ཁྱིམ་ཚང་གི་བདེ་ཐབས་སྐོར།

དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས།

མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་ལ་མཚོན་ན། ཁྱིམ་ཚང་གི་བདེ་ཐབས་ནི་བདེ་སྐྱིད་ཀྱི་རྨང་གཞི་ལྟ་བུ་ཡིན། ཁྱིམ་ཚང་ནི་རང་གི་མི་ཚེ་འགོ་འཛུགས་སའམ། ཡང་ན་མཇུག་བསྐྱལ་ས་དེ་ཡིན་པ་མ་ཟད། བརྩེ་བ་ཟད་མཐའ་མེད་པའི་དྲོད་ཁོལ་འཁྱིལ་ས་ཞིག་ཀྱང་ཡིན། གནས་འདི་ལ་ཁྱིམ་མི་ཀུན་གྱིས་བྱམས་བརྩེ་དང་། གུ་ཡངས། བཟོད་གསན་སོགས་ཀྱི་ནུས་པ་མཉམ་འདོན་བྱས་ཏེ། དོན་དམ་པའི་འཆམ་མཐུན་བསྐྲུན་དགོས་པ་ཡིན། དེ་ཡང་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྱིམ་ཚང་བདེ་ཐབས་ཀྱི་སློབ་སྦྱོང་དང་ཤེས་ཡོན་ཡོད་པ་ཅན་དུ་བཟོ་དགོས། ཆོས་པ་ཚོས་ཀྱང་བྱམས་བརྩེའི་ཉམས་ལེན་ནི། རང་གི་ནང་མི་ལས་འགོ་བཙུགས་ཏེ། འཇིག་རྟེན་ཁམས་ཀྱི་སྲོག་ཆགས་ཡོད་ཚད་ལ་བྱམས་བརྩེའི་བློ་སྐྱེད་ཀྱི་ཡོད།

གཞན་ཡང་རྒྱུན་དུ་མི་རྣམས་ཀྱིས་གྲོགས་པོ་བཟང་པོ་ཞིག་དང་། བཟའ་ཟླ་བཟང་པོ་ཞིག་ལ་རེ་སྨོན་དང་བཙལ་འཚོལ་བྱེད་ཀྱི་ཡོད་ཀྱང་། རང་ཉིད་མི་བཟང་པོ་ཞིག་ཆགས་ཐབས་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། རོགས་པ་བཟང་པོ་ཞིག་འཚོལ་རྒྱུ་དེ་གལ་ཆེན་པོ་རེད་དེ། རང་ལ་རོགས་པ་བཟང་པོ་དགོས་པ་བཞིན་གཞན་ལའང་དེ་ལྟར་དགོས་པ་མ་ཟད། རང་གི་ཞི་བདེ་དང་འཆམ་མཐུན་དག་གཙོ་བོ་རང་ལས་འབྱུང་དགོས་པ་ཡིན་པས། གཙོ་བོ་རང་ཉིད་མི་བཟང་པོ་བཟོ་རྒྱུ་དེ་ཆེས་གལ་ཆེ་བ་ལོས་ཡིན།

 

སྤྱིར་ལུང་ཚན་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་འཁྲུག་ཟིང་ནི་ཆེས་དཀོན་པོ་ཡིན། རང་གི་མི་ཚེའི་ནང་ཉིན་རེའི་སྐྱིད་སྡུག་གི་འཚོ་ཐབས་འབྲེལ་ས། ནང་མི་དང་། ཁྱིམ་མཚེས། གྲོང་སྡེ། ལས་རོགས་ནང་ཁུལ་གྱི་ཞི་བདེ་ནི་འཛམ་གླིང་གི་མི་ཚང་མས་ཉིན་རེ་བཞིན་མྱོང་དགོས་པའི་ཞི་བདེའི་རྨང་གཞི་གཙོ་བོ་དེ་ཡིན། དེ་དག་དང་ཕན་ཚུན་མཐུན་སྒྲིལ་དང་ཞི་བདེ་མེད་ན། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་ཡོད་ཀྱང་ཁྱོད་རང་སྒེར་གྱིས་ཞི་བདེའི་འཚོ་བ་དངོས་སུ་མྱོང་མི་ཐུབ་པ་མ་ཟད། དེས་འཛམ་གླིང་སྤྱིའི་ཞི་བདེ་ལའང་གནོད་ཀྱི་ཡོད་པ་ཁས་ལེན་དགོས། གང་ལགས་ཤེ་ན། རས་ཡུག་གི་ཆ་ཤས་ཤིག་མེས་ཚིག་ན་རས་ཡུག་ཚིག་པ་ཁས་ལེན་དགོས་པ་བཞིན། ཁྱོད་ཀྱི་ཁྱིམ་ཚང་དང་གྲོང་སྡེ་ནི་འཛམ་གླིང་འདིའི་ཆ་ཤས་གལ་ཆེན་ཞིག་ཡིན་པས་རེད། དེས་ན་དང་པོ་རང་ཉིད་མི་ཡག་པོ་ཞིག་དང་། གཉིས་པ་ཁྱིམ་ཚང་ནང་ཁུལ་འཆམ་མཐུན། གསུམ་པ་ཁྱིམ་མཚེས། བཞི་པ་གྲོང་པ། ལྔ་པ་ཡུལ་ཚོ། དྲུག་པ་རྫོང་། བདུན་པ་མངའ་སྡེ། བརྒྱད་པ་རྒྱལ་ཁབ། དགུ་པ་འཛམ་གླིང་བཅས་ལ་ཞི་བདེ་དང་འཆམ་མཐུན་གྱི་རིམ་པ་དེ་ལྟར་དུ་གྲུབ་ཡོད།

དེས་ན་ཁྱོད་ཉིད་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ལ་ཞི་བདེ་བསྐྲུན་ནུས་པའི་ཆ་ཤས་ཤིག་ངེས་པར་ལྡན་ཡོད། མི་མཐོ་དམན་སུ་ཞིག་ཡིན་རུང་དང་པོ་རང་གི་ཉེ་ས་ནང་མི་སྟེ་ཕ་མ་དང་། བཟའ་ཟླ། བུ་ཕྲུག །སྤུན་མཆེད་དགའ་ཉེ་སོགས་དང་། དེ་བཞིན་ཁྱིམ་མཚེས་དང་། གྲོང་པ། ལས་རོགས་དང་། སློབ་གྲོགས་སོགས་མདོར་ན་རང་གི་ཉེ་ཕྱོགས་ནས་འགོ་བཙུགས་ཏེ། ཕན་ཚུན་ཁ་ཞེ་གཉིས་མེད་ཀྱི་བྱམས་སྐྱོང་དང་། བརྩི་བཀུར་བཅས་ཀྱི་སྒོ་ནས་འཆམ་མཐུན་དང་ཞི་བདེ་བསྐྲུན་པའི་ནུས་པ་རང་ཆས་སུ་ཡོད་པས་ཡིན།

གཞན་ཡང་རང་གི་ཉེ་འཁོར་གྱི་མི་ལ་མ་དགའ་བ་དང་། ཕྲག་དོག་དང་། གནོད་སེམས། མཐོ་གནོན་སོགས་བྱས་ནས། འཛམ་གླིང་འདིར་ཞི་བདེ་ཡོང་བཪ་ཤོག་ཅེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པ་ནི། ལག་ལེན་དང་སེམས་ཀྱི་མངོན་འདོད་གཉིས་འགལ་བ་ཅན་གྱི་གནས་སྟངས་ཤིག་ཏུ་འགྱུར་གྱི་ཡོད། གནས་ཚུལ་འདི་ནི་ཆོས་པའི་ནང་དུ་མང་བ་ཡོང་གི་ཡོད། མི་གང་ཞིག་རང་གིས་མངོན་འདོད་འགྲུབ་དགོས་ན། ལག་ལེན་དེ་དང་མཐུན་པར་བྱ་བ་དངོས་ལ་འབད་བརྩོན་བྱ་དགོས་པ་ཡིན། དེས་ན་འཛམ་གླིང་འདིར་གནས་པའི་མི་རེ་ངོ་རེ་ནས་རང་གི་ནུས་པ་གང་ཡོད་བཏོན་ནས་དང་པོ་རང་གི་ཁྱིམ་ཚང་ནང་དུ་འཛུམ་མདངས་དང་དགོད་སྒྲ་སོགས་དགའ་སྐྱིད་ཀྱིས་ཁེངས་པའི་འཇིག་རྟེན་ཆུང་ཆུང་ཞིག་བཟོས་ཏེ། དེ་ནས་ཉེ་ཕྱོགས་དག་ལ་ཞི་བདེ་དང་འཆམ་མཐུན་བསྐྲུན་ཐུབ་ན། རང་གི་ནུས་ཚད་དང་འཚམས་པའི་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཡག་པོ་ཞིག་ཞུས་པ་ཡིན། དེ་ལྟར་མིན་པར་ཉི་མ་ཤར་བ་ལྟར་ས་གཞི་ཡོངས་རྫོགས་ལ་ཕན་བདེའི་འོད་སྣང་སྤྲོ་ཐུབ་མཁན་ནི། ས་གཞི་འདིའི་ཐོག་ཏུ་༸གོང་ས་མཆོག་ལྟར་རླབས་ཆེན་གྱི་སྐྱེས་བུ་དམ་པ་རེ་ཟུང་ལས་མེད།

