཟ། དེ་ཅི་རེ།
གོ་རིང་(བྱ་གོ་བོ་)སྨན་ཁུག་ཁུར་བ་ལྷ་རྗེའི་ཚུལ། །
སྐྱ་ཀ་གློ་ཆ་བཏགས་པ་བག་མའི་ཚུལ། །
སྡེ་ལི་བང་མ་བང་(བྲང་)རྒྱན་བརྒྱབ་པ་བཙུན་མའི་ཚུལ། །
ཀྲག་རེད་ར་སྒྱེ་ཁུར་བ་ར་རྫིའི་ཚུལ། །
ཕོ་རོགས་སྒོར་འཁྱམ་རྒྱག་པ་སྔགས་པའི་ཚུལ། །
ཐང་དཀར་གོས་དཀར་གོན་(གྱོན་)པ་དཔའ་བོའི་ཚུལ། །
ཐང་སྨུག་གོས་སྨུག་གོན་(གྱོན་)པ་དཔའ་མོའི་ཚུལ། །
ངང་པ་ཆོས་གོས་གོན་(གྱོན་)པ་བླ་མའི་ཚུལ། །
གོང་མོ་ཀི་རེད་(ཀི་སྒྲ་)འདེབས་པ་ནོར་རྫིའི་ཚུལ། །
གླ་བའི་བྱུང་རབས་བཅོ་བརྒྱད་ཡོད། ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་བཅོ་བརྒྱད་ཟ། དེ་ཅི་རེད།
གླ་བའི་མགོ་བོ་ལ་ལ་བརྩེགས། །ལ་ལ་མགོ་མཐོ་བ་དེ་ནས་བྱུང་། །
གླ་བའི་གླ་ལྤགས་ཐང་ལ་གཏིང་། །ཐང་ཐང་རྒྱ་ཆེ་བ་དེ་ནས་བྱུང་། །
གླ་བའི་གླ་སྤུ་ས་ལ་གཏོར། །ནགས་རྩི་ཤིང་རྒྱས་པ་དེ་ནས་བྱུང་། །
མཆིན་པ་ནག་པོ་རྫ་ལ་བཞག །རྫ་ཁ་དོག་ནགས་པ་དེ་ནས་བྱུང་། །
གློ་བ་དམར་པོ་བྲག་ལ་བཞག །བྲག་ཁ་དོག་དམར་བ་དེ་ནས་བྱུང་། །
རྒྱུ་ནག་སྐོར་མོ་ཆུ་ལ་བཞག །ཆུ་སྐ་རེ་སྐོ་རེ་དེ་ནས་བྱུང་། །
རྒྱུ་དཀར་རིང་མོ་ལམ་ལ་དྲུད། །ལམ་ལམ་ཐག་རིང་བ་དེ་ནས་བྱུང་། །
གླ་བའི་རྐང་པ་རྒྱ་ལ་བཞག །རྒྱ་རྐང་པ་རིང་བ་དེ་ནས་བྱུང་། །
གླ་བའི་ལག་པ་བོད་ལ་བཞག །བོད་ལག་བཟོ་མཁས་པ་དེ་ནས། །
གླ་བའི་གྲོད་པུ་གློ་ལ་བཞག །གློ་གྲོད་པ་ཆེ་བ་དེ་ནས་བྱུང་། །
གླ་བའི་མིག་ཕོར་རོང་ལ་བཞག །རོང་ས་རོང་དོག་པ་དེ་ནས་བྱུང་། །
གླ་བའི་ལོང་ཁ་རྟ་ལ་བཞག །རྟ་ལོང་ཐག་རིང་བ་དེ་ནས་བྱུང་། །
གླ་བའི་ཆུ་སེར་སྤང་ལ་གཏོར། །སྤང་གསེར་མདོག་ལེན་པ་དེ་ནས་བྱུང་། །
གླ་བའི་ཁོག་ཁྲག་ཆུ་ལ་ཕོས། །ཆུ་དམར་ཡ་ལོག་པ་དེ་ནས་བྱུང་། །
གླ་བའི་རྣ་ཅོག་དྲིལ་ལ་བཞག །དྲིལ་རྣ་ཅོག་ཅོར་ཅོར་དེ་ནས་བྱུང་། །
གླ་བའི་སྣ་རྡོག་ཁྱི་ལ་བཞག །ཁྱི་སྣ་རྡོག་ནག་པོ་དེ་ནས་བྱུང་། །
