ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཚིག་གསུམ།

ལམ་བཟང་པོ།

གཅིག      ཁ་ཉིན་དགོང་མོར་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་དཀོན་མཆོག་དགའ་བས་ཁོང་གིས་བྲིས་པའི་རྩོམ་ཞིག་ཝ་ཙེབ་ནང་དུ་བསྐུར་བྱུང་། དེ་ནི་ཉེ་སྔོན་ངས་ཁོང་ལ་རེ་སྐུལ་ཞུས་པའི་༧སྐྱབས་རྗེ་ཞིང་གཤེགས་དམ་པ་རི་དབང་བསྟན་འཛིན་རིན་པོ་ཆེའི་རྗེས་དྲན་གྱི་སྙན་རྩོམ་ཞིག་རེད། དེ་དང་མཉམ་དུ་ཁོང་གིས་ནགས་ལྷའི་སྒྲོན་མེའི་དུས་དེབ་ཀྱི་རྩོམ་དེ་གང་མགྱོགས་དགོས་ཞེས་བདག་ལ་སྐུལ་མ་གནང་སོང་བས། བསམ་མནོ་ཞིག་གཏོང་དུས་བདག་ནི་ཅི་འདྲའི་ལེ་ལོ་ཆེ་ཞིང་འགན་ཁུར་མེད་པ་ལ་ཨང་སྙམ་བྱུང་། གང་ཞེ་ན་ནགས་ལྷའི་སྒྲོན་མེའི་རྩོམ་བསྡུའི་གསལ་བརྡ་བཏང་ནས་ཟླ་བ་མང་པོ་ཕྱིན་པ་མ་ཟད། རྩོམ་བསྡུའི་དུས་ཡུན་ཕར་འགྱངས་བྱས་པ་དེ་ཡང་ཕལ་ཆེར་རྫོགས་ཡོད། དུས་དེབ་འདིའི་ནང་གི་རྩོམ་ཡིག་དེ་སྡེ་ནགས་ཤོད་པའི་ཁོངས་སུ་གཏོགས་པ་ང་ཚོས་འགན་ཁུར་ཏེ་ཁ་མ་བཀང་ན་གཞན་སུས་འགེངས། དེ་སྔོན་ནགས་ལྷའི་སྒྲོན་མེའི་འགན་འཛིན་ལགས་ཀྱིས་རྩོམ་སྐུར་མཁན་དཀོན་པས་དུས་དེབ་ཀྱི་རྩོམ་འདང་དཀའ་བའི་སྐོར་གསུངས་སོང་བས་རང་ལ་ཡང་ངོ་གནོང་པོ་བྱུང་། བདེན་པ་རེད། ཕྲན་གྱིས་ཀྱང་བོད་ལུགས་ལྟར་ནགས་ལྷའི་སྒྲོན་མེའི་རྩོམ་སྒྲིག་གི་ཞབས་ཞུ་ལོ་གསུམ་ཙམ་ཞུས་པ་མ་ཟད། གདང་ལ་རི་བོ་དང་སྔ་འགྱུར་རིག་འཛིན། པདྨའི་རང་མདངས། དེ་མིན་གྱི་དྲྭ་རྒྱ་སོགས་རྩོམ་ཡིག་བསྡུ་འགོད་ཀྱི་ལས་ཀ་བྱས་དང་བྱེད་བཞིན་པ་ཡིན་པས་ཉམས་མྱོང་ཕྲན་བུ་ཡོད།

 

