རང་གི་ལོ་རྒྱུས།
རྩོམ་སྒྲིག་ཁང་གི་བཀའ་ལྟར་ང་རང་གི་ལོ་རྒྱུས་ཐུང་ངུ་ཞིག་ང་རང་ངོ་སྤྲོད་ཚུལ་དུ་བྲིས་ན། གུས་པ་མཁས་གྲུབ་ཤེས་རབ་ནི་གྱ་གཉིས་ལོར་སྐྱེས། ཆུང་དུས་ཨ་མ་དང་ཞང་པོས་ཡི་གེ་བསླབས་ཤིང་། ཨ་མས་རྟག་པར་མི་རིག་གནས་མེད་པ་ལས་སྡུག་ཅིག་མེད་ཅེས་ཡང་ཡང་གསུངས་པ་དག །ང་རང་སློབ་སྦྱོང་གི་བརྒྱུད་ལམ་རིང་པོ་ཞིག་བགྲོད་ཐུབ་པའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་གྱུར།
མ་ཟད་ཞང་པོ་དང་ཨ་མའི་བཀའ་དྲིན་ལ་བརྟེན་ནས་སློབ་ཆུང་ལོ་གཉིས་དང་། དེ་ནས་ལོ་ཤས་རྗེས་རབ་ཏུ་བྱུང་ནས་རི་བོ་ཀུན་དགའ་ཆོས་གླིང་དགོན་དུ་ལོ་གཉིས་མ་ཟིན་ཙམ་ཞིག་འབྲི་ཀློག་འདོན་འཛིན་སོགས་ཀྱི་གོ་སྐབས་ཐོབ། དེ་ནས་དགུ་བཅུ་གོ་བརྒྱད་ནས་རྒྱ་གར་ལ་འབྱོར་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གྱི་ཞོར་དུ་སུམ་རྟགས་དང་རྩོམ་འབྲི་སོགས་རང་སྦྱོང་དང་། ཨ་རི་ཨེ་མོ་རི་ཡིས་སྣེ་ཁྲིད་པའི་མཚན་རིག་སློབ་སྦྱོང་ལོ་གསུམ་། གཞན་ཡང་རྒྱ་སྐད་ལ་ཟུར་སྦྱོང་ཕྲན་ཙམ་བྱས། གཞན་ཡང་རིགས་ཆེ་ཆུང་གི་ཚོགས་ལངས་དང་ཉེར་གཉིས་ལོར་གཙུག་ལག་ཁང་དུ་ལོ་གསར་ཚེས་གཅིག་གི་ཚོགས་ལངས་སོགས་ཀྱི་གོ་སྐབས་ཀྱང་བྱུང་། ཉིས་སྟོང་ཉེར་གཉིས་ལོར་དགེ་བཤེས་ལྷ་རམས་ལེགས་པར་ཐོན་ཞིང་ཉེར་གསུམ་ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་གསང་སྔགས་ཀྱི་སློབ་གཉེར་ལེགས་པར་གྲུབ། ཉེར་བཞིར་ཐེ་ཝན་དུ་རྒྱ་སྐད་སློབ་གྲྭར་ལོ་གཅིག་ཕྱིན། དེ་ནས་སླར་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གསང་སྔགས་ལ་སློབ་གཉེར་ལོ་གཅིག་བྱས་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་༢༠༢༦/༤/༡༨ཉིན།