གཞན་ཡང་བཟའ་ཚང་ཕན་ཚུན་དང་ཕ་མ་སྤུན་མཆེད་ལ་སོགས་སྐབས་རེར་ནང་ཁུལ་རྩོད་པ་ཤོར་གྱི་ཡོད། དེ་དག་རྒྱུན་འབྱམས་སུ་བྱས་ནས་བཞག་ན་ཡག་པོ་མེད། ཉོན་མོངས་ཀྱི་སེམས་ནི་ཕྲ་རྒྱས་ཡིན་པས་འགལ་ཟླ་ཇེ་ཆེར་འགྲོ་བ་ཡིན། མ་འགྲིགས་པ་དང་མ་མཐུན་པ་རྣམས་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་དེ་འདྲ་མིན་པར། ཚང་མ་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན། དེ་ཡང་མགོན་པོ་བྱམས་པས་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སྐྱོན་ཆགས་སོགས་ཉོན་མོངས་རྣམས་སྨན་པས་ན་ཚ་བཅོས་སྟངས་ལ་དཔེ་སྦྱར་ནས་སྤོང་ཐབས་གསུངས་པ་དེ་ལྟར་རེད། དེས་ན་ཕན་ཚུན་དབར་མ་འགྲིགས་པ་དང་མ་འཆམ་པའི་རྒྱུ་རྐྱེན་དེ་དག་ངོས་ཟིན་པའི་ཐོག་དེ་དག་གྲོས་མོལ་ལམ། ཡང་ན་རྒྱུ་མཚན་ལྡན་པའི་ཁ་གསལ་གཏིང་གསལ་གྱི་རྩོད་གླེང་ཐོག་ནས་གཙང་སེལ་བྱ་དགོས་པ་ཡིན། སྐབས་རེར་ཁ་རྩོད་ཀྱི་འཛིང་མོས་ཕན་ཚུན་གོ་ནོར་ཐེབས་པ་མང་པོ་ཞིག་གཙང་སེལ་བྱ་ཐུབ། ནང་མི་དང་ཉེ་འབྲེལ་གཞན་རྣམས་ཀྱིས་ཀྱང་ནང་ཁུལ་སུ་ཞིག་ལ་འགལ་ཟླ་བྱུང་བ་དེ་གཉིས་སླར་ཡང་ཞི་འགྲིག་ཡོང་བའི་རོགས་བྱ་དགོས།

ནང་པས་ཉེས་སྐྱོན་ཆེ་འབྲིང་ཆུང་གསུམ་ཅི་ཞིག་ཡིན་པ་དེ་དག་ཡོང་ཁུངས་ཞིབ་འཚོལ་བྱས་ཏེ། དེ་མེད་པ་བཟོ་ཐབས་གཙོར་འདོན་བྱེད་ཀྱི་ཡོད། འདོད་ཆགས་ཀྱི་གནས་སྐབས་གཉེན་པོ་མི་སྡུག་པ་སྒོམ་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་བརྩེ་སྒོམ་པ་ལ་བརྟེན་ནས་ཆགས་སྡང་ཤུགས་ཆུང་དུ་གཏང་ཐུབ་ཀྱང་། གཙོ་བོ་དེ་དག་འབྱུང་སའི་རྒྱུ་བདག་འཛིན་མེད་པ་བཟོ་ཐབས་ལ་བརྩོན་གྱི་ཡོད། དཔེར་ན། མི་ཞིག་མངར་མོ་བཟས་ན་སོ་ན་ཡི་ཡོད་ན། གནས་སྐབས་སོའི་ན་ཟུག་གཅོག་ཐབས་སྨན་ཟ་བ་དང་། ན་ཟུག་ཡོང་བའི་གཞི་མངར་མོ་ཟ་བ་འགོག་པ་གཉིས་ཀྱི་ནང་ནས་ཕྱི་མ་གཙོ་བ་བཞིན་ཡིན། རིགས་པའི་འགྲོ་ལུགས་འདི་དཀའ་ངལ་ཐམས་ཅད་ལ་སྦྱར་ནས་འདོར་ལེན་བྱེད་དགོས་པ་ཡིན།

འདིའི་སྐོར་དཔེ་མཚོན་ལྟ་བུ་དངོས་བྱུང་གི་སྒྲུང་ཐུང་ཞིག་ཞུ་རྒྱུ་ཡིན། ཉེ་སྔོན་རྒྱ་གར་དུ་ཡོད་པའི་འབྲས་སྤུངས་དགོན་པའི་དགེ་བཤེས་ཤིག་ཕྱི་རྒྱལ་ལ་ཕེབས་སྐབས། སློབ་གྲྭ་ཐོན་ནས་ལས་ཀ་བྱེད་བཞིན་པའི་བུ་རང་གི་ཨ་མ་ལ་སྡང་པོ་བྱེད་མཁན་ཞིག་གིས་ཁོང་ལ་སློབ་གསོ་རྒྱག་རོགས་ཞེས་ཞུས་འདུག །ཉིན་དང་པོར་ཁོང་གིས་བུ་དེ་ལ་ཁྱོད་རང་ཨ་མ་ལ་མ་དགའ་བའི་རྒྱུ་མཚན་ག་རེ་ཡིན་མིན་བསམ་བློ་ཡག་པོ་ཞིག་ཐོངས། དེ་དག་ཡིག་ཐོག་ལ་ཕབ་ནས་སང་ཉིན་ངའི་སར་ཤོག་གསུངས་འདུག །བུ་དེས་དགེ་བཤེས་ཀྱི་བཀའ་བཞིན་དེ་ལྟར་བྱས་འདུག །དེའི་ཕྱི་ཉིན་དགེ་བཤེས་ཀྱིས་ཁྱོད་རང་ཨ་མ་ལ་མ་དགའ་བའི་རྒྱུ་མཚན་ག་རེ་རེད་འདུག་ཅེས་འདྲི་དུས། ཁོས་ཨ་མས་ང་སློབ་གྲྭར་འགྲོ་བའི་སྐབས་སུ་ནང་དུ་གུང་གསེང་གཏོང་མ་བཅུག་པར། དེབ་ཀློག་བཅུག་པ་དང་།
ཡི་གེ་འབྲི་བཅུག་པ་སོགས་དཀའ་ངལ་མང་པོ་སྤྲད་སོང་། དེ་ནས་བཟུང་ཨ་མ་མིག་གིས་མཐོང་བ་ཙམ་གྱིས་ཁོང་ཁྲོ་ཟ་ཡི་འདུག་ཅེས་ཞུས། དེ་ནས་དགེ་བཤེས་ལགས་ཀྱིས་འོ་ཡ་ཡ། ཁྱོད་རང་ཨ་མའི་གྲོད་ཁོག་ནང་འཁོར་བ་ནས་བཟུང་སློབ་གྲྭ་མ་འགྲོ་བར་དུ་འཇིག་རྟེན་འདིར་སུ་ཞིག་གིས་གསོ་སྐྱོང་བྱས་ཡོད་མེད། གསོ་སྐྱོང་བྱེད་པའི་ཉིན་གཅིག་གི་རིང་ལའང་དཀའ་ངལ་ག་ཚོད་ཙམ་ཡོད་མེད་དང་། མ་འོངས་པར་ཁྱེད་རང་ཆང་ས་བརྒྱབ་ནས་ཕྲུ་གུ་ཞིག་བྱུང་། དེའི་ཆེད་དུ་འགྲོ་སོང་དང་དཀའ་ལས་མང་པོ་བརྒྱབ། མཐར་ཕྲུ་གུ་དེ་ཆེན་པོ་ཆགས་དུས་ཁྱོད་རང་ལ་སྤྱོད་པ་བསློགས་ན་ཁྱེད་རང་ལ་ཚོར་སྣང་ག་འདྲ་ཡོང་མིན། སློབ་གྲྭ་འགྲོ་བའི་རིང་ལ་ཨ་མས་ནང་དུ་ཡི་གེ་འབྲི་ཀློག་བྱེད་བཅུག་པ་དེས། ཕྱིས་བྱུང་ཁྱོད་ཀྱི་མི་ཚེའི་ནང་དུ་ཕན་ཐོགས་འདུག །ཡང་ན་གནོད་བསྐྱལ་འདུག་བསམ་བློ་ཡག་པོ་ཞིག་བཏང་ནས། སང་ཉིན་ཡང་བསྐྱར་ངའི་སར་ཤོག །ཅེས་གསུངས། ཉིན་གསུམ་པར་ཁོས་དགེ་བཤེས་ལགས་སུ་ཨ་མ་ང་རང་ལ་བཀའ་དྲིན་ཆེན་པོ་རེད་འདུག་ཅེས་ཞུས་པ་མ་ཟད། དགེ་བཤེས་ཀྱང་ཨ་མའི་བཀའ་དྲིན་ངོ་སྤྲོད་ཀྱི་བསླབ་བྱ་ཞིབ་པར་གནང་ནས་དཀའ་ངལ་དེ་མེད་པ་ཆགས་འདུག །འདིས་ནི་སྤྱི་ཚོགས་དང་ཁྱིམ་ཚང་གི་སློབ་གསོ་ཞེས་གཏན་ཁྲིམས་ལྟ་བུ་རྡོག་རྡོག་ཅིག་བསྟན་རྒྱུ་མིན་པར། གཙོ་བོ་མི་སོ་སོའི་སེམས་ཁམས་དང་བསྟུན་ཏེ་གནས་ལུགས་དག་ལ་དོན་དངོས་དང་མཐུན་པའི་ངོ་སྤྲོད་བྱ་དགོས་པ་གསལ་པོ་ཡིན།