གཉིས། ལས་རིགས་འདི་དག་གི་ཆེད་དུ་དཔལ་འབྱོར་འཚོལ་སྒྲུབ་སོགས་ཀྱི་དཀའ་ངལ་ནི་བཤད་མི་དགོས་པར་ཀུན་གྱིས་ཧ་གོ་དོན་གསལ་ཡིན་རུང་། དེ་ལས་ཀྱང་དཀའ་ལས་ཆེས་ཆེ་བ་ཞིག་ནི་རྩོམ་ཡིག་རེད། རྩོམ་བསྡུའི་གསལ་བརྡ་ཐེངས་གཅིག་ལན་གཉིས་ག་ཚོད་བཏང་ཡང་མི་གཅིག་གཉིས་ལས་མཐོང་གི་མེད་པ་ལྟ་བུར་འཇམ་ཐིང་ཐིང་ཡིན་པས། སླར་ཡང་མི་རེ་ངོ་རེའི་སྒོ་དང་ཁ་པར་ཚང་མ་བརྡུངས་ནས་རྩོམ་སྐུལ་ཞུ་དགོས་པ་ཡིན། དེ་ལྟར་རྩོམ་སྐུལ་ཞུས་ཀྱང་མ་ཁོམ་མ་འགྲིགས་ལུང་པ་གང་བཤད་དེ་རྩོམ་རག་རྒྱུ་ཉུང་། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་རྩོམ་ཡིག་མ་རག་པ་དེ་དུས་དེབ་ཀྱི་ཚེ་སྲོག་དང་འབྲེལ་བ་ཡོད་པས་འགན་འཁྲི་དང་སེམས་ཁྲལ་ཧ་ཅང་ཆེ། དོན་ངོ་མར་གཞིགས་ན་དཔྱད་རྩོམ་འདྲ་ཡིན་ཕྱིན་དུས་ཚོད་འདང་མིན་སོགས་ཀྱིས་ཁག་མེད་ཀྱང་། སྙན་རྩོམ་ལྟ་བུ་ཚིགས་བཅད་ཁ་ཤས་ནི་བསམ་པའི་འཁྱེར་སོ་ཙམ་ལས་ཁ་པར་ལག་དང་འབྲལ་མེད་ཀྱི་ང་ཚོས། ཇ་ཁ་ཆང་ཁ་དང་འགྲོ་ཞོར་སྡོད་ཞོར་དུ་འབྲི་མི་ཐུབ་པ་མེད་པས་དུས་ཚོད་རིང་པོ་གྲོན་མི་དགོས་ལ། མི་བཟོད་མི་ནུས་པའི་དཀའ་ལས་དེ་འདྲ་ཡང་རྒྱག་དགོས་མེད་པ་རེད། ནམ་རྒྱུན་རང་གཞན་གཉིས་ཀར་ཕན་པ་སྣ་གཅིག་མེད་བཞིན་ཁ་པར་སོགས་སུ་དུས་ཚོད་ཅི་ཙམ་ཆུད་ཟོས་གཏོང་བཞིན་ཡོད་ཨང་། དེ་ལྟར་བསམས་ན་ང་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ལ་འགན་ཁུར་དང་ཤ་ཚ། དེ་བཞིན་ཕ་ཡུལ་གྱི་ལ་རྒྱ་དངོས་གནས་ཤིག་ཞེ་ལ་ཡོད་མེད་སོགས་མཛུབ་མོ་རང་ལ་བཙུགས་ཏེ་བློ་ཁ་ནང་དུ་ཕྱོགས་ན་ཐེ་ཚོམ་གྱི་གནས་སུ་མི་འདུག་གམ། མི་གཞན་ལ་ལབ་པར་ང་རང་ཡང་དེའི་གྲས་སུ་གཏོགས་ཀྱང་འགན་འཛིན་ཞིང་གཤེགས་དམ་པ་ཁོང་གི་སྐབས་ནས་ནགས་ལྷའི་སྒྲོན་མེའི་དུས་དེབ་ནང་རྩོམ་མང་ཤོས་འགོད་མཁན་གྱི་རྔན་པ་རག་མྱོང་ཡོད་ལ། ནམ་ཞར་དུ་དེ་འབྲེལ་གྱི་ཞབས་ཞུ་ཕྲན་བུ་རེ་བྱེད་རྒྱུ་བྱུང་བས་ཕྲན་ལེ་ལོ་དང་གཡེང་བ་ཆེ་བའི་ཚོད་ནས་ཨ་གསར་གཅིག་པུར་བྱས་ཏེ་རང་གི་འགན་འཁྲི་རྒྱང་དུ་མ་བསྐྱུར་བའི་དཔང་རྟགས་ཆུང་ཆུང་རེ་སྟོན་དུ་ཡོད་ཟེར་ཡང་མ་ཆོག་པ་མེད།

གསུམ། ནགས་ལྷའི་སྒྲོན་མེའི་འདོན་ཐེངས་དང་པོ་དང་གཉིས་པའི་སྐབས་སུ་རྩོམ་གྱི་སྤུས་ཚད་ཅུང་ཞན་ཡང་འབྲི་མཁན་མང་། དུས་དེབ་མཐུག་དྲགས་ཏེ་མི་གཞན་གྱིས་དུས་དེབ་འདི་ཀི་ལོ་འགྱོག་རྒྱུ་འདྲ་བོ་འདུག་ཅེས་བཤད་མྱོང་། དུས་དེབ་རྗེས་མ་རྗེས་མ་དག་རྩོམ་གྱི་གྲངས་ཀ་ཉུང་ཡང་རྩོམ་གྱི་སྤུས་ཚད་དུས་དེབ་གཞན་གང་དང་བསྡུར་ཡང་གཉའ་ཞུམ་མི་དགོས་པ་ཞིག་ཡོད། རྩོམ་གྱི་སྤུས་ཚད་བཟང་དུ་སོང་བ་ནི་རྩོམ་པ་པོའི་འབྲི་རྩལ་དང་གནས་ཚད་གོང་མཐོར་ཕྱིན་པ་རེད། དུས་དེབ་འདོན་ཐེངས་སྔོན་མ་ཀི་ལོའམ་སྤྱི་རྒྱ་གཅིག་ཙམ་འབྲི་མཁན་ཚང་མ་གང་སྤྱིའི་ཐད་ནས་གནས་ཚད་ཡག་ཏུ་ཕྱིན་ངེས་ཀྱང་། ད་ཆར་མང་པོ་ཞིག་ཁུ་སིམ་སིམ་དུ་འགྲོ་བཞིན་འདུག་པ་ནི་འཚོ་བའི་བྲེལ་ཟིང་དང་འབྲེལ་སྲིད་མོད། སྙན་རྩོམ་ལྟ་བུའི་ཡིག་ཚོགས་ཐུང་ངུ་ཞིག་འབྲི་བའི་དུས་ཚོད་མེད་ཟེར་ན་འགན་ཁུར་མིན་གྱི་སྐད་ཆ་རེད་མ་གཏོགས། དུས་ཚོད་དེ་ལས་མང་བ་དོན་མེད་དུ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གཏོང་གི་ཡོད་པ་སོམ་ཉི་ག་ལ་དགོས། ངེས་དགོས་པ་ཞིག་ལ་ནགས་ལྷའི་སྒྲོན་མེའི་དུས་དེབ་ནི་རྩོམ་འབྲི་མཁན་དམིགས་བསལ་རེ་ཟུང་ལས་དེ་མིན་ནགས་ཤོད་འབྲི་རུ་བ་ཁོ་ན་ཡིན་པས་དུས་དེབ་གཞན་དང་མི་འདྲ་བའི་རིན་ཐང་དང་ཁྱད་ཆོས་ཡོད་ལ་ཉེན་ཁ་ཡང་ཡོད། ཉེན་ཁ་ནི་དུས་དེབ་འདིའི་དབུགས་ཐག་ཅི་ཙམ་བསྲིང་མིན་དེ་ནགས་ཤོད་འབྲི་རུ་བ་ཁོ་ནར་རག་ལས་ཡོད་པས་རེད།

