བག་དྲོ་དང་ནག་མོ།

དཀོན་མཆོག་རབ་བརྟན།

ཡ་རབས་མ་རབས་སྤྱོད་པས་ཤེས།  ལུང་པ་གང་ཡིན་སྐད་ཀྱིས་ཤེས། བོད་ཀྱི་གཏམ་དཔེ། 

བག་དྲོ་ནི་ཕ་མའི་ཁ་ལ་ཉན་མཁན་གྱི་བུ་མོ་ཡ་རབས་ཤིག་ཡིན།  མོ་རང་ད་ལོ་ལོ་བརྒྱད་ཡིན་ཞིང་གད་མོ་དགོད་དུས་སམ་འཛུམ་སྟོན་སྐབས།  མདུན་སོ་བུད་པའི་བར་སྟོང་ནག་ཁུང་ངེར་མཐོང་མོད།  འོན་ཀྱང་མི་ཚང་མས་མོའི་སྙིང་རྗེ་བའི་འཛུམ་མདངས་ལ་དགའ་པོ་བྱེད་ལ།  ཁོ་ཚོས་མོའི་བྱི་རུ་ལྟར་དམར་བའི་འགྲམ་པར་བྱིལ་བྱིལ་བྱེད་ཀྱིན”ཅི་འདྲའི་ཤ་ཚ་བའི་བུ་མོ་ཞིག་རེད་ཨང་”ཞེས་བཤད་པ་དང་།  དེ་དུས་མོས་གཟི་མིག་བཞིན་དྭངས་པའི་མིག་ཟུང་ཅུང་ཟད་ཇེ་ཆུང་དུ་སོང་ནས་སླར་ཡང་ཁོ་ཚོ་ལ་ཆེས་གཅེས་སྙིང་འདོད་པའི་འཛུམ་རེ་སྟོན་སྐབས།  ཁོ་ཚོས་སོ་སོའི་ཕྲུ་གུའི་ཆེད་དུ་ཉོས་པའི་དབྱུག་པ་བྱི་རིལ་ཡང་སྟོད་ཐུང་གི་གློ་ཁུག་ནས་བཏོན་ཏེ་མོ་ལ་སྟེར་འཆོར་འགྲོ མོས་ཀྱང་ངོ་ཚ་དང་གུས་ཚུལ་འདྲེས་མའི་ངང་ཚུར་བརྐྱངས་པའི་ལག་ནས་དབྱུག་པ་བྱི་རིལ་དེ་བླངས་ནས་ཐུགས་རྗེ་ཆེ་ཞུས་རྗེས། 

མཆོང་མ་ལྡིང་གིས་རྩྭ་ཐང་སྟེང་གྲམ་པའི་བེའུ་ལུག་བེའུ་དང་ལུ་གུགི་ཕྱོགས་སུ་རྒྱུགས་འགྲོ་བ་དང་།  དབྱུག་པ་བྱི་རིལ་སྤྱིན་མཁན་གྱི་མི་རྒན་ཚོས་མོའི་རྒྱབ་ཏུ་བསྡམས་པའི་སྐྲ་ལོ་ཐུང་ཐུང་དེ་ཕྲག་མགོ་གཡས་གཡོན་དུ་རྡེབ་པར་ལྟ་བཞིན”བུ་མོ་ཡ་རབས་ཤིག་རེད་ཨང་”ཞེས་སྨྲས་ཏེ་མགོ་བོ་ལྡེམ་ལྡེམ་བྱེད་ཀྱི་ཡོད། 

མོ་ལ་དགའ་མཁན་ནི་མི་རྒན་དེ་དག་ཁོ་ན་མ་ཡིན།  མོས་བེའུ་ལུག་འཚོ་སའི་རྩྭ་ཐང་སྟེང་གི་སྲོག་ཆགས་ཆེ་ཆུང་ཚང་མས་མོ་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད།   བེའུ་ལུག་རྣམས་ཀྱིས”བེའུ་ལུག་རྫི་བོ་གཞན་ལྟར་བག་དྲོས་ང་ཚོའི་སྒྱིད་པར་འུར་ལྕག་མི་གཞུ་བ་དང་།  སྒལ་བར་རྡོ་རིལ་མི་ཐེབ་པ་ང་ཚོས་ཀྱང་མོ་ལ་དཀའ་ངལ་གཏོད་མི་རིགས”ཟེར་ནས་ཐག་རིང་ས་དང་རི་རྩེར་མི་འགྲོ་བར་བརྟེན།  མོས་ཉིན་ལྟར་རྩྭ་ཐང་སྟེང་དལ་དལ་ལྷོད་ལྷོད་ཀྱིས་རྩེད་མོ་སྣ་ཚོགས་བརྩེས་ནས་འདུག་ཆོག

རྩྭ་ཐང་སྟེང་ལྷེབ་ལྷེབ་ཏུ་འཕུར་བཞིན་པའི་ཕྱེ་མ་ལེབ་ཚོས་ཀྱང”བྱིས་པ་གཞན་དག་དང་མི་འདྲ་བར་བག་དྲོས་ང་ཚོ་ལག་ཏུ་བཟུང་ནས་གཤོག་པ་མི་བསྣད་པས།  མོ་ནི་འཇིག་རྟེན་སྟེང་གི་བྱིས་པ་བཟང་ཤོས་དེ་རེད”ཅེས་སྨྲས་ནས་སྐྲག་སྣང་དང་འཛེམ་དོགས་མེད་པར་མོའི་གཡས་གཡོན་དུ་ལྷེབ་ལྷེབ་འཕུར་བ་མ་ཟད།  མཚམས་མཚམས་སུ་མོས་འགྲམ་པ་དམར་པོ་ལག་ངར་ཐོག་བསྙེས་ནས་རྩྭ་ཐང་སྟེང་ཁ་སྦུབ་ཏུ་ཉལ་ཡོད་དུས།  ཁོ་ཚོ་མོའི་ནམ་མཁར་ཀེར་བའི་རྐང་པའི་སྟེང་དང་།  ཕྲག་མགོའི་ཐོག་བབས་ནས་ཡུན་རིང་ངལ་གསོ་བྱེད། 

དེ་བཞིན་ཁ་མུག་མུག་གིས་རྩྭ་རྩེ་འཐོག་རྒྱུར་བྲེལ་བའི་ཨ་བྲ་རྣམས་ཀྱིས་ཀྱང”བག་དྲོ་བྱིས་པ་གཞན་དང་མི་འདྲ།  མོས་ང་ཚོའི་ཁུང་བུའི་ནང་ཕུ་བརྒྱབས་ནས་ང་ཚོ་བཟུང་རྗེས།  སྙིང་རྗེ་མེད་པར་རྒྱུགས་ཆུའི་ནང་མི་གློད”ཟེར་ནས་མོ་ཡོང་དུས་ཁུང་དུ་མི་འཛུལ་རྩྭ་རྩེ་འཐོག་གིན་སྡོད། 

ད་རུང་ནམ་མཁའི་བྱ་དང་བྱིའུ་རྣམས་ཀྱིས་ཀྱང”བག་དྲོས་འགྱིག་མདའ་འཕངས་ནས་ང་ཚོ་མི་གསོད་ལ།  ང་ཚོའི་ཚང་གཏོར་ནས་སྒོ་ང་རྣམས་རྡོ་ཐོག་ཏུ་མི་རྡེབ་སྟབས།  མོ་ནི་ང་ཚོའི་གྲོགས་པོ་རེད”ཟེར་ནས་མོའི་ཉེ་འཁོར་དུ་བབས་ཏེ་དགྱེ་དགྱེ་སྒུ་སྒུས་རྒུམ་བུ་སྒྲུག་གི་ཡོད་པ་མ་ཟད།  སྐབས་སྐབས་སྙིང་རྗེ་བའི་བྱིའུ་འགའ་མོའི་ལག་མཐིལ་དུ་བབས་ནས་ཕྲན་ཙམ་བསྡད་རྗེས།  ཡང་བར་སྣང་དུ་འཕུར་གྱི་ཡོད། 

དེ་ལྟར་མི་རྒན་གཞོན་དར་གསུམ་དང་སྲོག་ཆགས་ཆེ་འབྲེང་ཆུང་གསུམ་ཚང་མས་བག་དྲོ་ལ་དགའ་མོས་ཚད་མེད་བྱེད་པའི་ཐོག མོ་ནི”བྱིས་པ་ཡ་རབས་ཤིག”ཡིན་པའི་སྙན་གྲགས་ཁོ་ཚོའི་གྲོང་ཚོ་དང་ཉེ་འཁོར་གྱི་གྲོང་ཚོ་ཡོངས་ལ་ཁྱབ་པས།  ནག་མོའི་སེམས་ལ་ཕྲག་དོག་ཆེན་པོ་ལངས་ནས་མི་སྐྱིད་པར་གྱུར།  འོ།  མོ་ནི་བག་དྲོ་དང་གྲོང་ཚོ་གཅིག་པའི་བུ་མོ་ཞིག་རེད་ལ།  མོའང་ལོ་བརྒྱད་ཡིན་ཞིང་མདུན་སོ་རྣམས་མཐོང་ཡུལ་དུ་མེད། 

མོ་ནི་བག་དྲོ་ལས་ཡོངས་སུ་ལྡོག་པའི་བུ་མོ་མ་རབས་ཤིག་རེད།  མོའི་ཕྲན་ཙམ་མཐོ་དམའ་ཤོར་བའི་མིག་གཉིས་ཀྱིས་མིག་ལོག་ཁོ་ན་ལས་ལྟ་མི་ཤེས་པའི་ཁར།  ཅུང་འགྲིག་མ་འགྲིག་བྱུང་མ་ཐག་རྒན་གཞོན་མེད་པར”ཐུའུ”ཞེས་མཆིལ་མ་འདེབས་པ་དང་།  མོ་རང་ལས་ལྡབ་ལོགས་ཀྱིས་ཆེ་བའི་དམོད་ཚིག་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན།  རྒན་པ་ཚོས་སོ་སོའི་བྱིས་པར”ནག་མོ་དང་ལྷན་དུ་འགྲོགས་མི་ཉན”ཞེས་ཁ་ཏ་བསླབ་བྱ་རྒྱག་གི་ཡོད།

ནག་མོ་གང་དུ་ཕྱིན་ཡང་མི་ཚང་མས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད།  རྒྱུ་མཚན་ནི་མོས་གཉིད་ཁུག་པའི་བྱིས་པ་དམར་འབྱར་ཚོའི་འགྲམ་པར་ཤ་གཅུས་བརྒྱབས་ཏེ་ངུ་སྐད་ལྷང་ངེར་འཇོག་པ་དང་།  ཕ་མ་གཉིས་བལྟས་མེད་པའི་སྐབས་དང་བསྟུན་ནས་ཁྱིམ་དུ་བསླེབས་པའི་མགྲོན་པོའི་ཇ་ཕོར་ནང་མཆི་མ་བླུགས་པ།  རྩྭ་ཐང་སྟེང་སྒོར་མོར་བཅས་པའི་བྱིའུ་ཚང་རྣམས་མ་མཐོང་ཁུལ་བགྱིས་ནས་ཆེད་མངགས་བརྫིས་ཏེ་སྒོ་ང་བཙིར་བ།  ཤུགས་ཅི་ཡོད་བཀོལ་ནས་བེའུ་ལུག་ཚོའི་སྒྱིད་པར་འུར་ལྕག་གཞུ་བ་སོགས་མ་རབས་ཐ་ཤལ་གྱི་ལས་ཅི་དང་གང་སྒྲུབ་པའི་གོ་སྐབས་དམ་འཛིན་བྱེད་ཀྱི་ཡོད། 