གཞན་ཡང་བོད་པའི་ཁ་དཔེར། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ། ཅེས་པ་ལྟར། ཁྱིམ་ཚང་ནང་ཁུལ་འཆམ་མཐུན་མེད་ན་ཕྱི་ནང་གཉིས་ཀར་དཀའ་ངལ་གྱིས་རུ་འཛིངས་ནས་ཁྱོད་ཀྱི་མི་ཚེ་དཀའ་ཁག་ཅན་དུ་འགྱུར་འགྲོ་བ་ནི། མི་རྣམས་ཕྱི་ལོགས་སུ་ཆར་གྱིས་བརྡུངས་ན་རང་ཁྱིམ་སྐམ་པོ་ཞིག་ལ་རེ་བ་བྱེད་ལ། གལ་སྲིད་ཁྱོད་ཀྱི་ཁྱིམ་ཡང་ཆར་དང་ཐིགས་པས་གང་ཡོད་ན་དཀའ་ངལ་ཉིས་རྩིག་ཡིན་པ་བཞིན་ཡིན། ཕྱི་སྤྱི་ཚོགས་ཟང་ཟིང་གི་ཁྲོད་དཀའ་ངལ་དང་གྲ་མ་འགྲིག་པ་སྣ་ཚོགས་ཡོང་བ་ཆོས་ཉིད་ཡིན། དཀའ་ངལ་དེ་དག་ཤོད་ས་དང་ཁུར་མཉམ་ལེན་བྱེད་མཁན་བྱམས་ལྡན་གྱི་བཟའ་ཟླ་དང་ནང་མི་བཅས་ངེས་པར་དགོས། དེས་ན་མི་ཚེར་བདེ་སྐྱིད་འདོད་མཁན་ཚོས་ཁྱིམ་ཚང་གི་ཞི་བདེ་ལ་ཤིན་ཏུ་གཟབ་པར་གལ།

ཁྱིམ་ཚང་འཆམ་མཐུན་གྱི་རྨང་གཞིའི་ཆ་རྐྱེན་ནི། དང་པོ་ཁྱིམ་ཚང་ནང་དུ་དཔོན་པོ་དོན་རེས་བྱ་རྒྱུ་མིན་པར། ཁ་ཞེ་གཉིས་མེད་ཀྱིས་སེམས་ཀྱི་གཏིང་ནས་ངང་རྒྱུན་རིང་བའི་ཕན་ཚུན་ཡིད་ཆེས་དང་བྱམས་བརྩེ་སོགས་སེམས་པ་མཐུན་དགོས་པ་དེ་ཡིན། དེ་ཡང་ཕན་ཚུན་ཡིད་ཆེས་ནི་མཐོ་དམན་བར་གསུམ་གྱི་དབྱེ་བ་མེད་པ་མིའི་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་ལ། འཆམ་མཐུན་ནི་རང་གཞན་རོགས་གསུམ་དང་། སྤྱི་སྒེར་བར་གསུམ་ཚང་མའི་བདེ་སྐྱིད་ཀྱི་རྩ་བ་ཡིན།

འོ་ན་དེ་ལྟར་ཡོང་བའི་ཉམས་ལེན་ནམ་ལག་བསྟར་ག་འདྲ་ཞིག་བྱ་དགོས་སྙམ་ན། རྒྱུན་དུ་བྱམས་བརྩེ་དང་གུ་ཡངས། བསམ་ཤེས་དང་ཡིད་ཆེས། དྲང་བདེན་དང་གྲོས་མོལ། བརྩེ་དུང་གི་ལ་རྒྱ། བཟོད་པའི་ཉམས་ལེན་སོགས་ལག་ལེན་དོན་འཁྱོལ་བྱས་པའི་ཐོག་ནས་ཡོང་དགོས་པ་ཡིན། དེས་ན་སེམས་གཏིང་ནས་ལྷད་མེད་པའི་བྱམས་པ་དང་བརྩེ་བས་ཀུན་ནས་བསླངས་ཏེ། འཛུམ་མདངས་དང་ངག་འཇམ་སྨྲ་མཁས་ཀྱི་འཚོ་བ་རྒྱུན་འཁྱོངས། ངོ་ལྐོག་མེད་པ་བཟའ་ཚང་གི་དམ་ཚིག་ལྟ་བུ་བརྩི་སྲུང་ཐོག །ཕན་ཚུན་གུས་བཀུར་དང་བསམ་ཤེས་བྱ་དགོས་པ་ཡིན། བྱ་བ་འདི་དག་མཐའ་འཁྱོལ་ན་ཁྱོད་ཀྱི་མི་ཚེ་གསེར་ཡིན།

ལྷག་པར་བཟའ་ཚང་གཉིས་ནི་ཁྱིམ་ཚང་གི་གཙོ་བོ་ཡིན་པས། བཟའ་ཚང་ཕན་ཚུན་འཆམ་མཐུན་ནི་ཁྱིམ་ཚང་བདེ་སྐྱིད་དང་བུ་ཕྲུག་བྱམས་སྐྱོང་གི་རྨང་གཞི་དང་། དེ་ལས་ལྡོག་སྟེ་བཟའ་འཛིངས་འཁོན་འཛིན་ནི་ཁྱིམ་ཚང་དང་རང་ཉིད་ཀྱི་གོད་ཆགས་ཆེན་པོ་ཞིག་ཡིན། དེས་ན་བཟའ་ཚང་ཕན་ཚུན་འཆམ་མཐུན་ནི། བུ་ཕྲུག་རྣམས་བྱམས་སེམས་ཅན་དུ་གྱུར་ནས་ནང་ཁུལ་མཐུན་ལམ་གྱི་མིག་དཔེ་ཡིན། བོད་པའི་ཁ་དཔེར། ཁྱིམ་ཚང་ཡ་རབས་ལ་བུ་ཕྲུག་ཡ་རབས། ཁྱིམ་ཚང་མ་རབས་ལ་བུ་ཕྲུག་མ་རབས། ཞེས་དང་། ཆེ་ཡིས་ཅི་བྱེད་ཆུང་། གླ་བའི་ཕྲུ་གུ་བྲག །ཅེས་ཟེར་སྲོལ་ཡོད་པ་བཞིན། ཕྲུ་གུས་ཕ་མའི་བསླབ་བྱ་ཉན་པ་གཙོ་བོ་མི་བྱེད་པར། ཕ་མའི་བྱ་བ་དང་གཤིས་སྤྱོད་ལ་མིག་དཔེ་བལྟས་ཏེ་གོམས་གཤིས་དེ་འཇགས་འགྲོ་བ་ཡིན། དེས་ན་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་གཤིས་སྤྱོད་ཡག་སྡུག་གང་འདྲ་ཞིག་ཡོང་བར་འདོད་ཀྱི་ཡོད་ན། རང་ཉིད་དེ་དང་མཐུན་པའི་སྤྱོད་ལམ་གྱི་འཁྲབ་སྟོན་བྱ་དགོས་པ་ལས། ཕྲུ་གུ་ལ་ཁ་པར་མ་རྩེ་ལབ། རང་ཉིད་ཁ་པར་རྩེ་བཞིན་བསྡད་ན་མི་འགྲིག་པ་ལྟ་བུ་ཡིན། ཕ་མའི་སྤྱོད་པ་སྣང་བ་སྐྱིད་མདོག་དང་བག་དྲོ་བོ་མེད་པ་ལ། ཕྲུ་གུའི་སྤྱོད་པ་གུས་ཞབས་ཅན་ཞིག་ཡོང་མི་ཐུབ། ལམ་རིམ་ལས། ཆོས་འཆད་ནས་གཞན་རྒྱུད་འདུལ་བ་ལ་ཐོག་མར་རང་རྒྱུད་དུལ་བ་ཞིག་དགོས་གསུངས་པའི་རྒྱུ་མཚན་ད་ག་རང་ཡིན།