གླ་བའི་སྤུ་རྩེ་ནོར་ལ་བཞག །ནོར་སྤུ་མདོག་ནག་པ་དེ་ནས་བྱུང་། །
གླ་བའི་སྤུ་སྐེད་རྟ་ལ་བཞག །རྟ་སྤུ་མདོག་གྲོ་གྲོ་དེ་ནས་བྱུང་། །
གླ་བའི་སྤུ་རྩ་ལུག་ལ་བཞག །ལུག་སྤུ་མདོག་དཀར་བ་དེ་ནས་བྱུང་། །
ཨ་ཆགས་ཆགས་ལ་ཆགས་དགུ་ཡོད། ཆགས་དགུ་མ་ཐིག་སྡེ་དགུ་ཟ། དེ་ཅི་རེད།
འོག་གཞི་རླུང་གི་དཀྱིལ་འཁོར་ཆགས། །
རླུང་ལ་བདུད་རྩི་ཟིལ་པ་ཆགས། །
བདུད་རྩི་ཟིལ་པའི་སྤྲིས་མ་ཆགས། །
དབང་ཆེན་གསེར་གྱི་ས་གཞི་ཆགས། །
དབུས་སུ་རི་རྒྱལ་ལྷུན་པོ་ཆགས། །
ཤར་ལ་ལུས་འཕགས་གླིང་པ་ཆགས། །
ལྷོ་ལ་འཛམ་བུ་གླིང་པ་ཆགས། །
ནུབ་ན་བ་ལང་སྤྱོད་གླིང་ཆགས། །
བྱང་ན་སྒྲ་མི་སྙན་གླིང་ཆགས། །
ཨ་ཆགས་ཆགས་ལ་ཆགས་དགུ་ཡོད། ཆགས་དགུ་མ་ཐིག་སྡེ་དགུ་ཟ། དེེ་ཅི་རེད།
འོག་གཞི་གྲམ་ཁར་སྐྱ་མོ་ཆགས། །
དེ་སྟེང་རྒྱལ་མོ་དངུལ་ཆུ་ཆགས། །
ཆུ་ལ་རྒྱ་དར་དཀར་པོ་ཆགས། །
དར་ལ་ས་ཐབས་ལམ་ཞིག་ཆགས། །
ལམ་ལ་མདོ་ཆེན་རྟ་ཕོ་ཆགས། །
རྟ་ལ་རིན་ཆེན་གསེར་སྒ་ཆགས། །
སྒ་ལ་སྟག་ཤར་བུ་ལོ་ཆགས། །
རྒྱབ་ལ་ཁྲ་རིང་སྦོས་ཤིག་ཆགས། །
མགོ་ལ་ཝ་དམར་གྲ་ལོ་ཆགས། །
ཨ་ཆགས་ཆགས་ལ་ཆགས་དགུ་ཡོད། ཆགས་དགུ་མ་ཐིག་སྡེ་དགུ་ཟ། ཅི་རེད།
འོག་ལ་རིན་ཆེན་ཀ་རྡོ་ཆགས། །
དེ་ལ་ཤིང་གི་ཀ་བ་ཆགས། །
སྟེང་ལ་མཛེས་པའི་ཞུ་ཅོལ་ཆགས། །
སྟེང་ལ་གདུང་མ་གྲུ་བཞི་ཆགས། །
དེ་ལ་པད་མ་ཤོ་རྩེག་ཆགས། །
སྟེང་ལ་དྲལ་ལྕམ་སྣོལ་མ་ཆགས། །
ཤག་རིལ་ཤིང་གི་ཤུག་གུ་ཆགས། །
ཤག་པན་པན་ནེའི་ཕོན་པོ་ཆགས། །
ཐོག་ལ་ནག་ལེབ་མར་ཁུ་ཆགས། །
ཨ་མཚར་མཚར་ལ་མཚར་དགུ་ཡོད། མཚར་དགུ་མ་ཐིག་སྡེ་དགུ་ཟ།
གནམ་འགྱོགས་མི་མེད་ལ་མཐོན་པོ་དེ་ཚོ་མཚར་མཚར། །
ས་མནན་མི་མེད་ལ་དམའ་བོ་དེ་ཚོ་མཚར་མཚར། །
ཆུ་འདེད་མི་མེད་ལ་བྲེལ་བ་ཚ་བོ་མཚར་མཚར། །
རླུང་འབོད་མི་མེད་ལ་མགྱོགས་པོ་འོང་བ་མཚར་མཚར། །
ཐང་བདས་མི་མེད་ལ་མཉམ་པོ་དེ་ཚོ་མཚར་མཚར། །