ནག་མོས་མི་རྒན་པ་ཚོས་བག་དྲོའི་མགོ་ལ་བྱིལ་བྱིལ་བྱས་ནས་དབྱུག་པ་བྱི་རིལ་སྟེར་མོད།  འོན་ཀྱང་མོ་ལ་མིག་ལོག་དང་གཤེ་གཤེ་ལས་མི་སྟེར་བ་དང་།  སྲོག་ཆགས་རྣམས་བག་དྲོའི་ཉེ་སར་འཁོར་ནས་རྩེད་འཇོ་ལ་རོལ་རོགས་བྱེད་ཀྱང་མོ་རང་སླེབ་དུས་རྒྱང་དུ་བྲོས་འགྲོ་བ་མཐོང་དུས།  མོའི་སེམས་ཀྱི་གནག་སེམས་དང་ཕྲག་དོག་ཇེ་ཆེར་ཕྱིན་ནས་བག་དྲོ་མེད་པ་བཟོ་བའི་བསམ་བློ་འཁོར།  མོས་བག་དྲོ་མེད་པར་བཏང་ན།  རྒན་པ་ཚོ་ལ་བྱི་རིལ་སྟེར་ས་མེད་པ་དང་།  སྲོག་ཆགས་རྣམས་ཀྱང་རྩེད་རོགས་མེད་པར་གྱུར་སྟབས།  རྒན་པ་ཚོས་མོ་རང་གི་མགོ་ལ་བྱིལ་བྱིལ་བགྱིས་ནས་བྱི་རིལ་སྦྱིན་པའི་ཐོག བྱིའུ་ཆུང་དང་ཕྱི་མ་ལེབ་རྣམས་ཀྱང་རང་ཉིད་ཀྱི་ལམ་མཐིལ་དུ་བབས་ནས་རྩེད་རོགས་བྱེད་སྲིད་བསམས།  རེད།  ནག་མོའི་སེམས་པ་དེ་འདྲའི་གནག་ཀྱང་སེམས་གཏིང་ནས་རྒན་པ་ཚོས་མོ་ལ་བག་དྲོ་ལྟར་བྱམས་བྱམས་དང་།  སྲོག་ཆགས་ཚོས་མོ་དང་ལྷན་དུ་རྩེད་རོགས་བྱས་ན་ཅི་མ་རུང་སྙམ་ཡོད།  མོས་བག་དྲོ་མེད་པར་བཟོ་འདོད་པའི་རྒྱུ་མཚན་གཙོ་བོའང་དེར་ཐུག་ཡོད། 

ནག་མོས་བག་དྲོ་མེད་པ་བཟོ་བའི་ཐད་ལ་བསམ་བློ་རྒྱུན་རིང་བཏང་ཡང་།  ཐབས་ལམ་ཡག་པོ་ཞིག་སེམས་སུ་མ་འཁོར་བར་ཉིན་མང་པོ་འདས།  འོན་ཀྱང་ཉིན་ཞིག་ལ་མོ་རང་སོ་སོའི་བེའུ་རྣམས་ཀྱི་ཉེ་འགྲམ་ན་གན་རྐྱལ་དུ་ལོག་སྟེ་ཅུང་ཉོབ་སྣང་ངང་གནམ་སྔོན་པོའི་འོག་ནས་སྤྲིན་པ་དཀར་པོ་འགའ་ག་ལེར་རྒྱུ་བཞིན་པར་ལྟ་བཞིན་ཡོད་ཙ་ན།  གློ་བུར་དུ་གར་བྱུང་མི་ཤེས་པའི་བྱ་གླག་ཆེན་པོ་ཞིག་འུར་སྒྲ་དང་མོའི་མགོ་ཐོག་ནས་ཕར་བཞུར་བ་དང་།  བྲག་དམར་རྟ་སོའི་ཕྱོགས་སུ་འཕུར་སོང་བ་མཐོང་བས།  དེ་འཕྲལ་མོའི་སེམས་སུ་བག་དྲོ་མེད་པ་བཟོ་ཐབས་ཤིག་འཁོར་བྱུང་།  དེ་བས་མོ་ལམ་སེང་བག་དྲོ་འཚོལ་དུ་ཕྱིན། 

བག་དྲོ་ནམ་རྒྱུན་ལྟར་རྩྭ་ཐང་སྟེང་ཁ་སྦུབ་ཏུ་ལོག་ནས་འདུག་ཅིང་།  ཉེ་འཁོར་ན་མོའི་བེའུ་རྣམས་རྩྭ་ལ་གྲམ་འདུག ནག་མོ་བག་དྲོའི་འགྲམ་དུ་སླེབ་གྲབས་ཡོད་དུས།  མོས་བག་དྲོའི་སྒལ་གཞུང་དུ་བབས་པའི་ཕྱི་མ་ལེབ་ཁྲ་ཁྲ་གཉིས་པོ་དེ་རྒྱང་དུ་བྲོས་པ་མཐོང་བ་མ་ཟད།  བག་དྲོས་རྒན་པ་ཚོས་བྱིན་པའི་དབྱུག་པ་བྱི་རིལ་ཞིག་ཁ་ནང་དུ་བཅུག་ནས་མེ་ཏོག་གི་མགོ་རྒྱན་བཟོ་བཞིན་འདུག མོའི་སྤང་ལ་ཐུག་པའི་བྲང་ཁའི་མཚམས་སུ་མེ་ཏོག་སྣ་ཚོགས་ཤིག་སྤུངས་འདུག

”གྲོགས་མོ་བཟང་པོ་བག་དྲོ།  ཁྱོད་འདིར་ཅི་བྱེད་ཀྱིན་ཡོད།  ངས་ཁྱོད་བཙལ་ནས་ཡུན་རིང་ཕྱིན་སོང་། ” ནག་མོས་སེམས་ཁྲལ་དང་སྐྱོ་བའི་རྣམ་འགྱུར་བཅོས་མ་ཞིག་བསྟན་ནས་བག་དྲོའི་གམ་དུ་མར་འདུག་ཞོར།  བྲེལ་འཚབ་ལངས་པའི་ཚུལ་གྱིས་དེ་ལྟར་སྨྲས། 

”ངས་མེ་ཏོག་གི་མགོ་རྒྱན་བཟོ་བཞིན་ཡོད།  ཁྱོད་ཀྱིས་ང་བཙལ་ནས་ཅི་བྱེད་དམ།  གནས་ཚུལ་མ་ལེགས་པ་འདྲ་ལྷག་མ་སོང་ངམ། ” བག་དྲོས་མེ་ཏོག་རྣམས་ཐང་དུ་བཞག་སྟེ་ནག་མོའི་ངོ་གདོང་ལ་བལྟས་ནས་ལྷག་བསམ་རྣམ་དག་གིས་དྲིས།   དེར་ནག་མོས”དཔེ་བསགས་སོང་།  ངའི་བེའུ་དཀར་པོ་དེ་བྱ་གླག་ཆེན་པོ་ཞིག་གིས་ཁུར་སོང་བས།  ང་རང་ཡུལ་པོ་དང་སེམས་སྐྱོ་ནས་་ཁྱོད་འཚོལ་དུ་ཡོང་བ་ཡིན། ”ཞེས་ཤིན་ཏུ་སྐྱོ་མདོག་གིས་བཤད་པ་མ་ཟད།  མགོ་བོ་མར་སྒུར་ནས་ངུ་ཁུལ་བྱེད་པ་དང་སྦྲགས་ལྡག་མཛུབ་ཁ་ནང་དུ་བརྒྱབས་ནས་མཛུབ་རྩེས་མཆིལ་མ་ཅུང་ཙམ་བཅུས་ནས་མིག་ཟུར་དུ་བསྐུས་རྗེས།  ”འུན་འུན་འུན”ཞེས་སྐད་བརྒྱབས། 

”གྲོགས་མོ་ལགས།  ཁྱོད་མ་ངུ་དང་།  ཁྱོད་ལ་ཁག་མི་འདུག་ཀྱང་ངུས་པ་ཡིས་ཕན་ཐོགས་ཅི་ཡང་མེད།  སེམས་ལྷོད་ལ་ཕབ་ནས་ཅི་བྱུང་གི་གནས་ཚུལ་གསལ་པོར་ཤོད་དང་། ” བག་དྲོས་ནག་མོའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་སེམས་གསོ་བྱེད་ཞོར་དེ་ལྟར་སྐད་ཆ་དྲིས། 

”གྲོགས་མོ་བཟང་པོ།  ང་མི་ངུ་བ་ག་ལ་སྲིད།  ཕྲན་ཙམ་གྱི་གོང་དུ་བྱ་གླག་ཆེན་པོ་ཞིག་འུར་སྒྲ་དང་ཡོང་ནས་ངེད་ཚང་གི་བེའུ་དཀར་པོ་དུང་དང་འདྲ་བ་དེ་ཁུར་ཏེ་རྒྱང་དུ་འཕུར་སོང་།  ཀྱི་ཧུད།  བེའུ་དེ་ནི་ངའི་རྩེད་རོགས་བཟང་ཤོས་ཡིན།  ད་ནི་ང་རང་ཚར་སོང་། ཚར་སོང་། ” ནག་མོས་དེ་ལྟར་ལན་བཏབ་པ་དང་བྲང་ཁར་ཁུ་ཚུར་གཞུས་ནས་སྔར་བས་ཀྱང་ཆེ་བའི་སྐྱོ་ཉམས་ཤིག་བསྟན། 

ནག་མོའི་སྐྱོ་བ་དང་སྡུག་བསྔལ་དེ་སེམས་པ་བཟང་བའི་བག་དྲོའི་བཟོད་མ་ཐུབ་པར་སེམས་འཚབ་ཆེན་པོ་ལངས་པ་དང་།  “དེ་འདྲ་ཡིན་ན་ཁྱོད་ཀྱིས་བེའུ་འཁྱེར་མཁན་གྱི་བྱ་གླག་དེ་ཕྱོགས་གང་དུ་འཕུར་བ་མཐོང་བྱུང་ངམ།  གལ་སྲིད་དེ་མཐོང་བ་ཡིན་ན་ངེད་གཉིས་བེའུ་དཀར་པོ་འཚོལ་དུ་འགྲོ་ཆོག”ཅེས་སྨྲས། 