དེས་ན་ཕ་མ་གཉིས་ཀྱིས་ཕྲུ་གུ་སྐྱེ་ཐུབ་པ་ཙམ་མ་ཡིན་པར་འཚོ་སྐྱོང་གི་འགན་འཁྲི་ལ་སྤྲོ་བ་ཡོད་པའི་ཐོག་ཡག་པོ་ཁུར་དགོས་པ་ཡིན། བུ་ཕྲུག་རྣམས་ལ་ཡང་དག་པའི་བྱམས་བརྩེས་གཅེས་སྐྱོང་གནང་དགོས་པ་ཡིན། དེ་ཡང་སྐྱེས་ཙམ་ཉིད་ནས་ཕྲུ་གུ་ཕ་མའི་ལུས་ལ་སྦྱར་ནས་བྱམས་སྐྱོང་དགོས་ལ། སེམས་ལ་བརྩེ་བ་ཡོད་པ་ཙམ་མ་ཡིན་པར་འཛུམ་མདངས་དང་བགོད་སྒྲ་དང་བསྡེབས་ནས་སྐྱོང་དགོས། མཛུམ་མདངས་ནི་འགྲོ་སོང་མེད་པའི་སྦྱིན་གཏོང་ཆེན་པོ་ཞིག་ཡིན་པ་སངས་རྒྱས་ཀྱིས་གསུངས་ཡོད།

ཕྲུ་གུར་ཐོབ་ཤོར་གྱི་ཚོར་བ་རྣོན་པོ་སྟེར་མཁན་འཛིངས་རེས་ཅན་གྱི་པར་རིས་དང་གློག་བརྙན་བལྟར་འཇུག་རྒྱུ་མེད། ཕྲུ་གུ་ལྟ་སྐྱོང་བྱ་སའི་ནང་དུ་བརྩེ་བ་དང་འཛུམ་མདངས་ཅན་གྱི་ལྷ་དང་བླ་མའི་སྐུ་པར་དང་། ཁྱི་དང་ལུག་ཕྲུག་སོགས་རྩེད་ཆས་སྙིང་རྗེ་བོ། བྱམས་བརྩེའི་རྣམ་པ་མཚོན་པའི་བྱིས་པ་ཆུང་ཆུང་དང་། སྲོག་ཆགས་གཞན་གྱི་པར་རིས་སྙིང་རྗེ་བོ་དེ་འདྲ་སྦྱར་བ་ཡིན་ན། སེམས་ལ་ཞི་བདེ་དང་བྱམས་བརྩེ་སླེབས་པ་ལ་ཕན་ཐོགས། ཕྲུ་གུ་ཆུང་ངུའི་སྐབས་སུ་ཐོབ་པའི་ཕ་མ་གཉིས་ཕན་ཚུན་མཐུན་ལམ་དང་བྱམས་བརྩེ་དང་འཛུམ་མདངས་ནི། ཕྲུ་གུའི་མི་ཚེའི་མིག་དཔེའི་བདེ་ཐབས་གལ་ཆེན་ཞིག་ཏུ་འགྱུར་གྱི་ཡོད། དཔེར་ན། ཕྲུ་གུ་ཆུང་ངུའི་སྐབས་སུ་བྱམས་བརྩེ་ཡག་པོ་ཐོབ་པའི་ཕྲུ་གུ་རྣམས་ནི། འབྱུང་འགྱུར་མི་ཚེའི་ཁྲོད་དུ་སེམས་བག་ཕེབས་ཤིང་གུ་ཡངས་པ། བློ་སྟོབས་ཡོད་པ་དང་མི་གཞན་དང་མཐུན་འབྲེལ་ཡག་པོ་བཟོ་ཐུབ་པ་བཅས་ཡོང་གི་ཡོད།

ཕ་མ་གཉིས་ནང་ཁུལ་འཆམ་མཐུན་མེད་པའི་བཟའ་འཛིངས་ཅན་དང་བཟའ་འཐོར་དུ་སོང་བ། དེ་བཞིན་དངོས་ཡོད་ལུས་སེམས་ཀྱི་དཀའ་ཚེགས་འདྲ་མིན་གྱིས་བུ་ཕྲུག་ལ་འཛུམ་མདངས་སྟོན་པ་དང་། ཚིག་འཇམ་ཤོད་མི་ཐུབ་པ་སོགས། མདོར་ན་བྱམས་བརྩེའི་ལྟ་སྐྱོང་ཡག་པོ་མ་རེག་པའི་ཕྲུ་གུ་རྣམས་ནི། སེམས་ལ་བྱམས་བརྩེའི་བག་ཆགས་མ་ཐེབས་པས་འབྱུང་འགྱུར་མི་ཚེའི་ཁྲོད་རང་བཞིན་གྱིས་ཞེད་སྣང་སྐྱེ་སླ་བ། ཕ་མ་གཉིས་ཀྱི་འཁྲུག་འཛིངས་ཀྱི་བག་ཆགས་ཐེབས་ནས་སྤུན་མཆེད་ནང་ཁུལ་འཆམ་མཐུན་བྱེད་མི་ཐུབ་པ། དེ་ལ་བརྟེན་ནས་ཕྲུ་གུ་དེ་དག་གི་མི་ཚེའི་ནང་། མི་གཞན་དང་མཛའ་འབྲེལ་བཟོ་མི་ཐུབ་པ་མ་ཟད། ཚུལ་མཐུན་གྱི་ལས་ཀར་འཇུག་མི་ཐུབ་པ། བག་ཡོད་ཀྱིས་རང་ཉིད་རང་གིས་སྟངས་འཛིན་བྱེད་པའི་ནུས་པ་མེད་པར་གྱུར་ཏེ། རྐུ་ཇག་དང་འཁྲུག་འཛིངས་གཙོས་བག་མེད་ཀྱི་བྱ་བ་ངན་པ་བཅས་ལ་ཞུགས་ནས་མི་ཚེ་འཕྲོ་བརླག་འགྲོ་ཡི་ཡོད།

བཟའ་ཚང་གི་འཛིང་མོ་ནི། ཕམ་ན་མཉམ་ཕམ་དང་རྒྱལ་ན་མཉམ་རྒྱལ་མ་གཏོགས་གཅིག་རྒྱལ་གཅིག་ཕམ་གྱི་སྐད་ཆ་མེད་ལ། རང་གི་ལག་པ་གཡས་པས་གཡོན་མ་ལ་རྨ་བཟོས་པ་དང་གཅིག་མཚུངས་ཡིན། བཟའ་འཐོར་བྱེད་པ་ནི་གཞན་གྱིས་སྤྱད་ཟིན་པའི་ཅ་ལག་རྙིང་པ་དང་། ཟས་ལྷག །གོས་རྙིང་ལྟ་བུ་རང་རང་གི་མི་ཚེའི་རིན་ཐང་ཞན་དུ་གཏོང་གི་ཡོད། དེས་ན་མི་ཚེ་མཉམ་དུ་འཚོ་སྡོད་ཀྱི་རིང་འཆམ་མཐུན་ངང་གནས་ཐུབ་ན། དེ་ནི་འགྲོ་སོང་མེད་པའི་བདེ་སྐྱིད་དང་ཁེ་སང་ཁོ་ན་ཡིན།