བཞི།    དེས་ན་ང་ཚོས་སྔོན་ཆད་ཀྱི་གྲུབ་འབྲས་དང་སྤོབས་པ་ཡིད་ལ་སྒོམ་བཞིན་ཕྱིན་ཆད་ཀྱི་མདུན་སྐྱོད་ལ་ལྷོད་གཡེང་མ་གཏོང་རོགས། ང་ཚོ་མི་རེ་ངོ་རེས་རང་འགན་རང་ཁུར་གྱིས་དུས་ཚོད་སྐར་མའི་ཆ་ཤས་བཀོལ་ཏེ་ནགས་ལྷའི་སྒྲོན་མེའི་ཚེ་སྲོག་སྲུང་དགོས། ནགས་ལྷའི་སྒྲོན་མེ་ནི་རང་མི་རིགས་ཀྱི་ངོ་བོ་དང་མཚོན་དོན་གྱི་བསྡུས་གཟུགས་དེ་ཡིན་ལ། རིགས་ལ་ཞེན་པ་དཀར་ཞིང་སྡེ་ནགས་ཤོད་པའི་ཤེས་རིག་གི་སྣེ་ཁྲིད་སྐུ་གཤེགས་དམ་པ་ཁོང་གི་སྐུ་ཚབ་ཀྱང་ཡིན། ཕ་ཡུལ་ནགས་ཤོད་འབྲི་རུའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། མི་ཡུལ་ནས་འོད་ཀྱིས་འཚེར་བའི་གདོང་དམར་བོད་ཀྱི་ཤེས་རིག་གི་ནོར་བུ་ཡང་ཡིན། རང་གི་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ཁ་བ་གངས་ཅན་པའི་རིགས་སུ་གཏོགས་པའི་སྐྱེ་བོ་དུ་མ་ཞིག་གི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ས་དང་བྱ་མིག་ཡར་ལྟ་བྱེད་ས་དེ་ཡང་ཡིན་པར་བརྟེན། ང་ཚོས་རང་གི་རིག་གཞུང་དང་སྐད་ཡིག ནགས་ལྷའི་སྒྲོན་མེའི་ཚེ་སྲོག་དང་། ཕ་ཡུལ་གྱི་ལ་རྒྱ་བཅས་ཞེ་ལ་བཅངས་ཏེ་དུས་དེབ་འདིའི་ཚེ་སྲོག་རིང་དུ་གནས་པར་འབད་རྒྱུ་ནི་སྡེ་ནགས་ཤོད་པ་ཡོངས་ཀྱིས་དུས་དང་བསྐལ་པ་ཇི་ལྟར་ངན་ཡང་འདོར་མི་འོས་པའི་འགན་འཁྲི་གསོན་པོ་ཞིག་ཡིན། ངས་རྩོམ་སྐུལ་དང་འབྲེལ་བའི་སྐད་ཆ་དུམ་བུ་འདི་ནགས་ལྷའི་སྒྲོན་མེ་དང་ནགས་ཤོད་འབྲི་རུ་བ་ཁོ་ནར་སྦྱར་ཏེ་བཤད་པ་འདྲ་ཡང་། དོན་དུ་དཀའ་ངལ་འདི་བོད་ཡིག་དུས་དེབ་འདོན་མཁན་གྱིས་མཚོན་བྱ་བ་འདི་རིགས་སྒྲུབ་མཁན་ཚང་མར་གཅིག་མཚུངས་ཡིན་པས། རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་པའི་རང་རེ་ཁ་བ་རི་པའི་སྨྱུག་འཛིན་པ་ཀུན་གྱིས་ཐུགས་ལ་འཛིན་རོགས་ཞེས་འབོད་དོ། །

Related Articles