“ངས་བྱ་གླག་དེ་གང་དུ་འཕུར་བ་བལྟས་པ་ཡིན།  དེ་ཕུ་ཡི་བྲག་དམར་རྟ་སོའི་ཕྱོགས་སུ་འཕུར་སོང་།  འོན་ཀྱང་ང་གཅིག་པུས་དེའི་རྗེས་སྙེག་ཕོད་མ་བྱུང་། ” ནག་མོས་ངུ་སྐད་ཀྱིས་བཤད་མོད།  འོན་ཀྱང་སེམས་སུ“ད་ནི་ངའི་ཐབས་ཇུས་དེ་ལེགས་འགྲུབ་བྱུང་སོང”སྙམ་ནས་ཁོག་འཛུམ་འཆོར་གྱིན་ཡོད། 

“ཨ་ཙི།  དེ་འདྲ་ཡིན་ན་ངེད་གཉིས་ད་ལྟ་རང་འཚོལ་དུ་འགྲོ མགྱོགས་མྱུར་མ་ཕྱིན་ན་བྱ་གླག་དེས་བེའུ་དཀར་པོ་བསད་དེ་ཟོས་ཚར་ངེས། ” བག་དྲོས་དེ་ལྟར་བཤད་དེ་འཕྲལ་མལ་ཡར་ལངས་ནས་འགྲོ་བའི་གྲ་སྒྲིག་བྱས། 

དེ་ལྟར་བག་དྲོ་དང་ནག་མོ་གཉིས་འཕྲལ་དུ་ལམ་ལ་ཆས་ཤིང་།  བུ་མོ་གཉིས་རྩྭ་ཐང་སྟེང་ནས་བྲག་དམར་རྟ་སོའི་ཕྱོགས་སུ་གོམ་སྟབས་བྲེལ་མོས་རྒྱུ་བཞིན་པའི་ཚེ་ན།  ཕྱེ་མ་ལེབ་ཁྲ་ཁྲ་འགའ་བག་དྲོའི་རྐང་པའི་མདུན་དུ་བབས་ནས“རྩེད་གྲོགས་བཟང་པོ།  ཁྱོད་གཏན་ནས་འགྲོ་མི་ཉན།  ཁྱོད་ནག་མོའི་གཡོ་འོག་ཏུ་ཚུད་གྲབས་འདུག”ཅེས་བརྗོད་དེ་མོ་འགོག་ཐབས་བགྱིས་མོད།  འོན་ཀྱང་བག་དྲོའི་སེམས་ན“བེའུ་དཀར་པོ་ད་ལྟ་གསོན་པོ་ཨེ་ཡིིན། ”དང་“གལ་སྲིད་ཡིན་ན་ཇི་ལྟར་བསྐྱབ་དགོས་སམ། ” “བྱ་གླག་གིས་བཟས་ཚར་ན་ཅི་བྱ་དགོས་སམ”སྙམ་པའི་བསམ་བློ་དང་སེམས་ཁྲལ་གྱིས་ཁེངས་ཡོད་པས།  ཕྱེ་མ་ལེབ་དེ་དག་ལ་དོ་སྣང་མ་བྱུང་བར་རྐང་པས་བརྫི་གྲབས་བྱས་ནས་རྒྱུགས་པས།  ཕྱི་མ་ལེབ་རྣམས་ཀྱང་མི་གཟུར་རང་གཟུར་ཁེལ་ཞིང་ཕྲན་ཙམ་ལ་མོའི་རྗེས་སུ་རྒྱུགས་རྗེས།  སེམས་སྐྱོ་བའི་ངང་བུ་མོ་ཆུང་ཆུང་རིངས་པར་བྲག་དམར་རྟ་སོའི་ཕྱོགས་སུ་འགྲོ་བའི་རྒྱབ་གཟུགས་ལ་ཅེར་ནས་ལུས། 

ད་རུང་ནག་མོའི་བེའུ་དཀར་པོ་དེ་རྩྭ་ཐང་གི་ཟུར་ཞིག་ན་རྩྭ་ལ་རོལ་བཞིན་བསྡད་ཡོད་པ་དང་།  དེས་མོ་གཉིས་གང་དུ་འགྲོ་བཞིན་ཡོད་དམ་ཞེས་འདྲི་བ་ལྟར་རྩྭ་ཟ་མཚམས་བཞག་སྟེ་སྤུར་གྱེན་དུ་འགྱོག་ཙམ་འགྱོག་ཙམ་བྱས་ནས་རིངས་པར་བྲག་དམར་རྟ་སོའི་ཕྱོགས་སུ་འགྲོ་བཞིན་པའི་བུ་མོ་གཉིས་ལ་བལྟས་ཀྱང་།  གང་མགྱོགས་བྲག་དམར་རྟ་སོར་ཕྱིན་ནས་བེའུ་དཀར་པོ་འཚོལ་རྒྱུ་ཁོ་ནར་བྲེལ་བའི་བག་དྲོས་དེ་ག་ལ་མཐོང་ཐུབ། 

ཆུ་ཚོད་གསུམ་ཙམ་གྱི་རིང་ལ་བུ་མོ་གཉིས་ངལ་ཙམ་ཡང་མ་གསོས་པར་ཕྱིན་མཐར་བྲག་དམར་རྟ་སོའི་མདུན་དུ་འབྱོར།  བུ་མོ་གཉིས་ཀའི་དཔྲལ་བར་དབྱར་གྱི་ལོ་མའི་ཟིལ་པ་དང་མཚུངས་པའི་རྔུལ་ཆུའི་ཐིགས་པ་འགའ་འགྲིལ་འདུག་པ་མ་ཟད།  བག་དྲོའི་བྱུ་རུའི་འགྲམ་པ་དུས་རྒྱུན་ལས་ཀྱང་དམར་པོར་གྱུར་འདུག ད་དུང་ལམ་བར་དུ་འཕྲད་པའི་རྒྱུགས་ཆུ་དེ་བརྒལ་སྐབས།  སྔོ་ཞིང་འཇམ་པའི་ཆུ་རྡོ་དེའི་ཐོག་ནས་འདྲེད་བརྡར་ཤོར་ཏེ་གཉིས་ཀའི་རྐང་པ་ཆུ་ནང་དུ་ལྷུང་སྟབས།  བུ་མོ་གཉིས་ཀའི་གོས་སྣེ་དང་ཀོ་ལྷམ་བརླན་འདུག

“བྱ་གླག་དེའི་ཚང་ཏན་ཏན་བྲག་རི་འདིའི་ངོས་སུ་ཡོད།  རྒན་པ་ཚོའི་ངག་ནས་ངས་རེའུ་ལུག་འཁྱེར་མཁན་གྱི་བྱ་གླག་དང་མི་ཤ་ཟ་མཁན་གྱི་བྱ་རྒོད་ཚོའི་ཚང་ཕུ་ཡི་བྲག་དམར་རྟ་སོར་ཡོད་ཟེར་བ་གོ་མྱོང་།  ཡིན་ན་ཡང་ངེད་གཉིས་ཇི་ལྟར་བྲག་ངོས་སུ་འཛེགས་དགོས་སམ། ” བག་དྲོས་མགོ་གྱེན་དུ་བཏེགས་ཏེ་ཡར་བྲག་དམར་རྟ་སོར་ལྟ་བཞིན་ནག་མོ་ལ་དྲིས།  ངོ་མ་བྲག་རི་འདི་ལ“བྲག་དམར་རྟ་སོ”ཞེས་ཐོག་མར་འདོགས་མཁན་གྱི་མི་དེ་རི་མིང་འདོགས་པར་མཆོག་ཏུ་གྱུར་བ་ཞིག་ཡིན་པ་འདྲ་སྟེ།  བུ་མོ་ཆུང་ཆུང་གཉིས་ཀྱི་མདུན་དུ་ཀྲོང་ངེར་འགྱིངས་པའི་བྲག་རི་དེ་ནི་ཚོན་རྩི་དམར་སྐྱ་བྱུགས་པའི་རྟ་སོ་ཆེན་པོ་ཞིག་ས་ངོས་ནས་ཡར་བསླངས་པ་དང་མཚུངས་ཤིང་།  བྲག་ངོས་ཧ་ཅང་སྙོམས་ཤིང་གཟར་བ་དང་མཐོ་དྲགས་པས་རྩེ་མོ་ཧ་ལམ་སྤྲིན་དཀར་གྱི་གསེང་དུ་ཟུག་འདུག

བྲག་རིའི་རྩེ་མོར་འཁྱིལ་བའི་སྤྲིན་དཀར་ཁྲོད་དུ་བྱ་གླག་ནག་པོ་ཆེན་པོ་ཞིག་བུ་མོ་གཉིས་ལ་སོ་ལྟ་བྱེད་པ་ལྟར་ལྡིང་འཁོར་འགའ་བརྒྱབས་རྗེས།  བྲག་རིའི་རྒྱབ་ཏུ་འཕུར་ནས་ཕྱིར་མ་ལོག དེ་ནི་ཕལ་ཆེར་བེའུ་དཀར་པོ་འཁྱེར་མཁན་གྱི་བྱ་གླག་དེའམ་དེའི་སོ་པ་ཡིན་པར་སྣང་། 

“ངེད་གཉིས་བྲག་རིའི་འདིའི་རྒྱབ་ཏུ་སོང་ནས་འགོ་ས་ཨེ་འདུག་བལྟ།  གཅིག་བྱས་ན་་་” ནག་མོས་སྨྲས།  མོས་ཉེས་པ་ཚབས་ཆེན་བསགས་པའི་བཙོན་པ་རྣམས་བྲག་དམར་རྟ་སོའི་རྩེ་ནས་གཡུག་གི་ཡོད་པ་དང་།  སྲོག་ཁྲིམས་གཅོད་མཁན་རྣམས་བྲག་རིའི་རྒྱབ་ནས་འགོས་ཏེ་རྩེ་མོར་འགྲོ་བའི་གནས་ཚུལ་གོ་མྱོང་རུང་།  མ་ཤེས་ཁུལ་གྱིས་དེ་ལྟར་སྨྲས་པ་རེད།  

“རེད།  ངེད་གཉིས་ཀྱིས་སྔ་ཙམ་དེ་ལྟར་མ་འཁོར་བ་ཅི་ཡིན་ནམ།  ལམ་སེང་མ་ཕྱིན་ན་བྱ་གླག་གིས་བེའུ་བསད་ཚར་ངེས། ”

ཁོ་གཉིས་དེ་འཕྲལ་བྲག་རིའི་རྒྱབ་ཕྱོགས་སུ་འགྲོ་བའི་འགོ་བརྩམས་ཤིང་།  ཁོད་མི་སྙོམས་པའི་རི་ངོས་ཀྱི་རྡོ་འབུར་རྣམས་ཀྱི་ཐོག་ཏུ་ཀོ་ལྷམ་རློན་པའི་ལྷམ་མཐིལ་བརྡར་བའི་ཙིར་སྒྲ་གཉོན་པོ་ཞིག་ཡང་ཡང་གྲགས་སོང་། 