ལྷ་ཆོས་དང་མི་ཆོས་གང་ལས་བལྟས་ཀྱང་བུ་ཕྲུག་བྱུང་ཚར་ནས་གང་བྱུང་གིས་བཟའ་འཛིང་དང་བཟའ་འཐོར་བྱ་རྒྱུ་མིན་པར། བུ་ཕྲུག་གི་ཆེད་དུ་ཆང་དང་རྒྱན་འཛུགས་རྩེད་མོ་སོགས་བག་མེད་ཀྱི་སྤྱོད་པ་སྤོངས། ལུས་སེམས་འཕྲོད་བསྟེན་བཟང་ཞིང་སྒམ་ལྷིང་དང་ངང་རྒྱུད་རིང་པོའི་སྤྱོད་ཚུལ་ཟུངས། བཟའ་ཚང་མཉམ་རུབ་ཀྱིས་བུ་ཕྲུག་དང་མཉམ་དུ་དུས་ཚོད་བཏང་སྟེ། སྒྲུང་དང་སྐད་ཆ་ཤོད། འཛུམ་མདངས་དང་འགོད་སྒྲ་སྒྲོགས། རྩེད་མོ་རྩེས། སློབ་སྦྱོང་གྱིས། འགྲིག་པ་ལ་ཆེ་བསྟོད་དང་། མ་འགྲིགས་པ་ལ་ངག་འཇམ་སྨྲ་མཁས་སྒོ་ནས་གནས་ལུགས་དང་རྒྱུ་མཚན་དྲངས་ནས་ཡོ་སྲང་གྱིས། ནོར་འཁྲུལ་གྱི་སྤྱོད་ལམ་དུ་འཇུག་མ་བཅུག །མདོར་ན་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་དེ་ཡིན་པས། དང་པོ་ཕ་མ་དང་དགེ་རྒན་གྱི་སློབ་གསོ་ལས་མི་ཆོས་ཀྱི་རྨང་གཞི་བཟང་ཞིང་། དེ་ནས་ཆོས་ཤེས་མི་སྣ་ལས་ལྷ་ཆོས་ཀྱི་སློབ་གསོ་བཅས་ལ་བརྟེན་ནས་ཕྲུ་གུའི་མི་ཚེ་ལ་རིན་ཐང་བསྐྲུན་དགོས། ཕ་མས་བུ་ཕྲུག་ལ་ཤུལ་བཞག་ཡག་ཤོས་ནི། ཡ་རབས་བཟང་སྤྱོད་དང་སློབ་སྦྱོང་ཡིན་པ་ལས་རྒྱུ་ནོར་གཙོ་བོ་མིན། དབང་པོ་སྐྱོན་ཅན་མིན་ན་རྒྱུ་ནོར་ནི་ཁྱེད་ཚོ་ལྟར་ཕྲུ་གུས་ཀྱང་གསོག་སྒྲུབ་བྱ་ཐུབ།

གཞན་ཡང་ལས་སློབ་ཀུན་སྤྱོད་གང་ལས་བུ་ཕྲུག་ལ་བསླབ་བྱ་སྐྱོན་པའི་ཚེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་པ་ལྟར། དེ་དག་མ་བྱས་ན་ཉེས་ཕྱོགས་ཀྱི་འཇིགས་སྣང་བསྐུལ་བ་གཙོ་བོར་མི་བྱེད་པར། དེ་དག་བྱས་ན་བཟང་ཕྱོགས་ཀྱི་ཕན་འབྲས་ངོ་སྤྲོད་བྱས་ནས། ལས་སློབ་སྤྱོད་གསུམ་གང་ལ་ཞུགས་པ་དེའི་མཇུག་འབྲས་ཀྱི་ལེགས་ཆ་ལ་སྤྲོ་སྣང་སྟེར་ཐབས་སུ་བརྩོན་འགྲུས་ཀྱི་བསླབ་བྱ་གཏོང་དགོས། ང་ཚོ་སློབ་སྟོན་པ་མང་པོ་ཞིག་གིས་དཀའ་ལས་དང་སྡུག་རུས་བརྒྱབ་དགོས་རེད་ཟེར་གྱི་ཡོད་རུང་། བརྩོན་འགྲུས་ནི་སྤྲོ་བ་ཡིན་པ་ལས་དཀའ་སྡུག་མིན་པས། ལས་སློབ་དེ་དང་དེ་ལ་དགའ་བ་དང་སྤྲོ་བ་བསྐྱེད་ཟེར་དགོས་པ་དང་འདྲ་བོ་ཡོད།

གང་ལྟར་ཕྲུ་གུ་ཞེས་མཐོང་ཆུང་མི་བྱེད་པར་འགྲོ་བ་མི་ཞིག་གི་ཆེ་མཐོང་སྤྲད་དགོས། རྣམ་དཔྱོད་ཀྱི་ཡལ་འདབ་རྒྱ་བཞིན་པའི་བྱིས་པའི་སེམས་ཁམས་ནི་འདས་དོན་ལ་ཕྱིར་དྲན། མ་འོངས་པའི་མངོན་འདོད། ད་ལྟའི་འཆར་སྣང་སོགས་ཧ་ཅང་གིས་མང་པོ་ཡོད། དེས་ན་ཕྲུ་གུར་བསམ་ཚུལ་ཤོད་བཅུག་པ། བློ་འདྲི་བ། གྲོས་མོལ་དང་བསྔགས་བརྗོད་བྱེད་པ། གནས་ལུགས་དང་རྒྱུ་མཚན་བགྲངས་ནས་ནོར་འཁྲུལ་ཡོ་སྲང་དང་ལམ་སྟོན་བཅས་བྱ་དགོས་པ་ལས། ཕྲུ་གུའི་སྐད་ཆ་དང་བྱ་བཞག་ལ་དམའ་འབེབས་དང་སྡིགས་ནས་ཞེད་སྣང་སྐུལ་བ་སོགས་མི་རུང་བ་ཡིན། དཔེར་ན། དང་པོ་ཡི་གེ་འབྲི་དགོས་ཞེས་སྡིགས་པ་དང་། བྲིས་ནས་ཡིག་གཟུགས་ཡག་པོ་མི་འདུག་ཅེས་ནས་སྡིགས་ན། ཕྱིས་སུ་ཕྲུ་གུས་ཤོག་སྨྱུག་མཐོང་བ་ཙམ་གྱིས་ཞེད་སྣང་དང་ཁོང་ཁྲོ་སྐྱེ་ནས་ཡི་གེ་འབྲི་འདོད་ཀྱི་བསམ་བློ་བརླག་འགྲོ་ཡི་ཡོད། འདོད་པ་མེད་བཞིན་དུ་ལས་སློབ་དེ་ལ་འཇུག་པ་ནི་སྡུག་བསྔལ་ཡིན། དེ་བཞིན་མི་གཞན་གྱི་ཕྲུ་གུ་དང་མཚུངས་བསྡུར་གྱིས་མཐོང་ཆུང་དང་དམའ་འབེབས་བྱ་རྒྱུ་མེད། འདིས་ཕྲུ་གུའི་མི་ཚེའི་ནང་དུ་སེམས་ཤུགས་དང་སྤོབས་པ་ལ་གནོད་སྐྱོན་བཟོ། སྤྱིར་བཏང་རང་གི་ཕ་མ་དང་། སྤུན་མཆེད། བཟའ་ཚང་སོགས་གཞན་དང་མཚུངས་བསྡུར་གྱིས་གཞན་སྨོན་རང་འཁང་མ་བྱེད། དེ་དག་རང་ལ་དག་པའི་ནོར་བུ་ཡིན་པས་རང་གི་ནོར་བུ་རང་ལ་ལྟོས་ཏེ་རིན་ཐང་རེ་ཡོད་པ་ཤེས་པར་བྱོས།