བྲག་རྩིག་མི་མེད་ལ་འགྲིག་པོ་དེ་ཚོ་མཚར་མཚར། །
ཁ་སྤུ་ཅན་གྱི་ཞོ་འཐུང་དེ་ཚོ་མཚར་མཚར། །
ཝ་ཞ་ཅན་གྱི་མེ་འདེ་དེ་ཚོ་མཚར་མཚར། །
རལ་པ་ཅན་གྱི་རྟ་རྒྱུགས་དེ་ཚོ་མཚར་མཚར། །
གཅིག་གཅིག་གཅིག་ནས་བཅུ་གཉིས་ཡོད། །མ་ཐིག་འོག་སྡེ་བཅུ་གཉིས་ཟ། །དེ་ཅི་རེད།
གཅིག་གཅིག་ཐེའུ་རང་རྐང་གཅིག །
གཉིས་གཉིས་ར་མ་ནུ་གཉིས། །
གསུམ་གསུམ་ལྡེའུ་པུ་ཁྲ་གསུམ། །
བཞི་བཞི་ཟེའུ་ཆུང་ནུ་བཞི། །
ལྔ་ལྔ་རྒྱལ་བ་རིགས་ལྔ། །
དྲུག་དྲུག་སྨིན་དྲུག་ཁྲ་མོ། །
བདུན་བདུན་སྨེ་བདུན་ལོང་ང་། །
བརྒྱད་བརྒྱད་པད་མ་འདབ་བརྒྱད། །
དགུ་དགུ་ཁྱི་མོ་ནུ་དགུ། །
བཅུ་བཅུ་ཤ་ཕོའི་རུ་བཅུ། །
བཅུ་གཅིག་རྒས་མོའི་ཐག་ཆ། །
བཅུ་གཉིས་འབུམ་པོ་ཏི། །
ཤིང་གི་ལ་དང་ཤིང་གི་ལ། །ཤིང་གི་ལ་ལ་མཛད་མཐའ་མེད། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་ལེབ་འཛབ་ཡིན། །
པགས་པ་མཉེད་བྱེད་རོད་རེད།
ལྕགས་ཀྱི་ལ་དང་ལྕགས་ཀྱི་ལ། །ལྕགས་ཀྱི་ལ་ལ་འཛད་མཐའ་མེད། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་ལེབ་འཛབ་ཡིན། ཅི་རེད།
སོག་ལེ་རེད།
རི་དེའི་འབུར་(རི་ཆུང་ཆུང་)ཞིག་གི་རྩེ་མོ་ལ། །སྦྲ་གུར་བརྒྱ་དང་བརྒྱད་ཅུ་ཕུབ། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་ འོག་སྡེ་ལེབ་འཛབ་ཡིན། ཅི་རེད།
ཕོ་ཁ་རེད།
སྙི་བ་ལ་དང་སྙི་བ་ལ། །སྙི་བ་ལ་ལ་འཛད་མཐའ་མེད། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་ལེབ་འཛབ་ཡིན། ཅི་རེད།
སུ་ལུ་(སུལ་མང་)རེད།
གཉའ་ཀ་ལོའི་ཚིགས་(གཉའ་ལྟག་ལ་ཡོད་པའི་ཚིགས་ཆེན་)ལ་མ་ཐེ་བ། །མགོ་སྟག་མོའི་འཛུམ་ཆེན་བཅོ་བརྒྱད་ཡོད། །ཐིག་ན་མཁས་པའི་གྲལ་ལ་ཡོད། མ་ཐིག་འོག་སྡེ་ལེབ་འཛབ་ཡིན།
ཀླད་ཀོག་ཟླ་གུར་ཕུབ་འདྲ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
ཀླད་པ་རྫ་ཞོ་བསྙལ་འདྲ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