ངོ་མ་བྲག་དམར་རྟ་སོའི་རྒྱབ་ལོགས་ནི་མདུན་ངོས་ལྟར་གཟར་མོ་མེད་པའི་ཐོག རང་བྱུང་དང་མི་གཉིས་ཀས་ལས་པའི་རྡོ་སྐས་ངན་ངོན་ཞིག་ཕར་འཁྱོག་ཚུར་འཁྱུག་གིས་ཏག་ཏག་བྲག་རིའི་རྩེ་མོར་ཟུག་འདུག་པས།  བུ་མོ་གཉིས་ལ་དགའ་སྤྲོ་སྐྱེས་ཤིང་དེ་འཕྲལ་ཡར་འཛེགས་འགོ་བརྩམས། 

བུ་མོ་གཉིས་དབུགས་ཧལ་ཧལ་དུ་བྲག་དམར་རྟ་སོའི་རྩེ་རུ་འབྱོར།  མོ་གཉིས་ཀྱིས་འགོར་འགྱངས་བྱུང་ན་བྱ་གླག་གིས་བེའུ་གསོད་ངེས་སྙམ་ནས་ངལ་མ་གསོས་པར་རྡོ་སྐས་ངན་ངོན་དེ་འཛེགས་ཡོང་བ་རེད།  བྲག་དམར་རྟ་སོའི་རྩེ་མོར་ཅུང་ཁོད་སྙོམས་པའི་བྲག་སྟེགས་ཁང་པའི་ཐོག་འདྲ་བ་ཞིག་འདུག་ཅིང་།  དེའི་ཟུར་གཅིག་ན་རྡོ་སྤུང་ཅུང་ཆེན་པོ་ཞིག་འདུག་པའི་སྟེང་ལ་དཀར་སེར་དམར་སྔོའི་དར་ལྕོག་གསར་རྙིང་མང་པོ་བཏགས་འདུག རི་རྩེར་རླུང་བུ་དྲག་པོ་ཞིག་ལྡང་བཞིན་འདུག་པས་དེས་དར་ལྕོག་རྣམས་ཕག་ཕག་ཏུ་རྡེབ་བཞིན་པ་མ་ཟད།  བུ་མོ་ཆུང་ཆུང་གཉིས་ཀྱི་སྐྲ་ལོ་དང་ཐུ་བའང་ཕར་རྡེབ་ཚུར་རྡེབ་བྱས། 

མོ་གཉིས་ཀྱིས་ལག་ཟུང་པུས་མོའི་སྟེང་བཞག་སྟེ་དབུགས་འབྱིན་རྔུབ་བྱེད་ཞོར།  བྲག་སྟེང་ལ་མིག་ཉུལ་ཐེངས་གཅིག་བྱས་མོད།  འོན་ཀྱང་དར་ཅོག་བཏགས་པའི་རྡོ་སྤུང་ཅུང་ཆེན་པོ་དེ་ལས་ཅི་ཡང་མ་མཐོང་།  དེ་བས་མོ་གཉིས་ཕན་ཚུན་གྱི་ངོ་གདོང་ལ་ལྟ་ཙམ་རེ་བྱས་ནས་བྲག་གི་མུ་ཁར་ཕྱིན།  བེའུ་འཁྱེར་མཁན་གྱི་བྱ་གླག་དེའི་ཚང་ཏན་ཏན་མོ་གཉིས་ཀྱི་འོག་ཏུ་ཡོད་ངེས། 

ཡིན་ན་ཡང་བུ་མོ་གཉིས་བྲག་རིའི་མུ་ཁ་ཏག་ཏག་ལ་ལངས་ཤིང་སྐེ་བསྲིངས་ནས་བལྟས་ཀྱང་།  བྲག་རི་དེ་ཧ་ཅང་གཟར་བས་མོ་གཉིས་ཀྱི་བྲག་ངོས་མཐོང་མི་བཏུབ།  མོ་གཉིས་ཀྱིས་བྲག་རིའི་མདུན་གྱི་རྩྭ་ཐང་དང་།  རྒོད་ཐང་དཀར་འགའ་བྲག་རིའི་མགུལ་ན་ལྡིང་འཁོར་རྒྱག་བཞིན་པའི་རྒྱབ་གཟུགས་ལས་བྲག་ངོས་མཐོང་ཐབས་བྲལ།  མོ་གཉིས་དེ་ལྟར་བྲག་གི་མུ་ཁར་ལངས་ནས་བྲག་ངོས་སུ་ལྟ་ཐབས་བྱེད་ཀྱིན་པའི་ཚེ་ན།  ནག་མོའི་སེམས་སུ“ད་ནི་འགྲིག་སོང་།  ངའི་ལས་དོན་འགྲུབ་སོང”བསམས་ནས་ག་ལེར་ཕྱིར་ནུད་བྱེད་བྱས།  འོན་ཀྱང་མོས་བག་དྲོའི་རྒྱབ་ལ་འཕུད་རྒྱག་བྱེད་གྲབས་ཡོད་ཙ་ན།  གློ་བུར་དུ་བག་དྲོ་ཕྱིར་ནུད་བྱས་པ་མ་ཟད།  ནག་མོའི་ལག་པ་ནས་བཟུང་སྟེ་མོ་ཡང་ཡར་འཐེན།  བྲག་རྩེ་ན་གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་ལངས་ནས་བུ་མོ་གཉིས་མུ་ཁ་ནས་གཡུག་གྲབས་བགྱིས་སྟབས།  བག་དྲོས་དེ་ལྟར་མོ་ཡར་འཐེན་པ་རེད། 

མོ་གཉིས་ཡར་རླུང་གིས་འཁྱེར་བའི་ཉེན་ཁ་མེད་སར་འབྱོར་ནས་མར་བསྡད་པ་ན།  བག་དྲོའི་སེམས་སུ”ཀྱི་ཧུད།  ད་ནི་ནག་མོའི་བེའུ་སྙིང་རྗེ་བོ་དེ་རྙེད་འཚོལ་ཐབས་བྲལ་སོང”སྙམ་སྟེ་སེམས་སྡུག་དྲག་པོ་བྱུང་བ་དང་།  མུ་མཐུད་ཇི་ལྟར་བྲག་ངོས་སུ་ལྟ་དགོས་པའི་ཐད་ལ་བསམ་བློ་བཏང་།  ཡིན་ན་ཡང་ནག་མོས”འདེྲ་རླུང་།  དེས་བག་དྲོ་མེད་པར་བཟོ་བའི་གོ་སྐབས་བཟང་པོ་དེ་འཆོར་དུ་བཅུག་སོང་”བསམས་ནས་མི་དགའ་བར་གྱུར་ཞིང་།  མོ་གཡང་དུ་སྐྱུར་བའི་ཐབས་ཇུས་གཞན་ཞིག་འཚོལ་འགོ་བརྩམས། 

དེ་བས་ནག་མོས”ད་ནི་སྙིང་རྗེ་མེད་པའི་བྱ་གླག་དེས་ངའི་བེའུ་ཟ་རྒྱུ་རེད།  ངའི་བེའུ་སྙིང་རེ་རྗེ་ཨང་།  ངའི་རྩེད་གྲོགས་གཅིག་པུ་དེ་མེད་པར་གྱུར་བས།  ད་ནི་ང་ཅི་བྱེད་དགོས་སམ”ཞེས་སྨྲས་པ་མ་ཟད།  བག་དྲོ་བལྟས་མེད་པའི་སྐབས་དང་བསྟུན་ནས་སླར་ཡང་ཁ་ནས་མཆིལ་མ་བཅུས་ཏེ་མིག་མཐར་བསྐུས་པ་དང་།  སྐྱོ་བའི་རྣམ་འགྱུར་དང་ཅི་དང་གང་ཡང་བསྟན་པས།  སེམས་པ་དཀར་བའི་བག་དྲོས་བེའུ་དཀར་པོ་དང་ནག་མོ་གཉིས་ཀ་ལ་སྙིང་རྗེ་ཚད་མེད་སྐྱེས།  མོས་ནག་མོའི་མཆི་མམཆིལ་མའབྱིད་རོགས་དང་།  མགོ་དང་ཕྲག་པར་བྱིལ་བྱིལ་གྱིས་སེམས་གསོ་ཐབས་བྱེད་ཞོར་མུ་མཐུད་ཐབས་ཅི་དྲག་ལ་བསམ་མནོ་བཏང་། 

”ངས་ཐབས་ཤིག་རྙེད་སོང་། ” གློ་བུར་དུ་བག་དྲོས་དེ་ལྟར་བཤད།  མོས་ནག་མོའི་མགོ་དང་ཕྲག་པར་བྱིལ་བྱིལ་བྱེད་མཚམས་བཞག་སྟེ་དགའ་སྤྲོའི་ངང་མོའི་ངོ་གདོང་ལ་ཕུར་ཚུགས་སུ་བལྟས། 

”ཐབས་དེ་གང་རེད་དམ། ”

”ངེད་གཉིས་ཀྱི་གཅིག་གི་སྐེད་པར་སྐེད་རགས་བཏགས་ནས་བྲག་ངོས་ནས་མར་འབབ་དགོས་ལ།  གཞན་དེ་བྲག་སྟེང་དུ་བསྡད་དེ་སྐ་རགས་མར་བསྣར་དགོས།  དེ་ལྟར་བྱས་ན་བྲས་ངོས་སུ་བྱ་གླག་གི་ཚང་ཡོད་མེད་ལྟ་ཐུབ་པའི་ཁར།  གལ་སྲིད་ཡོད་ན་བེའུ་དཀར་པོ་ཡར་འཐེན་ཀྱང་ཐུབ། ”

དེར་ནག་མོས”དེ་ནི་འདྲེ་མ་དྲན་གོང་དུ་ནད་པས་དྲན་ཟེར་བའི་དཔེ་རང་རེད།  ད་ནི་འགྲིགས་སོང་”སྙམ་ནས་ཁོག་ཏུ་དགའ་ལྷང་ངེར་གྱུར་མོད།  འོན་ཀྱང་ཁ་ནས”དེ་ནི་ཁེ་ཉན་ཆེ་བའི་ཐབས་ཤིག་ཡིན་པས།  བྲག་སྟེང་དུ་འདུག་མཁན་དེ་ཁྱོད་བྱོས་དང་།  ང་མར་བྲག་ངོས་སུ་འབབ་ཆོག”ཅེས་བཤད་པ་དང་འཕྲལ་མར་སྐ་རགས་འགྲོལ་འགོ་བརྩམས།  མོས་བག་དྲོས་རང་ཉིད་བྲག་ངོས་སུ་མར་མི་སྣར་བ་གསལ་པོར་ཤེས་ཡོད། 

”ཁྱོད་མར་འགྲོ་མི་ཉན།  ངེད་གཉིས་ཀྱི་གཟུགས་སྟོབས་ཆེ་བ་ཁྱོད་ཡིན་པས།  ཁྱོད་བྲག་སྟེང་དུ་བསྡད་དེ་སྐ་རགས་མར་སྣར་མཁན་དང་།  ང་རང་མར་འབབ་མཁན་བྱས་ན་བདེ་འཇགས་ཆེ་བ་ཡོད། ” བག་དྲོས་ཀྱང་སྐ་རགས་འགྲོལ་བཞིན་ལྷག་བསམ་རྣམ་དག་གིས་བཤད། 

