གནའ་དུས་ནས་དམངས་ཁྲོད་དུ་དར་རྒྱས་ཡོད་པའི་རོལ་དབྱངས། གླུ། སྒྲུང་གཏམ། གཏམ་དཔེ། གཞས། ཞབས་བྲོ། སྒོར་གཞས། གཞས་ཤགས། འབྲས་དཀར། དགོད་བྲོའི་གཏམ་གླེང་སོགས་ནགས་ཤོད་སྟོད་སྨད་བར་གསུམ་དུ་གྲ་རྒྱས་ཕུན་སུམ་ཚོགས་པ་ཡོད། ལྷག་པར་དུ་གཡུ་གོང་དང་སྦྱིན་ཆེན། མོ་བ་གསུམ་གྱི་གཞས་ཞེས་སྔ་དུས་སུ་གྲགས་པ་ཆེ། ལུང་པ་འདིའི་ནང་རས་པའི་སྒྱུ་རྩལ་དུས་གང་གི་ཚེ་དར་བ་བཤད་ཚོད་དཀའ་ཡང༌། ཆ་ལག་ཡོངས་སུ་ཚང་བ་གྲ་རྒྱས་ཕུན་སུམ་ཚོགས་པ་བོད་ཡོངས་སུ་སྐད་གྲགས་ཡོད་པའི་སྟེང་དཀར་རས་པ་དང༌། སྦྱིན་ཆེན་རས་པ། མོ་བ་རས་པ་གསུམ་ཁྱབ་བདག་སྟག་ཕུ་པ་སྐུ་ཕྲེང་ལྔ་པ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག་གིས་སྲོལ་གཏོད་གནང་བ་ལས་བྱུང༌། གོང་གི་རས་པ་གྲོང་ཁག་གསུམ་ལས་ད་སྐབས་སྟེང་དཀར་རས་པ་དངོས་སུ་མཐོང་རྒྱུ་ཡོད།
རས་པའི་སྒྱུ་རྩལ་ནང༌། ནང་པའི་ཆོས་དང་འབྲེལ་བའི་རིག་གཞུང་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་ཉིང་ཁུ་བསྡུས་ཡོད། རས་པའི་འཁྲབ་ཚན་གྲངས་སུམ་ཅུ་སོ་གྲངས་ལྷག་ཡོད་པ་ནི་འདི་ལྟར་སྟེ། ༡ རྔ་འུར་རྡུང༌། ༢ མ་ཎིའི་སྐུལ་འདོན། ༣ ས་འདུལ་གོང་འོག ༤ ས་འདུལ་ཕྱོགས་བཞིའི་འདུལ་རྡུང༌། ༥ཇ་མཆོད། ༦ཆོས་རྒྱལ་ནོར་བཟང༌། ༧བྲམ་ཟེ། ༨རྐང་མགྱོགས། ༩ཀླུ་རྒྱལ།༡༠སྔགས་པ། ༡༡སྲིད་པའི་ཕ་མ་རྒན་ཁོག ༡༢དྲང་སྲོང་ལྷ་མོ། ༡༣དྲང་སྲོང་ཧ་རི་ནག་པོ། ༡༤ཆོས་རྒྱལ་ནོར་བཟང་གིས་བྱང་གི་མི་རྒོད་འདུལ་བ། ༡༥རྒྱལ་ཁའི་དགའ་སྐྱིད་རྔ་འཆམ། ༡༦ཉ་པའི་རི་བཤད། ༡༧རྗེ་བཙུན་མི་ལ་དང་ཁྱི་ར་རས་པ། ༡༨བློན་པོ་རིག་པ་ཅན་གྱིས་རྒྱ་བཟའ་ཀོང་ཇོ་གདན་དྲངས་ནས་ཇོ་བོ་རྟེན་སྐལ་དུ་བླངས་པ། ༡༩མདོ་ཡུལ་སྟོད་སྨད་ཀྱི་གླུ་གར། ༢༠རྐུན་མ་རྣ་བཅད་དང་བྲག་གཡབ་ཚོང་དཔོན། ༢༡པི་ཝང་ཁ་གཞས། ༢༢ནགས་ཤོད་སྒོར་གཞས། ༢༣སྟག་ཕུའི་ཨར་གཞས་དང་རྔ་འཆམ། ༢༤འཆམ་ཆེན་གཡག་རྭའི་དགུ་རྡུང༌། ༢༥རྔ་སིལ་འཁྲབ་སྟོན། ༢༦དགུ་གསུམ་རྡུང༌། ༢༧དགུ་གཉིས་ལེན། ༢༨སྟག་མོའི་གྲ་བཤད། ༢༩རྔ་བསྟུན་ཕེབས་ལུགས། ༣༠མེ་ཏོག་རྔ་འཆམ་རྐང་པ་རྡིག་སྤྲུག ༣༡ཁོར་ཡུག་རྡོ་རྗེའི་རྭ་བ། ༣༢ལྷ་གར་བདུད་རྩིའི་སྦྲང་ཆར། ༣༣འབྲོང་ཆུང་རུ་རྫོང༌། ༣༤སེང་ཆེན་འགྱིང་འགྲོས་བཅས་ཀྱི་ཐོག་གཞས་མ་གཏམ། རྩལ་རྩེད། མཚར་གཏམ། རྣམ་མགུར། རས་བཤད། ཟུར་ཟ། ལོ་རྒྱུས། ཚིགས་བཅད། ཚིག་ལྷུག སྙན་ཚིག རས་གཞས་དང༌། དེ་བཞིན་བཟང་པོ་ལ་བསྟོད་བསྔགས་དང༌། ངན་པ་ལ་ཟུར་ཟ། བྱུང་རབས་ཀྱི་ཉམས་མྱོང༌། ད་ལྟའི་གནས་སྟངས༌། མ་འོངས་བསླབ་བྱ་སོགས་དུས་དང་སྤྱི་ཚོགས་ཀྱི་འཁོར་ཡུག་ལ་ལྟོས་ནས་དགོད་བྲོའི་གཏམ་གླེང་གིས་སྒོ་ནས་བཤད་སྟངས་སྣ་ཚོགས་ཀྱིས་མི་རྣམས་ལ་སྤྲོ་སེམས་རབ་ཏུ་སྟེར་བ་མ་ཟད། མི་སེམས་རབ་ཏུ་འགུལ་བའི་བསླབ་བྱ་མི་ཉུང་བ་ཞིག་ཐོབ་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་ཐོག་དགོད་བྲོའི་གཏམ་གླེང་ཐོག་མ་ནགས་ཤོད་ནས་བྱུང་ཞེས་ལབ་ན་མ་འགྲིགས་པ་མེད། ནགས་ཤོད་སྟག་ཕུའི་ཨར་གཞས་ཞེས་པ་ནི་ནགས་ཤོད་ལུང་པའི་དམངས་ཁྲོད་ཀྱི་གཞས་དང་ཞབས་བྲོ་གླུ་གར་སོགས་རྨང་གཞིའི་ཐོག་ བརྗོད་བྱ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང༌། ནང་བཅུད་ཀྱི་སེམས་ཅན་འགྲོ་བ་མིའི་རིགས་བྱུང་ཚུལ། སྟོན་པ་འཛམ་བུའི་གླིང་དུ་ཕེབས་ནས་དམ་ཆོས་དར་བ། བསྟན་འཛིན་གྱི་སྐྱེས་བུས་བསྟན་པ་འཛིན་སྐྱོང་གནང་བ། སྒྲུབ་པ་ཉམས་ལེན་བྱེད་ཚུལ་སོགས། ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་ཆེན་པོ་སྐུ་ཕྲེང་བརྒྱད་པ་པདྨ་བཛྲ་གྱིས་བརྩམས་གནང་བའི་ཨར་གཞས་ལེའུ་སུམ་ཅུ་ལྷག་ཡོད་པ་བོད་ཀྱི་ཨར་གཞས་ཀྱི་ནང་ནས་རྩོམ་རྩལ་ཁྱད་ཐོན་པ་འདི་ལས་ལྷག་པ་མེད་ཅེས་ཁ་ཚོན་བཅད་ཆོག་པ་ཞིག་ཡིན།
འབྲི་རུ་སྐལ་བཟང་རྒྱལ་མཚན།