རྫི་མ་ནོ་རོ་ཆ་གཅིག་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
ཨམ་ཅོག་རྫ་ལུང་ཆ་གཅིག་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
མིག་རྡོག་སྐར་ཆེན་ཆ་གཅིག་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
སྣ་རྡོག་རག་དུང་ཆ་གཅིག་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
འགྲམ་བེ་(འགྲམ་པ་)རྒྱ་ཟོར་ཆ་གཅིག་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
ཡར་ཀན་གསེར་གྱི་པོ་ཏི་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
མར་ཀན་དངུལ་གྱི་བརྡ་རུ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
ལྕེ་སྣེ་གློག་དམར་འཁྱུར་འདྲ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
སོ་དཀར་རྒྱ་ལུག་བསྟར་འདྲ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
མཆེ་བ་གངས་རི་གཙིག་འདྲ་ཡོད། སྟག་དམར་ཡག་འཛུམ་ལ་ཨེ་ཐེ་ཐེ།
མ་གཡང་ཆེན་མ་ལ་བུ་བརྒྱ་ཡོད། །བུ་རེའི་ལག་ལ་རྐང་རེ་ཡོད། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་ལེབ་འཛབ་ཡིན། །
སྦྲ་རེད།
ཤིང་གཉའ་ག་སྙུ་གུ་མ་ཐེ་བ། །སྡོང་པོའི་དཀར་ཤག་བཅོ་བརྒྱད་ཡོད། །ཐིག་ན་མཁས་པའི་གྲལ་ལ་འཇོག །མ་ཐིག་འོག་སྡེ་ལེབ་འཛབ་ཡིན། །
རྒོད་ཐང་དཀར་གྱི་གཤོག་པའི་དང་རུ་རེད།
ཕ་མེས་དམ་པའི་ཞལ་ལུང་རེ་རེས་ཀྱང་། །
མིག་སྣ་ཡིད་ཀྱི་དགའ་སྟོན་དཔལ་སྟེར་བའི། །
གནའ་མིའི་རིག་གནས་རིགས་པའི་དོ་ཤལ་འདི། །
ཅུང་ཟད་ཤེས་རིག་མཛེས་པའི་རྒྱན་དུ་ལོངས། །
ཅུད་ཟད་དྲན་པའི་ལྡེའུ་བསྟན་བཅོས་འདི། །
སྐད་ཡིག་རིན་ཆེན་ཚེ་སྲོག་འཚོ་ཕྱིར་དང་། །
མེས་པོ་དམ་པའི་བཀའ་དྲིན་ཡང་དྲན་བསླད། །
ཅུང་ཟད་སྤེལ་བའི་རིག་གནས་ཡུན་གནས་ཤོག །
༢༠༢༤།༡།༣༠ ཉིན་ནགས་ཤོད་སྐལ་རྒྱན་གྱིས་རྫོགས་པར་བྲིས་སོ། །