དེ་ལྟར་བུ་མོ་གཉིས་ཀྱིས་སྐ་རགས་ཟུང་མཐུད་དེ་སྣེ་མོ་གཅིག་བྲག་དྲོའི་སྐེད་པར་འདོགས་སྐབས།  ནག་མོའི་ངོ་གདོང་ལ་ལྐོག་གྱུར་གི་འཛུལ་ཞིག་འཁྱིལ་ཡོད་པ་ལྷད་མེད་པའི་བག་དྲོས་དོ་སྣང་ག་ལ་བྱུང་།  མོས་བེའུ་དཀར་པོ་བྲག་ངོས་སུ་ཡོད་མེད་དང་།  གལ་སྲིད་ཡོད་ན་ཇི་ལྟར་འཐེན་ཐབས་བྱེད་དགོས་མིན་ཐད་ལ་སེམས་ཁྲལ་དང་བསམ་བློ་ཁོ་ན་གཏོང་བཞིན་ཡོད། 

ཡུད་ཙམ་ལས་མ་འགོར་བར་བག་དྲོ་བྲག་རིའི་མུ་ཁ་ནས་མར་བབས་ཏེ་ངོས་གཟར་སར་འབྱོར།  མོས་ཐག་མི་རིང་བའི་བྲག་ལྡེབས་སུ་དངོས་གནས་ཤིང་ཆག་དང་རྩྭ་སྐམ་གྱིས་བཟོས་པའི་བྱ་གླག་གི་ཚང་ཆེན་པོ་ཞིག་ཡོད་པ་མ་མཐོང་།  ཡིན་ན་ཡང་བྱ་ཚང་དེའི་ནང་ན་གྲམ་པའི་རྡོ་ཧྲུག་དང་འདྲ་བའི་སྒོ་ང་འཇོང་འཇོང་ཆེན་པོ་གསུམ་ལས་བེའུ་དཀར་པོ་མཐོང་ཡུལ་དུ་མ་མཆིས།  ཚང་གི་ཟུར་ཞིག་ན་ཁྲག་རློན་པ་འགོས་འདུག་པ་མ་ཟད།  རི་བོང་ངམ་བེའུ་དཀར་པོའི་ཡིན་ཐག་ཐག་ཆོད་དཀའ་བའི་སྤུ་དཀར་པོ་རེ་ཟུང་འཐོར་འདུག

བག་དྲོས་དེ་མཐོང་བས་སེམས་སུ་བྱ་གླག་གིས་བེའུ་དཀར་པོ་བཟས་ཚར་འདུག་བསམས་ནས་སེམས་སྡུག་གི་མིག་ཆུ་ཤོར་ལ།  ངག་ལྡབ་ལྡིབ་ཀྱིས”བེའུ་བསད་ཚར་འདུག བེའུ་བསད་ཚར་འདུག”ཅེས་ཆིག་ལབ་ཤོར་བ་དང་།  ཕྲན་ཙམ་གྱི་རིང་ཟུར་དུ་ཁྲག་འགོས་པའི་བྱ་ཚང་དེར་ཅེར་ནས་ལུས།  དེ་ནས་གློ་བུར་དུ་གཉིད་ལས་སད་པ་ལྟར”ཡར་ཐེན།  ང་ཡར་ཐེན”ཅེས་བྲག་སྟེང་དུ་བསྡད་པའི་ནག་མོ་ལ་ཡར་སྐད་བརྒྱབས་པ་དང་སྐ་རགས་འཐེན་ཐུང་འཐེན་ཐུང་བགྱིས།  འོན་ཀྱང་ཏག་ཏག་སྐབས་དེར་མོས་སྐ་རགས་ལྷོད་ཤིག་གེར་གྱུར་བ་ཚོར་ཞིང་།  རང་ཉིད་བར་སྣང་ནས་མར་ལྷུང་འགོ་བརྩམས།  མོས་སྐ་རགས་ཆད་པའམ་ནག་མོའི་ཤུགས་ཟད་དེ་ཤོར་བ་ཡིན་ངེས་བསམས།  འོན་ཀྱང་དེ་ལྟར་མོ་བར་སྣང་ནས་རྐང་ལག་གཡུག་གིན་མར་ལྷུང་བཞིན་པའི་སྐད་ཅིག་མ་དེར།  མོས་ནག་མོ་དགའ་ནས་དགོད་པ་ལྟ་བུའི་སྐད་ཅིག་ཐོས། 

”ད་ནི་འགྲིགས་སོང་།  བག་དྲོ་མེད་པར་གྱུར་ཟིན་པས་རྒན་པ་ཚོ་དང་།  བྱ་བྱིའུ།  ཕྱེ་མ་ལེབ།  བེའུ་དང་ལུ་གུ་སོགས་ཚང་མས་ང་ལ་དགའ་པོ་བྱ་ངེས། ” བག་དྲོ་མར་ལྷུང་བའི་ངུ་སྐད་ཡལ་རྗེས་ནག་མོས་དེ་ལྟར་ཆིག་ལབ་བརྒྱབས་པ་དང་།  སྐ་རགས་མེད་པའི་ཕྱུ་པ་ཕྲག་སྟེང་དུ་ཁུར་ནས་བྲག་དམར་རྟ་སོའི་རྩེ་ནས་བབས་ཤིང་།  རིངས་པར་སོ་སོའི་གྲོང་སྡེའི་ཕྱོགས་སུ་ཆས། 

ས་མ་རུབ་ཙམ་ལ་ནག་མོ་གྲོང་སྡེའི་ཉེ་འདབས་སུ་འབྱོར།  ནུབ་རིའི་ཕག་ཏུ་བཞུད་ལ་ཉེ་བའི་ཉི་མ་ནི་ཟངས་ཀྱི་དོང་ཙེ་ཆེན་པོ་ཞིག་ལྟར་དམར་གོ་རེར་འདུག་ལ།  ནུབ་ཀྱི་མཁའ་མཐར་སྲབ་མོར་ཁྱབ་པའི་སྤྲིན་པ་ལ་ཚོན་རྩི་བྱུགས་པ་བཞིན་དམར་སེར་དུ་གྱུར་བ་མ་ཟད།  སྤྲིན་པའི་གསེང་ནས་བྱ་ཡི་གྲིབ་གཟུགས་ནག་པོ་འགའ་བྱང་ཕྱོགས་སུ་འཕུར་བཞིན་གདའ་བ་ནི་ཚང་དུ་ལོག་པ་ལོས་ཡིན། 

ནམ་རྒྱུན་ཡིན་ན་བག་དྲོའི་བེའུ་རྣམས་ལྷས་སུ་འཁོར་ཚར་ཡོད་མོད།  འོན་ཀྱང་དོ་ནུབ་མོའི་བེའུ་རྣམས་ད་རུང་རྩྭ་ཐང་སྟེང་གྲམ་ནས་འདུག སྐབས་དེར་ནག་མོའི་སེམས་སུ་གློ་བུར་དུ་ཐབས་བཀོད་ཅིག་འཁོར་བྱུང་།  མོ་མགྱོགས་མྱུར་རྒྱུགས་ནས་རང་ཉིད་ཀྱི་བེའུ་དང་ལྷན་དུ་བག་དྲོའི་བེའུ་ཡང་ལྷས་སུ་ཕབ།  མོས་གལ་སྲིད་མོས་བག་དྲོའི་བེའུ་རྣམས་ལྷས་སུ་ཕབ་པ་ཡིན་ན།  གྲོང་མི་རྣམས་ཀྱིས་བག་དྲོ་ནི་བེའུ་རི་ལ་སྐྱུར་མཁན་གྱི་བྱིས་པ་མ་རབས་ཤིག་དང་།  རང་ཉིད་མོའི་བེའུ་རྣམས་ལྷས་འབེབས་མཁན་གྱི་བྱིས་པ་ཡ་རབས་ཤིག་ཏུ་མཐོང་ནས་དགའ་མོས་བྱ་ངེས་པས།  གོ་སྐབས་དེ་དམ་འཛིན་བྱས་པ་ཞིག་རེད། 

ནག་མོ་གྲོང་པའི་ལྷས་མཐའ་ན་འབྱོར་དུས།  ངོ་མ་གྲོང་མི་ཚོས་ཧ་ལས་པའི་ངང་མོའི་ཕྱོགས་སུ་བལྟས་འདུག ཁོང་ཚོས”དེ་རིང་ཁྱོད་ཀྱིས་བག་དྲོའི་བེའུ་ལྷས་སུ་ཕབ་ཡོང་བ་ཡིན་ནམ”ཞེས་འདྲི་གྲབས་ཡོད་པ་དང་མཚུངས་པས།  ནག་མོས་གོམ་སྟབས་ཕྲན་བུ་མགྱོགས་སུ་བཏང་ནས་ཁོ་ཚོའི་ཕྱོགས་སུ་ཕྱིན།  ཡིན་ན་ཡང་མོ་ཁོང་ཚོའི་འཁྲིས་སུ་བསླེབས་དུས་ཁོང་ཚོས”བག་དྲོ ཁྱོད་གཉིས་ལྷན་དུ་མེད་དམ”ཞེས་དྲིས་པ་དང་།  ཁོ་ཚོའི་སྐད་ལ་ཧ་ལས་པ་དང་སེམས་ཀྱི་གདངས་ཀྱིས་ཁེངས་ཡོད།  ངོ་མ་ཡོད་ཚད་མོའི་བསམ་པ་དང་རེ་བའི་ལྡོག་ཕྱོགས་སུ་གྱུར་སོང་། 

”ཨ” ནག་མོས་གྲོང་མི་ཚོས་དྲི་བ་དེ་འདྲ་ཞིག་འདྲི་རྒྱུ་ཡིན་པ་བསམ་བློའི་ཟུར་ཙམ་ཡང་མ་འཁོར་བས།  རེ་ཞིག་ཇི་ལྟར་ལན་འདེབས་དགོས་མ་ཤེས་པར་ལུས་ཤིང་།  དེ་ནས”མེད།  དེ་རིང་་་དེ་རིང་ངས་བག་དྲོ་གཏན་ནས་མཐོང་མ་བྱུང་།  ས་རུབ་གྲབས་ཡོད་རུང་མོའི་བེའུ་རྣམས་ད་རུང་རྩྭ་ཐང་སྟེང་གྲམ་འདུག་སྟབས།  ངས་མོ་ན་ནས་ཁྱིམ་དུ་ལུས་པ་རེད་བསམས་ཏེ་བེའུ་རྣམས་དེད་འོངས་པ་ཡིན།  ཅི་རེད།  མོ་ཁྱིམ་དུ་མེད་དམ”ཞེས་ཁོ་ཚོ་ལ་ཕྱིར་ལྡོག་འདྲི་བྱས།  ད་ལྟ་མོས་ཀྱང་ཧ་ལས་པའི་རྣམ་འགྱུར་ཞིག་སྟོན་ཐུབ་སོང་།  མོའི་སྐད་ཆ་དེ་གོ་རྗེས་གྲོང་མི་ཚོའི་ངོ་གདོང་ལ་སྔར་བས་ཀྱང་ཆེ་བའི་སེམས་ཁྲལ་གྱིས་ཁེངས་ཤིང་།  ཁོ་ཚོས”ཏན་ཏན་གནས་ཚུལ་ལྷག་པ་རེད་མ་གཏོགས།  བག་དྲོ་ནི་འདི་ལྟར་ཕྱི་བར་བསྡད་དེ་ཕ་མ་དང་གྲོང་མི་ཚོར་སེམས་ཁྲལ་སྤྱིན་མཁན་གྱི་བུ་མོ་མ་རབས་དེ་འདྲ་ཞིག་ག་ལ་ཡིན། ”ཟེར་ཞིང་།  མགྱོགས་མྱུར་སྤར་འབར་དང་ལྒང་བཞུ་ཁྱེར་ནས་བག་དྲོ་འཚོལ་དུ་འགྲོ་བའི་གྲ་སྒྲིག་བགྱིས། 