གཞན་ཡང་ཤར་ཕྱོགས་ཀྱི་ཕ་མ་ཚོས་ཀྱང་བུ་ཕྲུག་ལ་ཤུགས་ཆེ་བའི་རྡུང་སྡིགས་ཐབས་ལམ་ལས། གཤིས་བཅོས་སློབ་སྐུལ་གྱི་དུས་ཚོད་ནི་རྫོགས་པ་ཡིན་པས། བུ་ཕྲུག་སྐྱོང་སྟངས་ནུབ་ཕྱོགས་ཀྱི་ཁྲིམས་དང་ལུགས་སྲོལ་གྱི་ལེགས་ཆ་ལ་དཔེ་བལྟ་དགོས་པ་མང་པོ་འདུག་དྲན། འོན་ཀྱང་ཡང་དག་པའི་གནས་ལུགས་ངོ་སྤྲོད་དང་འབྲེལ། སྐྲག་ས་དང་འཇིགས་ས་ཡོད་པ་བཟོ་དགོས་པ་ལས་གཅེས་ལངས་གཏན་ནས་གཏོང་མི་རུང། སྐྲག་ས་ཞིག་ཡོད་ན་རང་ཉིད་ནོར་འཁྲུལ་ལམ་དུ་འཇུག་པ་ལ་ཚོད་འཛིན་བྱ་ཐུབ་པར་ཕན་གྱི་ཡོད་པ་ནི། ཆོས་ཁྲིམས་དང་སྲིད་ཁྲིམས་བཞིན་ཡིན། བོད་ཀྱི་དགོན་སྡེ་ཁག་ཏུ་དགེ་ཕྲུག་སྐྱོང་སྟངས་ཀྱི་ཁ་རྒྱུན་ཞིག་ཡོད། ཧ་ཅང་བྱམས་སྐྱོང་ཆེ་དྲགས་པ་དང་། ཆུང་དྲགས་པ། བྱམས་བརྩེ་གོ་ལོག་ཏུ་སོང་བ་མ་ཡིན་པར་བྱེའུ་ལག་པར་བཟུང་བ་ནང་བཞིན་སྐྱོང་དགོས་ཞེས་པ་འདི་གོ་རྒྱུ་ཆེན་པོ་ཡོད། མདོར་ན་བྱིས་པ་ནི་འཛམ་གླིང་འདིའི་མ་འོངས་པའི་ཡོད་ཚད་ཡིན་པས། བྱིས་པ་བཟང་ངན་ནི་མ་འོངས་པའི་འཛམ་གླིང་གི་བཟང་ངན་ལ་ལྟོས་ཡོད། གཞན་ཡང་བྱམས་བརྩེ་ནི་འགྲོ་བ་མི་ཕན་ཚུན་སྟོབས་ཤུགས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་བའི་ཐབས་ལམ་ཡིན། དཔེར་ན་བཟའ་ཚང་གཉིས་དབར་ལག་ཐོགས་ཁ་པར་གཅིག་སྤྲོད་རེས་བྱས་ན་མི་རེར་ཁ་པར་རེ་རེ་མ་གཏོགས་མེད། ལྷད་མེད་ཀྱི་བྱམས་བརྩེ་སྤྲོད་རེས་བྱས་ན་མི་གཅིག་ལ་མི་གཉིས་ཀྱི་སྟོབས་ཤུགས་ཡོད། ནང་པའི་གཞུང་ནས་བཤད་པའི་ཡབ་བྱང་ཆུབ་ཀྱི་སེམས་དང་། ཡུམ་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་གཅིག་གི་ངོ་བོ་ཇི་ཙམ་གོང་འཕེལ་དུ་སོང་བ། གཅིག་ཤོས་ཀྱི་ངོ་བོ་རང་བཞིན་གྱིས་གོང་འཕེལ་དུ་འགྲོ་བ་ལ་ཕན་གྱི་ཡོད། དེས་ན་ཐབས་ཤེས་གཉིས་གཅིག་ཕན་གཅིག་གྲོགས་ཚུལ་གྱིས་འབྲས་བུ་སངས་རྒྱས་གོ་འཕང་བདེ་བླག་ཏུ་འབྱིན་པ་བཞིན། བཟའ་ཚང་གཉིས་ལྟ་བུ་ལྷད་མེད་ཀྱི་ལྷག་བསམ་དང་བརྩེ་བའི་དབང་གིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ནུས་པ་ལས། འབྲས་བུ་ཁྱིམ་ཚང་གི་བདེ་སྐྱིད་བདེ་བླག་ཏུ་ཡོང་བ་ཡིན། གནས་ལུགས་འདི་དག་གིས་སྤྱི་སྒེར་གང་ཡིན་མཐུན་སྒྲིལ་གྱི་ནུས་པ་མཉམ་སྤུངས་ནི་སྟོབས་ཤུགས་ཡིན་པ་བསྟན་ཡོད། དཔེར་ན་རྒྱལ་ཁབ་ཀྱི་སྟོབས་ཤུགས་བཞིན་ཡིན། ཞྭ་བོ་མིག་ལྡན་དང་ལོང་བ་རྐང་ལྡན་གཉིས་འཛའ་བརྩེའི་ཐོག་མཉམ་ལས་བྱས་ན། དབང་པོ་ཀུན་ཚང་གི་མི་ཞིག་དང་འདྲ་བར་ལས་ཀ་གང་འཚམ་ལས་ཐུབ།

དེས་ན་བྱམས་བརྩེ་དང་ལྡན་པའི་ཐོག །ནང་མི་རྒན་པ་རྣམས་ལ་བརྩི་བཀུར་དང་ཞབས་ཞུ། ཆུང་བ་རྣམས་ལ་བྱམས་སྐྱོང་། ཉམ་ཆུང་དང་། དབང་པོ་སྐྱོན་ཅན། ནད་པ་བཅས་ལ་ནང་མི་གཞན་ཀུན་གྱིས་དམིགས་བསལ་གྱི་བྱམས་སྐྱོང་དང་ལྟ་རྟོག་ཡག་པོ་གནང་དགོས། འདི་འདྲའི་ཐོག་ལ་ང་ཚོ་བོད་པ་ཚོ་ལ་མིག་དཔེ་བལྟ་ཆོག་པའི་ཡ་རབས་ཀྱི་ལུགས་སྲོལ་ཆེས་བཟང་པོ་ཡོད། བོད་པའི་བཤད་རྒྱུན་ཞིག་ཡོད། ནང་མི་དང་སྤུན་མཆེད་དགའ་ཉེ་གང་ཡིན་པ་གསོན་པོ་འཚོ་སྡོད་ཀྱི་རིང་ཕན་ཚུན་བྱམས་བརྩེ་དང་ལྡན་པའི་ངང་ཕན་རེས་དང་སྐྱོབ་རེས་བྱོས། དེ་ལྟར་མེད་པ་ལ་ཤི་དུས་སྡུག་བསྔལ་ཆེ་མདོག་གིས་མིག་ཆུ་མ་གཏོང་། ཞེས་པ་འདི་ཧ་ཅང་གིས་བདེན་པ་ཡོད།

དེང་སང་དྲ་ལམ་ཁག་ཏུ་གཡོག་མོ་དང་རྒས་གོོག །ནད་པ་བཅས་ལ་ཟས་གོས་མི་སྟེར་བ་དང་། ཚད་མེད་གཡོག་ཏུ་བཀོལ་བ་དང་། བཅར་རྡུང་བྱེད་པ་དང་། འགའ་ཞིག་གིས་གཡོ་ཇུས་འདྲ་མིན་ཐོག་མི་སྤྱོད་ལས་བརྒལ་བའི་གཞན་ལ་བཙན་གནོན་བྱེད་པ་སོགས་ཡ་ང་བའི་གནས་ཚུལ་མང་པོ་དྲ་ཐོག་ནས་མཐོང་ཆོས་སུ་ཡོད་པ་འདི་དག །གཞུང་སྒེར་མཉམ་རུབ་ཀྱིས་ངེས་པར་ཁྲིམས་ལུགས་ཐོག་ནས་ནང་མི་དང་ཕྱི་མི་ཉམ་ཐག་ལ་བྲན་གཡོག་དང་གཉའ་གནོན་རིང་ལུགས་བཅོས་བསྒྱུར་གཏོང་དགོས།