གྲོང་མི་ཚོ་བག་དྲོ་མེད་པའི་སེམས་ཁྲལ་དང་འཚོལ་དུ་འགྲོ་བའི་གྲ་སྒྲིག་བྱེད་པའི་བྲེལ་ཟིང་ཁྲོད།  ནག་མོའི་སྐ་རགས་མེད་པ་དང་།  མོས་ཕྱུ་པ་ཕྲག་སྟེང་དུ་ཁུར་ཡོད་པ་དོ་སྣང་མ་བྱུང་། 

ནག་མོའི་སེམས་སུ་གནོང་ཆེན་པོ་ཡོད་པས།  གྲོང་མི་ཚོས་མོ་ལ་ཡང་བསྐྱར་སྐད་ཆ་འདྲ་འདྲི་མི་ཡོང་ངམ་སྙམ་ནས་གང་མྱུར་ཁོ་ཚོ་དང་ཁ་བྲལ་ནས་རང་ཁྱིམ་དུ་ཕྱིན།  འོན་ཀྱང་མོ་རང་ཁྱིམ་གྱི་སྒོ་རྭ་ནས་ཡར་འཛུལ་མ་ཐག་ཨ་མས་མོ་ལ་”བག་དྲོ་མི་འདུག་ཟེར་བ་བདེན་ནམ”ཞེས་སེམས་ཁྲལ་ཆེ་མདོག་གིས་དྲིས་བྱུང་། 

”གྲོང་མི་ཚོ་མོ་འཚོལ་དུ་འགྲོ་བའི་སྟ་གོན་བྱེད་ཀྱིན་འདུག” རང་གི་ཨ་མས་རང་ལ་འཚམས་འདྲི་ཡང་མ་བྱས་གོང་དུ་བག་དྲོའི་སྐོར་དྲིས་བྱུང་བ་དེས་ནག་མོའི་སྙིང་ལ་གྲི་ཆུང་བསྣུན་པ་ལྟ་བུའི་ན་ཟུག་ལངས་སུ་བཅུག་མོད།  མོས་ཨ་མ་ལ་དེ་ལྟར་ལན་བཏབ། 

”ཁྱོད་དེ་རིང་མོ་ཐུག་མ་བྱུང་ངམ། ”

”མ་བྱུང་།  དེ་རིང་ངས་མོ་གཏན་ནས་མཐོང་མ་སོང་།  ཕྱི་དྲོ་ངས་མོའི་བེའུ་རྣམས་རི་ནས་་” ནག་མོའི་སྐད་ཆའི་མཇུག་མ་རྫོགས་གོང་དུ་ཨ་མས”དབང་འདུས།  བག་དྲོ་བརླགས་སོང་བ་དངོས་བདེན་རེད་འདུག ཁྱོད་ཀྱིས་སྤར་འབར་བསྒྲོན་ནས་གྲོང་མི་ཚོ་དང་ལྷན་དུ་མོ་འཚོལ་རོགས་ལ་སོང་དང”ཞེས་ཡར་ཁང་པའི་སྒོ་ལ་ཁ་གཏད་དེ་བོས་པ་མ་ཟད།  ”དངོས་གནས་བྱིས་པ་ཡ་རབས་སེམས་བཟང་དེ་ལ་ཅི་ཞིག་བྱུང་བ་ཡིན་ནམ།  བླ་མ་དཀོན་མཆོག་གིས་ཐུགས་རྗེས་གཟིགས་ནས་མོ་ལ་བར་ཆད་འདྲ་འཕྲད་མེད་པར་ཤོག བྱིས་པ་དེ”ཟེར་ནས་བག་དྲོའི་ཆེད་དུ་སེམས་ཁུར་དང་།  གསོལ་འདེབས་སྨོན་ལམ་བྱེད་པ་ལས།  ནག་མོ་མི་མཐོང་བ་ལྟར་བྱེད་པས་ནག་མོ་སྔར་བས་ཀྱང་མི་སྐྱིད་པར་གྱུར་ནས་གྲོང་མི་ཚང་མ་དང་།  ཐ་ན་རང་ཉིད་ཀྱི་ཨ་མ་ལའང་སྡང་སེམས་སྐྱེས། 

དེ་ནུབ་མོས་ངོ་རྒོལ་གྱི་ཚུལ་དུ་དགོང་ཟས་མ་ཟོས་པའི་ཐོག གོས་ལྷམ་ཡང་མ་ཕུད་པར་ཉལ་ཁྲིིའི་སྟེང་དུ་ལོག་ནས་ཉལ་མོད།  འོན་ཀྱང་སུ་གཅིག་གིས་མོ་ལ་ཁ་ཡ་མ་བྱས།  ནམ་རྒྱུན་མོ་མོས་རང་ཉིད་མ་དགའ་བའི་གནད་དོན་འགའ་ལ་དེ་ལྟར་ངོ་རྒོལ་བྱེད་དུས།  ཨ་མ་ཡོང་ནས་དགོང་ཟས་བླུད་པ་མ་ཟད།  བརྩེ་བའི་ངང་གོས་ལྷམ་འཕུད་རོགས་བྱས་ནས་བསྙལ་གྱི་ཡོད་མོད།  འོན་ཀྱང་དོ་ནུབ་ཨ་མ་བག་དྲོའི་ཆེད་དུ་གསོལ་འདེབས་སྨོན་ལམ་བྱེད་པ་དང་།  རང་གི་ཁྱོ་ག་དང་གྲོང་མི་གཞན་ཚོ་ཕྱིར་ལོག་གི་ཡོད་མེད་ལྟ་བ།  དེ་བཞིན་མོ་ལྟར་ཁྱོ་ག་ཕྱིར་ལོག་རྒྱུར་སྒུག་བཞིན་པའི་ཁྱིམ་མཚེས་ཁྱིམ་བདག་མ་ཚོར་ཁྱོ་ག་ཕལ་ཆེ་བ་ཕྱིན་ཟིན། བག་དྲའི་ཡ་རབས་སྤྱོད་བཟང་གི་གཤིས་རྒྱུད་གླེང་བར་བྲེལ་ནས་མོ་ལ་ཁ་ཡ་མ་བྱས།  ནག་མོས་ཉལ་ཁྲིའི་སྟེང་ལོག་ནས་ཡུན་རིང་ཨ་མ་ཡོང་རྒྱུར་བསྒུགས་རུང་མ་ཡོང་བས།  མཐར་བློ་ཕམ་ངང་གཉིད་དུ་ཡུར། 

བག་དྲོའི་ཕ་མ་གཉིས་དང་གྲོང་མི་ཁྱིམ་མཚེས་ཚང་མས་བསྟུད་མར་ཉིན་གསུམ་དང་མཚན་གསུལ་ལ་གྲོང་ཚོའི་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་བཙལ་མོད།  འོན་ཀྱང་མོའི་སོང་ཤུལ་བསྡད་རྗེས་ཙམ་ཡང་མ་རྙེད་པས།  སྤྱིར་གྲོང་མི་ཚང་མ་དང་ལྷག་པར་དུ་ཨ་མ་གཉིས་ལ་སེམས་སྡུག་ཚད་མེད་བྱུང་ལ།  མོ་ལ་ཅི་བྱུང་སྲིད་པའི་ཐད་ལ་སོ་སོའི་བློ་ཡིས་དཔོག་ཚོད་ཀྱིས་ཚོད་དཔག་སྣ་ཚོགས་བྱེད་འགོ་བརྩམས།  འགའ་ཞིག་གིས་མོ་བཙན་གྱིས་ཁྲིད་པ་ཡིན་སྲིད།  དེ་འདྲ་ཡིན་ན་བཙན་གྱིས་བསྐོན་པའི་ལྕགས་ལྷམ་མཐུག་པོ་དེ་མ་རྫོགས་བར་དུ་གཡོག་ཏུ་བཀོལ་ཟེར་བས།  ལྷ་བླ་མ་གདན་འདྲེན་དགོས་ཟེར་ལ།  ཡང་ཁ་གཅིག་གིས་མོ་འདྲེ་ཡིས་ཁུར་བ་ཡིན་ངེས་པས།  རེ་ས་བླ་མ་དང་སྔགས་པ་ལས་མེད་ཟེར།  ཡང་ལ་ཤས་ཀྱིས་མོ་སྤྱང་ཀིའང་དྲེད་མོང་གིས་བཟས་པ་ཡིན་ཤས་ཆེ་ཞེས་སྨྲས། 

གྲོང་མི་ཚོས་བག་དྲོ་མ་རྙེད་པ་དེར་ནག་མོ་དགའ་ནས་ཡོད།  ཡིན་ན་ཡང་ཁོང་ཚོ་བྲག་དམར་རྟ་སོའི་ཕྱོགས་སུ་ཕྱིན་པའི་ཉིན་དེར་མོ་སེམས་ཁྲལ་དང་དངངས་འཚབ་ཆེན་པོ་ལངས་བྱུང་།  རྒྱུ་མཚན་ནི་ཁོང་ཚོས་བག་དྲོའི་ཕུང་པོ་རྙེད་དེ་རང་ཉིད་ཀྱི་སྐ་རགས་མོའི་ལུས་སྟེང་དུ་མདུད་ཡོད་མཐོང་དུས།  བག་དྲོ་གཡང་ལ་སྐྱུར་མཁན་དེ་མོ་ཤེས་ངེས་སྙམ་པས་རེད།  མོས་ཉིན་གང་བོར་འཇིགས་སྐྲག་ངང་གྲོང་མི་ཚོས་བག་དྲོའི་ཕུང་པོ་ཁྱེར་ནས་ལོང་ཡོང་དུས་རྫུན་ཅི་ཞིག་ལབས་ན་བཟང་བའི་ཐད་ལ་བསམ་བློ་བཏང་བཏང་བའི་མཐར།  གྲོང་མི་ཚོ་ལ་བག་དྲོ་དང་མོ་གཉིས་བྲག་དམར་རྟ་སོར་ཕྱིན་པ་དང་།  མོས་ཇི་ལྟར་ངོ་རྒོལ་བྱས་ཀྱང་བག་དྲོས་བྱ་གླག་གི་ཚང་ལ་བལྟ་དགོས་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱས་པས།  མོ་གཉིས་ཀྱི་སྐ་རགས་མདུད་དེ་བག་དྲོ་བྲག་ངོས་ནས་མར་བབས་ཙ་ན།  མོའི་དཔུང་ཤུགས་ཀྱིས་མ་འདང་ནས་བག་དྲོ་གཡང་དུ་ཤོར་རུང་།  རྒན་པ་ཚོས་སྡིགས་དམོད་དང་རྒྱག་རྡུང་བྱེད་རྒྱུར་འཇིགས་ནས་དེའི་སྐོར་བརྗོད་མ་ཕོད་པའི་རྫུན་གཏམ་ཞིག་གྲ་སྒྲིག་བགྱིས་ནས་བསྒུགས།  ཡིན་ན་ཡང་ས་རུབ་ཁར་གྲོང་མི་ཚོ་ཕྱིར་གྲོང་ཚོའི་ནང་ལོག་ཡོང་དུས།  ཁོ་ཚོ་སྔར་ལྟར་ཡིད་ཆད་པའི་ངང་ལོག་བྱུང་བ་ལས་བག་དྲོའི་ཕུང་པོ་མི་འདུག ད་ཐེངས་ནག་མོའང་ཧང་སང་སོང་།  དངོས་གནས་བག་དྲོའམ་མོའི་ཕུང་པོ་གང་དུ་ཕྱིན་པ་ཡིན་ནམ།  མོའི་ཕུང་པོ་དེ་བྱ་རྒོད་དང་གཅན་གཟན་གྱིས་བཟས་པ་ཨེ་ཡིན།  དེ་ལྟར་ཡིན་པའི་དབང་དུ་བཏང་ཡང་ཁྲག་ཤུལ་ཕྲན་ཙམ་དང་།  སྐྲ་ཉག་རེ་ཟུང་རེ་མི་ལྷག་པ་ག་ལ་སྲིད།  ཨོ།  ད་རུང་གྱོན་ཆས། 

གྲོང་མི་ཚོས་ཉིན་མཚན་དྲུག་ལ་གཉིད་ཆག་ཟས་ཆད་ཀྱིས་བཙལ་རུང་།  བག་དྲོའི་སོང་རྗེས་འདུག་ཤུལ་ཙམ་ཡང་མ་རྙེད་སྟབས།  དགོན་པར་ཕྱིན་ནས་མོ་དང་རིམ་འགྲོ་བྱེད་རྒྱུའི་ཐག་བཅད།  ནག་མོའི་སེམས་སུ་ད་ལྟ་ཁོ་ཚོ་ཚང་མམོ་རང་ཉིད་ཀྱི་ཕ་མ་གཉིས་ཀྱང་འདུསབག་དྲོ་འཚོལ་རྒྱུར་བྲེལ་ནས་ང་ལ་ཁ་ཡ་བྱེད་ཁོམ་མེད་ཀྱང་།  བག་དྲོ་གཏན་ནས་ཕྱིར་ལོག་རྒྱུ་མེད་ཤེས་དུས་ཁོ་ཚོས་ང་ལ་བག་དྲོ་ལྟར་དགའ་མོས་དང་བྱམས་པོ་བྱ་ངེས་སྙམ་པའི་རེ་བ་ཡིས་ཁེངས་ནས་ཡོད། 

ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ།  ཉིན་བཞི་པའི་ཞོགས་པར་གྲོང་མི་རྣམས་ཀྱིས་རྟ་ལ་སྒ་རྒྱག་གློ་བསྡམ་གྱིས་དགོན་པར་ཆས་པའི་སྟ་གོན་བྱེད་ཀྱིན་ཡོད་ཙ་ན།  ཉི་མ་ཤར་མཚམས་ནས་བེའུ་འདྲ་བའི་ནག་ཡོལ་ཡོལ་གྱི་གྲིབ་གཟུགས་ཤིག་མངོན་བྱུང་།  གྲོང་མོ་ཚོ་འགྲོ་ཆས་བྱེད་རྒྱུར་བྲེལ་ནས་དེ་ལ་དོ་སྣང་མ་སྤྲད་མོད།  འོན་ཀྱང་མཚམས་ཤིག་ལ་བག་དྲོའི་ཨ་མས”བག་དྲོ”ཞེས་སྐད་ཆེན་པོས་བོས་ནས་མདུན་དུ་རྒྱུགས་ཕྱིན་པ་དང་།  གྲོང་མོ་ཚོས་སོ་སོའི་ལས་མཚམས་བཞག་སྟེ་བག་དྲོའི་ཨ་མ་རྒྱུགས་སའི་ཕྱོགས་སུ་བལྟས་པ་ན།  དངོས་གནས་བག་དྲོ་ཐོན་འདུག

དེར་ནག་མོ་ཧ་ལས་ཧོན་ཐོར་ཞིང་རང་ཉིད་ཀྱི་མིག་ལའང་ཡིད་ཆེས་མི་མི་ཐུབ་པར་རྨི་ལམ་རྨིན་བཞིན་མེད་དམ་སྙམ་པའི་དོགས་པ་སྐྱེས།  མོས་དངོས་སུ་སྐ་རགས་བཏང་ཞིང་བག་གཡང་དུ་ལྷུང་བའི་ངུ་འབོད་གོ་བ་མ་ཡིན་ནམ། 

བག་དྲོའི་ཨ་མ་རྗེས་སུ་མོའི་ཨ་ཕ་རྒྱུགས་པ་དང་།  དེ་ནས་གྲོང་མི་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་རྒྱུགས་ནས་བག་དྲོའི་མཐའ་འཁོར་དུ་རུབ།  ཕ་མ་གཉིས་ཀྱིས”ངའི་བུ་མོ་བཟང་པོ”ཟེར་ནས་མིག་ཆུ་འབྱིན་ཞོར་མོ་སོ་སོའི་བྲང་ཁར་དམ་པོར་སྦྱར་བ་དང་།  མོའི་ངོ་གདོང་གང་སར་འོ་སྐྱེལ་བ་ལས་མོ་ལ་ཅི་བྱུང་གི་སྐད་ཆའང་འདྲི་རྒྱུ་བརྗེད་འདུག གྲོང་མི་ཚོས་ཐོག་མར་དོ་སྣང་བྱུང་བ་ནི་བག་དྲོའི་ངོ་གདོང་ཉི་མས་འཚིགས་ནས་ནག་པོར་གྱུར་བས།  ནམ་རྒྱུན་གྱི་སྙིང་རྗེ་བའི་མཁུར་ཚོས་དེ་ཧ་ལམ་ཡལ་འདུག་པའི་ཐོག མཆུ་ཏོ་ཆུང་ཆུང་ཐོག་སེར་ཁ་འགའ་ཤས་གས་ནས་ཁྲག་ཕྲན་བུ་འདོན་བཞིན་དེ་རེད།  དེ་མིན་གཞན་སྐྱོན་མེད་པར་མངོན། 

དེ་ལྟར་གྲོང་མི་རྣམས་བག་དྲོ་དང་མོའི་ཕ་མ་གཉིས་ཀྱི་མཐའ་འཁོར་དུ་རུབ་སྐབས།  བུད་མེད་མང་ཤོས་ཀྱིས་ཐུ་སྣེ་ཡར་བརྫེས་ནས་མིག་ཆུ་འབྱིད་བཞིན་འདུག་ལ།  སྐྱེས་པ་ཚོས་ཁུ་སིམ་མེར་མཐའ་འཁོར་དུ་ལངས་འདུག ཁོ་ཚོས་བག་དྲོ་ཕ་མ་བུ་ཕྲུག་གསུམ་འདོད་བློ་ཚིམ་པ་ཞིག་འཐམ་འཁྱུད་དང་འོ་བྱས་རྗེས།  བག་དྲོ་ལ་ཅི་བྱུང་གི་གསང་བ་དེ་རྟོགས་འདོད་པ་འདྲ།  ནག་མོ་ཁོ་ན་མི་ཚོགས་ཀྱི་ཟུར་དུ་གདོང་པ་ཤོར་ནས་ལངས་འདུག་པ་དང་།  མོས་མི་གཞན་དག་གི་ཕག་ཏུ་ཡིབ་ནས་བག་དྲོའི་ཕྱོགས་སུ་ལྟ་བཞིན་འདུག མོའི་སེམས་སུ་འཇིགས་སྐྲག་དང་དངངས་འཚབ་ཅི་འདྲའི་ཆེ་བ་ང་ཚོས་ལོས་རྟོགས་ཐུབ།  བག་དྲོས་མོ་གཡང་ལ་བསྐྱུར་བའི་གནས་ཚུལ་ཞིབ་ཕྲ་དེ་གྲོང་མི་ཚོ་ལ་བརྗོད་དུས།  མོ་དང་མོའི་ཡོད་ཚད་ཚར་བ་མ་རེད་དམ།

”ཁྱོད་ལ་ཅི་བྱུང་སོང་ངམ།  ཉིན་གསུམ་རིང་ངེད་གཉིས་སེམས་ཁྲལ་གྱིས་འཆི་གྲབས་བྱས་བྱུང་། ” ཡུན་རིང་ངུ་བཞིན་བག་དྲོ་བྲང་ལ་སྦྱར་རྟིང་།  ཕ་མ་གཉིས་ཀྱིས་བག་དྲོའི་ཕྲག་མགོར་ལག་པ་བཞག་ཅིང་་གདོང་ལ་བལྟས་ཏེ་དྲིས།  མཐའ་ན་རུབ་པའི་གྲོང་མི་ཁྱིམ་མཚེས་ཚང་མས་ཀྱང་ཁུ་སིམ་མེར་སྐེ་བསྲིངས་ནས་ཉན།  ཁོ་ཚོ་ཚང་མས་བག་དྲོ་ལ་ཅི་ཞིག་བྱུང་བ་ཤེས་འདོད་ཤིན་ཏུ་ཆེ། 

”ང་བྲག་དམར་རྟ་སོའི་རྩེ་ནས་མར་གཡུགས་བྱུང་།  ང་གཡུག་མཁན་དེ” བག་དྲོས་དེ་ལྟར་བཤད་པ་དང་ཅུང་དོགས་མི་བདེ་བའམ་བསམ་བློ་གཏོང་བ་ལྟར་བཤད་མཚམས་བཞག་པ་མ་ཟད།  མགོ་བོ་ཡར་དགྱེ་ནས་ཉེ་འཁོར་གྱི་མི་ཚོགས་ནང་དུ་མིག་མྱུལ་བྱས་པ་ན།  ཏག་ཏག་མི་ཚོགས་མཐའ་ན་ལངས་པའི་ནག་མོས་ལམ་སེང་མགོ་བོ་མར་སྒུར་བ་མཐོང་།  གྲོང་མི་ཁྱིམ་མཚེས་ཚོ་སྔར་ལས་ཀྱང་ལྷག་པར་ཧ་ལས་ནས་མོས་མུ་མཐུད་བཤད་རྒྱུར་བསྒུགས།  ངོ་མ་སུ་ཞིག་གིས་བྱིས་པ་ཡ་རབས་འདི་འདྲ་ཞིག་བྲག་དམར་རྟ་སོའི་རྩེ་ནས་གཡུགས་པ་དང་།  མོ་དེ་ལྟ་བུའི་བྲག་རི་མཐོན་པོ་ཞིག་ནས་གཡུགས་རུང་མི་ཤི་བ་ཇི་ལྟར་བྱུང་བ་ཡིན་ནམ། 