ཡང་མི་འགའ་ཞིག་གི་གཤིས་ཀ་ལ། ཤ་ཚའི་ཁ་ནས་གཏམ་སྙན་མེད། །ཅེས་པ་ལྟར། ཕན་ཚུན་ཤ་ཚ་ཡོད་པའི་དབང་གིས་རྒྱུན་དུ་ཚིག་རྩུབ་རྣམ་པའི་ཐོག་ནས་སྐད་ཆ་ཤོད་པའི་གོམས་སྲོལ་ཆགས་པ་དེ་འདྲའང་ཡོད། སྐྱོན་བརྗོད་དང་ཚིག་རྩུབ་ནི། སྐབས་འགའ་ཞིག་ཙམ་ལ་ཕ་མས་བུ་ཕྲུག་དང་། དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་གསོ་རྒྱག་བྱེད་ཀྱི་དགོས་མཁོ་ཙམ་མ་གཏོགས། རྒྱུན་གཏན་གྱི་གོམས་སྲོལ་ཏུ་གྱུར་སོང་ན་ཡག་པོ་མེད། བོད་པའི་ཁ་དཔེ་ལ། ཚིག་ལ་མཚོན་ཆ་མེད་ཀྱང་། ཁོག་པའི་དོན་སྙིང་དཀྲུགས། ཞེས་པ་ལྟར། ཚིག་རྩུབ་ཕལ་ཆེ་བ་ནི་ངག་གི་སྡིག་པ་ཡིན་པས་སུ་ལའང་མི་མཁོ་བ་མ་ཟད་གཞན་རྒྱུད་ཀྱི་དགེ་བའི་ནགས་ཚལ་ཡང་སྲེག་པར་བྱེད་ཀྱི་ཡོད། ངག་འཇམ་དང་སྨྲ་མཁས་ཀྱིས་གཞན་རྒྱུད་ཀྱི་སེམས་ལ་དགའ་བདེའི་ལྡུམ་རྭ་བསྐྲུན་ཐུབ། དེས་ན་ཡིད་ཀྱིས་ཕན་སེམས་བསྐྱེད། གདོང་ལས་འཛུམ་མདངས་ཕྱུང་། ལུས་ཀྱིས་གུས་ཞབས་སྟོན། ངག་ལས་སྨྲ་མཁས་ཀྱིས་བསྟོད་བསྔགས་བྱེད་པ་སོགས་ནི། རང་གི་ནང་མི་དང་སྤྱི་ཚོགས་ཀྱི་མཛེས་རྒྱན་ཡིན། འོན་ཀྱང་བཅོས་མ་དང་གཡོ་ཅན་གྱི་འཛུམ་མདངས་དང་སྐད་ཆ་ནི་རྫུན་ཡིན་པས་སྤང་དགོས།

སྔོན་མི་དབུལ་པོ་ཞིག་གིས་བཅོམ་ལྡན་འདས་ལ་བདག་དབུལ་པོར་གྱུར་དོན་ཅི་ཡིན་དང་།
དབུལ་བ་འདི་སེལ་བའི་ཐབས་ལམ་སྟོན་རོགས་ཞེས་ཞུས་པས། སྟོན་པས་ཁོ་ལ་ཚེ་སྔོན་སྦྱིན་པ་མ་བཏང་བའི་ལན་པ་ཡིན་པས། སྦྱིན་པ་ཡག་པོ་ཐོངས་ཞེས་གསུངས། དབུལ་པོ་དེས་ཁོ་བོ་ནི་སྤྲང་པོ་ཡིན་པས་སྦྱིན་པ་གཏང་རྒྱུའི་དངོས་པོ་གང་ཡང་མེད་ཅེས་ཞུས། སྟོན་པས་ཁྱོད་ལ་སྦྱིན་པ་གཏང་རྒྱུའི་དངོས་པོ་ཡོད་རེད། མིག་གིས་གཞན་ལ་དགའ་བས་ལྟོས། གདོང་གིས་གཞན་ལ་འཛུམ་མདངས་སྟོན། ལུས་ཀྱིས་གཞན་ལ་གུས་ཞབས་བྱོས། ངག་གིས་གཞན་ལ་བསྟོད་པ་དང་ཚིག་འཇམ་ཤོད། ཡིད་ཀྱིས་གཞན་ལ་བྱམས་བརྩེ་སྒོམས་དང་སྦྱིན་པའི་མཆོག་དེ་ཡིན་ཞེས་གསུངས། དེས་ན་ཁ་ཁོག་མི་མཐུན་པའི་ངོ་དགའ་སྤྲེལ་ལད་མིན་པ། ཁ་ཞེ་གཉིས་མེད་ཀྱི་ཤ་ཚ་སྙིང་རྗེའི་ཐོག །སུ་ལའང་ཕོག་ཐུག་མེད་པ་ངག་འཇམ་སྨྲ་མཁས་དགོས་པ་གལ་ཆེན་པོ་ཡིན། དཔེར་ན། ནུབ་ཕྱོགས་པ་དང་ལྷ་ས་བ་བཞིན་ཡིན། བོད་པའི་གཏམ་དཔེ་ལ། སེམས་གངས་རི་ལས་དཀར། །གདོང་རྫ་རི་ལས་ནག །ཅེས་ཕྱི་མ་འདི་ཚན་ཆོས་གང་དང་མི་མཐུན་པས་དུས་ཚོད་ཡོལ་བའི་ཅ་དངོས་བཞིན་ཡིན།

གཞན་ཡང་ནང་ཆོས་ལས། དགེ་བསྙེན་གྱི་སྡོམ་པ་ཞེས་ཁྱིམ་པ་ཚོ་ལ་སྡོམ་པ་ཞིག་གསུངས་ཡོད། སྡོམ་པ་དེ་བླངས་ན་དོན་ཚན་མི་འདྲ་བ་ལྔ་སྲུང་སྡོམ་བྱ་དགོས་ཀྱི་ཡོད། ༡ མི་མི་གསོད་པ། ༢ རྐུ་མ་མི་རྒྱག་པ། ༣ རང་གི་བཟའ་ཟླ་ལས་གཞན་པའི་གཞན་ལ་འདོད་པ་མི་སྤྱོད་པ། ༤ རྫུན་མི་ཤོད་པ། ༥ ཨ་རག་དང་མྱོས་རྫས་རིགས་ལོངས་སུ་མི་སྤྱོད་པ་བཅས་ཡིན། འདི་ལྟར་ཁས་ལེན་པ་ནི་དེའི་ཕན་ཡོན་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར། ཚེ་འདིའི་ཁྱིམ་ཚང་གི་བདེ་ཐབས་དང་།
བཟའ་ཚང་བར་གྱི་དཀའ་རྙོག་རགས་པ་མང་པོ་ཞིག་སེལ་ཐབས་ཡག་པོ་ཞིག་ཡིན། བཟའ་ཚང་མང་པོ་ཞིག་རང་གི་བཟའ་ཟླ་ལས་གཞན་པ་དག་ལ་འདོད་པ་སྤྱད་པ་ལས་རྙོག་འཛིང་ཡོང་གི་ཡོད། འདི་ནི་རང་རྒྱུད་ཀྱི་འདོད་ཆགས་ལ་སྟངས་འཛིན་བྱེད་མ་ཐུབ་པའི་དབང་གིས་ཡིན། འདོད་པ་སྟངས་འཛིན་བྱ་མ་ཐུབ་ན། འདོད་པ་མཐའ་མེད་དུ་འཕེལ་ནས་དེའི་འབྲས་བུ་བཀྲ་མ་ཤིས་པ་མང་པོ་ཡོང་ངེས་ཡིན།

ནང་པའི་རབ་བྱུང་བ་མང་པོ་ཞིག་མི་ཚེར་ཚངས་སྤྱོད་ལ་གནས་ཐུབ་ཀྱི་ཡོད་ན། ཁྱོད་ལ་རང་གི་བཟའ་ཟླས་མ་འགྲིགས་པ་གང་ཡང་ཡོང་དོན་མེད་ལ། རང་གི་བཟའ་ཟླ་ནི་འཛམ་གླིང་འདིར་མི་གྲངས་དུང་ཕྱུར་བདུན་ཅུའི་ནང་ནས་ཁྱེད་ལ་སེམས་ཐག་ཉེ་ཤོས་དང་། མི་ཚེ་ཞིག་གི་ཁྱོད་ཀྱི་སྐྱིད་ཡ་སྡུག་རོགས་དང་བདེ་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། ཁྱོད་ཀྱི་འཇིག་རྟེན་གྱི་ཕྱེད་ཀ་ཡང་ཡིན།

ཕྱོགས་འགའ་ཤས་ནས་འགྲོ་བ་མི་རྣམས་ཁྱི་དང་དུད་འགྲོ་ལས་ཀྱང་བཟང་སྤྱོད་ཞན་པ་ཡོད། སེམས་ཅན་ཁྱི་རྣམས་རང་གི་བདག་པོ་སོགས་མི་དང་འདྲིས་ཕྱོགས་སུ་གྱུར་ཚར་ན། ཕན་ཚུན་བརྩེ་སེམས་ལ་འགྱུར་བ་གཏན་ནས་མི་འགྲོ་བ་དང་། དེ་བཞིན་བོད་ཀྱི་འབྲོག་པ་ཚོས་དགོང་མོར་རྡང་གྲལ་ངེས་ཅན་གྱི་སྒོ་ནས་འབྲི་གཡག་རྣམས་རྡང་ལ་འདོགས་ཀྱི་ཡོད། འབྲི་གཡག་ཚོས་རང་གི་རྡང་རོགས་དེ་དང་རྒྱག་རེས་གཏན་ནས་མི་རྒྱག་པ་ཡིན། འགྲོ་བ་མི་འདི་དེ་འདྲ་མིན་པར་རང་གི་ཉེ་ཕྱོགས་ཁྱིམ་མཚེས་དང་ལས་རོགས་སོགས་གཤིབ་དགོས་པའི་མི་ལ་སྡང་ཞིང་། དེ་དང་མཛའ་བརྩེའི་འབྲེལ་བ་འགྱུར་ལས་སླ་པོ་ཡོད། ད་ལོ་བཟའ་ཚང་ཡིན་ན་ལོ་རྗེས་མ་བཟའ་འཐོར་དང་། ད་ལོ་གྲོགས་པོ་ཡིན་ན་ལོ་རྗེས་མ་དགྲ་ཟླར་འགྱུར་བ་སོགས་མང་། འཇིགས་མེད་གླིང་པས། ཚེ་སྟོད་གཉེན་ལ་ཚེ་སྨད་དགྲ། །གཉེན་ལ་ཆགས་པ་མ་ཆེ་ཡང་དག་རྣམས། །ཞེས་གསུངས། མ་ཚད་ད་ལྟའི་དུས་སྐབས་འདིར་མི་འགའ་ཞིག་གློ་བུར་ན་ཚ་དང་རྐྱེན་ཆགས་དབང་གིས་ཉམས་ཉེས་སུ་གྱུར་ཏེ། ཡོངས་འབབ་སོགས་ཁེ་ཕན་མེད་པར་གྱུར་ཚེ། དེའི་བུ་ཕྲུག་དང་བཟའ་ཟླ། སྤུན་མཆེད། གྲོགས་པོ་གྲོགས་མོ་འགས་དེ་ལ་རོགས་བྱེད་པ་ལས་ལྡོག་སྟེ། སྔོན་གྱི་མཛའ་འབྲེལ་དོར་བ་དང་། འགའ་ཞིག་གིས་བཟའ་འཐོར་བརྒྱག་པ་སོགས་བྱེད་ཀྱི་ཡོད། འདིའི་རིགས་ནི་འགྲོ་བ་མིའི་རྨང་གཞི་ལྟ་བུ་བྱམས་བརྩེ་དང་ཡ་རབས་ཀྱི་དྲི་མ་ཙམ་ཡང་མེད་པའི་དུད་འགྲོ་ལས་ཀྱང་སྤྱོད་པ་ཞན་པའི་ཐ་ཤལ་ཞིག་ཡིན། སྤྱོད་ངན་འདི་དག་གི་རིགས་ལ་མི་ཀུན་གྱིས་དོ་སྣང་དང་འགོག་རྒོལ་བྱ་དགོས་པ་ཡིན།

གཞན་ཡང་སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་གྱུར། །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་འདི་ཧ་ཅང་བདེན་པ་ཡོད། ང་ཚོས་རང་གི་འདོད་པའི་བདེ་བ་དགྲ་ལྟར་འཇོམས་ཚུལ་གཅིག་ནི། བདེ་བ་འབྱུང་སའི་གཞི་སྟེ། རང་ལས་རྒྱུད་ཐ་དད་པའི་རང་གི་ཉེ་ཕྱོགས་ཀྱི་འགྲོ་བ་མིས་གཙོས་པའི་སྲོག་ཆགས་གཞན་ལ་གནོད་སྐྱེེལ་གྱི་ཡོད་པ་སྔར་བཤད་ཟིན་པ་ལྟར་ཡིན།

བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རྣམས་ཀྱིས་གཙོ་བོ་རང་གི་ནང་མི་ནས་འགོ་བཙུགས་ཏེ་ཉེ་ཕྱོགས་དག་ལ། སེམས་པ་བཟང་པོ་ཞིག་གིས་ཀུན་ནས་བསླངས་ཏེ་ཕན་ཐབས་དང་མཐུན་ཐབས་བྱ་དགོས། དུས་རྒྱུན་ང་ཚོའི་འཚོ་བའི་ཁྲོད་དུ་རང་གི་ཉེ་ཕྱོགས་དང་འབྲེལ་ཕྱོགས་ཀྱི་མི་རྣམས་ཅུང་ཟད་མ་འགྲིགས་པ་རྒྱུ་མཚན་དུ་བཟུང་། དེ་ཉིད་ཕྲག་དོག་དང་ཆགས་སྡང་སོགས་ཀྱིས་སྒྲོ་བཏགས་སྣ་ཚོགས་བྱས་ཏེ། ཕན་ཚུན་འཁོན་རྩོད་དང་ངན་སྨད་ཀྱི་སྒོ་ནས་འགལ་ཟླ་སློང་། ཐ་ན་འཛིང་རེས་ཡན་ཆོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་རང་གཞན་རོགས་གསུམ་ཚང་མ་མི་སྐྱིད་པ་འགྱུར་འགྲོ་བ་ཡིན། རྒྱུ་རྐྱེན་འདི་དག་ནི་གནས་ལུགས་དང་མཇུག་འབྲས་མང་དག་ཅིག་ཧ་མ་གོ་བའི་ཐོག་ནས་ཡོང་གི་ཡོད།

ལྷག་པར་དཔལ་འབྱོར་གྱི་འགྲན་རྩོད་རྒོད་པའི་དུས་སྐབས། མིའི་སེམས་སུ་དཔལ་འབྱོར་གྱི་འདོད་རྔམ་ལས། ཕན་ཚུན་འགྲན་རྩོད་ཀྱི་བསམ་བློ་ཤུགས་ཆེན་པོ་ཞིག་སླེབས། འདི་ལས་དྲང་བདེན་དང་གུ་ཡངས་ཀྱི་བསམ་བློ་ལ་ཕམ་ཉེས་ཤོར་གྱི་ཡོད། མདོར་ན་ཆགས་སྡང་ལས་བྱུང་བའི་སེམས་ངལ་མང་པོ་ཞིག རང་གི་རྣམ་རྟོག་གིས་རྒྱུ་མཚན་རྫུན་མ་མང་པོ་ཞིག་བཟོ་བཀོད་བྱས་ནས་སྐྱེ་ཡི་ཡོད། དེའི་སེལ་ཐབས་ནི་སེམས་ཁམས་རིག་པའི་གཞུང་ལུགས་ལྟར་རྫུན་མ་དེ་དག་གི་གནས་ལུགས་ཤེས་པར་བྱ་རྒྱུ་དེ་ཡིན། དཔེར་ན། ཀུན་སློང་མ་འགྲིགས་པ་ལས་གཏམ་བརྗོད་མ་འགྲིགས་པ། དེ་ལས་བྱ་བ་མ་འགྲིགས་པ་བཅས་ཡོང་གི་ཡོད་ན། དེ་བཅོས་བསྒྱུར་གཏོང་བ་ལ་ནོར་བ་དག་གི་བྱུང་རིམ་ཤེས་ན་སེམས་ཀྱི་ཀུན་སློང་ངན་པ་དེ་དག་རང་ཞིག་ཏུ་འགྲོ་བ་ཡིན། དཔེར་ན། མི་ཞིག་རྐུ་མ་རེད་སྙམ་ནས་ཁྱོད་རང་དེ་ལ་དགའ་ཡི་མེད་ན། ནམ་ཞིག་མི་དེ་རྐུ་མ་མ་ཡིན་པ་གསལ་པོ་ཧ་གོ་ན། དེ་མ་ཉིད་དུ་མི་དེ་ལ་མ་དགའ་བའི་སེམས་དེ་རང་ཞིག་ཏུ་འགྲོ་བ་འདི། ཡུལ་གྱི་གནས་ལུགས་ཤེས་པ་ལ་བརྟེན་ནས་བློ་ལ་འགྱུར་བ་འགྲོ་ཡི་ཡོད་པའི་དཔེར་བརྗོད་ཡིན་ནོ། །

Related Articles