”ང་་།  ང་བྲག་དམར་རྟ་སོའི་རྩེ་ནས་གཡུག་མཁན་དེ་ལྷགས་པ་རེད། ” བག་དྲོས་ཡུད་ཙམ་ལ་ནག་མོའི་ཕྱོགས་སུ་བལྟས་ནས་བསྡད་རྗེས་སླར་སྨྲས་བྱུང་།  ”ཉིན་གསུམ་གྱི་གོང་དུ་ང་ནམ་རྒྱུན་ལྟར་བེའུ་འཚོ་ཞོར་མེ་ཏོག་གི་མགོ་རྒྱན་བཟོ་བཞིན་བསྡད་ཡོད།  གློ་བུར་དུ་འུར་སྒྲ་དྲག་པོ་ཞིག་གྲགས་བྱུང་བས།  ངས་འཕྲལ་མར་མགོ་དགྱེ་ནས་འུར་སྒྲ་གྲག་སའི་ཕྱོགས་སུ་བལྟས་པ་ན།  དེ་ནི་བྱ་གླག་ཆེན་པོ་ཞིག་རེད་འདུག་ལ།  དེས་ཅི་ཞིག་ཁུར་ནས་བྲག་དམར་རྟ་སོའི་ཕྱོགས་སུ་འཕུར་སོང་།  ངས་ལམ་སེང་བེའུ་རྣམས་ཚང་བཤེར་བྱས་པ་ན་ང་ཚོའི་བེའུ་རྣམས་ཚང་འདུག་ཀྱང་།  ནག་མོའི་བེའུ་ཁྲོད་ནས་བེའུ་དཀར་པོ་མཐོང་ཡུལ་དུ་མ་མཆིས་པས།  ངས་བྱ་གླག་དེས་ཁོ་ཁུར་བ་རེད་བསམས།  ང་རང་བེའུ་དེ་ལ་ཧ་ཅང་དགའ་པོ་ཡོད་པར་བརྟེན་ལམ་སེང་བྱ་གླག་འཕུར་བའི་ཕྱོགས་སུ་ཕྱིན་ཕྱིན་པའི་མཐར་བྲག་དམར་རྟ་སོའི་གཤམ་དུ་འབྱོར།  ངས་བྲག་དམར་རྟ་སོའི་ངོས་སུ་བྱ་གླག་གི་ཚང་ཆེན་པོ་ཞིག་ཡོད་པ་མཐོང་བ་དང་།  དེར་བེའུ་ཡོད་མེད་བལྟ་དགོས་སྙམ་ཞིང་བྲག་རིའི་རྩེ་རུ་ཕྱིན་ཏེ་མུ་ཟུར་ནས་མར་ལྟ་སྐབས།  སྟབས་མ་ལེགས་པར་གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་ལྡང་ནས་ང་བྲག་མུ་ནས་མར་བསྐྱུར་བྱུང་།  ངས་རང་ཉིད་ཤི་སོང་བསམས་ནས་འཇིགས་སྐྲག་ཚད་མེད་སྐྱེས་ཤིང་།  མིག་ཀྱང་ལྟ་མ་ཕོད་པར་བཙུམས་ནས་ངུ་འབོད་བྱས།  ངས་རང་ཉིད་བྲག་རྡོ་མང་བའི་ཐང་སྟིང་དུ་ལྷུང་ནས་ཤ་ཉོག་རུས་ཉོག་ཏུ་འཐོར་རྒྱུར་བསྒུགས།  འོན་ཀྱང་ངས་རང་ཉིད་འབོལ་ནེམ་ནེམ་གྱི་དངོས་པོ་ཞིག་གི་ཐོག་ཏུ་ལྷུང་བ་མ་ཟད།  ད་རུང་གང་ཞིག་ཏུ་འཛག་གྲབས་ཡོད་པ་ཚོར་བས།  མིག་ཕྱེ་ནས་བལྟས་པ་ནི་ང་རང་རྒོད་ཐང་དཀར་ཆེན་པོ་ཞིག་གི་གཤོག་ལྟེབས་སུ་ཟགས་ཤིང་།  ག་ལེར་མར་ཤུད་བཞིན་པ་མཐོང་།  ངས་མགྱོགས་མྱུར་ཐང་དཀར་དེའི་སྐེ་ལ་འཐམས་ནས་སྒལ་གཞུང་དུ་བཞོན།  ཐང་དཀར་དེས་འཇིགས་སྐྲག་དང་ཁོང་ཁྲོའི་ངང་གཤོག་འགྱུར་དང་།  ཡར་ལྡིང་མར་བཞོལ་ཇི་ཙམ་བྱས་རུང་།  ཤི་འབྱར་རོ་འབྱར་བྱས་ནས་གཏན་ནས་མ་བཏང་།  ཐང་དཀར་དེས་ང་རང་རྒྱབ་ཏུ་ཁུར་ཞིང་ཡར་སྤྲིན་པའི་གསེབ་ཏུ་ལྡིང་ནས་སླར་ཕྱིར་ཐང་ཐོག་དང་མཚོ་མོའི་ཐད་དུ་བཞོལ་ཏེ་ང་རྒྱབ་ནས་སྐྱུར་ཐབས་བྱས་རུང་ངས་དེའི་ལུས་སྟེང་འབྱར་བའི་སྦར་ཁམ་ཕྲན་ཙམ་ཡང་ལྷུད་དུ་མ་བཅུག ངོ་མ་ཐོག་མར་བྱ་རྒོད་དེས་སྤྲིན་པའི་བང་རིམ་བརྒལ་ནས་བར་སྣང་དུ་ལྡིང་དུས།  ངས་རང་གི་དབུགས་འཚུབས་ནས་ཤི་སོང་བསམས་ལ།  ཡང་དེ་ནས་སྤྲིན་པ་གཤགས་ནས་མར་བཞོལ་ཚེ།  ཐང་ངམ་མཚོ་མོའི་ངོས་སུ་བརྡབས་སོང་སྙམ།  དེ་ལྟར་བྱ་རྒོད་དེས་ཕྱི་དྲོ་ཧྲིལ་བོ་ཡར་ལྡིང་མར་བཞོལ་དང་།  ཕར་འགྱུར་ཚུར་འགྱུར་བྱས་བྱས་པའི་མཐར་ས་རུབ་དུས།  དེས་སྔོན་ལྟར་ཡར་ལྡིང་མར་བཞོལ་མི་བྱེད་ལ་གཤོག་འགྱུར་ཡང་མི་རྒྱག་མོད།  འོན་ཀྱང་ཁོ་ད་རུང་ས་ལ་མི་འབབ་པར་འཕུར་འཕུར་བའི་རྗེས།  ནམ་ཕྱེད་མ་ཟིན་ཙམ་ལ་གཞི་ནས་མི་མེད་ལུང་སྟོང་ཞིག་ལ་བབས་སོང་།  རྒོད་ཐང་དཀར་དེ་ཐང་དུ་བབས་མ་ཐག་རྐང་པའི་སྟེང་ལངས་མི་ཐུབ་པར་འགྱེལ་སོང་བ་མ་ཟད།  ཡུན་རིང་ཐང་ཐོག་ཏུ་གཡོ་འགུལ་མེད་པར་ལོག་ནས་བསྡད་སོང་།  ང་རང་ཡང་ཐང་ཆད་དེ་ཡར་ལངས་མི་ནུས་སྟབས་བྱ་རྒོད་དེའི་འགྲམ་དུ་ལོག་ནས་བསྡད།  ངས་རྒོད་དེ་ཤི་བ་རེད་བསམས་མོད།  འོན་ཀྱང་ཆུ་ཚོད་གཅིག་ལྷག་ཙམ་དེ་ལྟར་གཡོ་འགུལ་མེད་པར་བསྡད་རྟིང་།  གློ་བུར་དུ་རོ་ལང་བརྒྱབས་པ་ལྟར་ཡར་ལངས་ནས་གཤོག་པ་ཕག་སྒྲ་དང་བཅས་བརྡབས་ནས་རྒྱང་དུ་འཕུར་སོང་།  མཚན་མོའི་སྨག་དེ་ཙམ་སྟུག་མོ་མེད་ཀྱང་ངས་བྱ་རྒོད་དེ་གང་གི་ཕྱོགས་སུ་འཕུར་ཕྱིན་པ་ག་ལ་མཐོང་ཐུབ།  ང་རང་མི་མེད་ལུང་སྟོང་དེ་ནས་གང་དུ་འགྲོ་དགོས་མ་ཤེས་པར་གང་འཚམ་ལུས་པའི་མཐར།  ཕྱོགས་གཅིག་བདམས་ཉི་མཚན་ལྔ་བསྟུད་མར་ཡོང་བས་དེ་རིང་ཞོགས་གཞི་ནས་ཕ་ཡུལ་ལ་འབྱོར་ཙམ་བྱུང་།  སྟབས་ལེགས་པ་ཞིག་ལ་ངས་བདམས་པའི་ཕྱོགས་དེ་ནོར་མི་འདུག”

བག་དྲོས་ཅི་བྱུང་གི་གནས་ཚུལ་ཞིབ་པར་བརྗོད་དེ་ཚར་དུས།  ཕ་མ་གཉིས་ཀྱིས”བླ་མ་དཀོན་མཆོག་གི་ཐུགས་རྗེའི་བཀའ་དྲིན་རེད”ཟེར་ནས་སླར་ངུ་བཞིན་བུ་མོ་བྲང་ལ་དམ་པོར་སྦྱར་བ་དང་།  ཡུལ་མི་ཚོས་ཀྱང”ངོ་མ་ཧ་ལས་པ་རེད།  བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་དེ་ཅིས་མི་བདེན།  ཕྱོགས་བདམས་པ་ནོར་ན་ཚར་བ་རེད”ཅེས་ཟེར་ནས་ངོ་མཚར་དང་དགའ་སྤྲོའི་ངང་ཕན་ཚུལ་ལ་ལྟ་རེས་བྱེད། 

ད་ཐེངས་མི་ཚོགས་ཀྱི་མཐའ་ན་ལངས་པའི་ནག་མོའི་ངོ་གདོང་ལའང་ངོ་མཚར་བའམ་ཡིད་ཆེས་མི་ཐུབ་པའི་རྣམ་འགྱུར་ཁྱད་མཚར་བོ་ཞིག་གིས་ཁེངས་འདུག་པ་མ་ཟད།  ཐ་ན་མོའི་མཁུར་ཚོས་གཡས་གཡོན་གཉིས་ནས་མཆི་མ་བཞུར་བཞིན་འདུག་གོ། །།

༢༠༡༧། ༢། ༥ཉིན། 

Related Articles