སྐྱིད་པའི་ཚོར་སྣང་།

བསམ་གཏན་དཔལ་འཛོམས།

ནག་ནོག་དྲི་མས་མ་གོས་པའི། །

རྒྱ་ཤོག་དཀར་པོ་ཇི་བཞིན་དུ། །

ཆགས་སྡང་རྨོངས་པས་མ་གོས་པའི། །

ལོ་ཆུང་བྱིས་པའི་སེམས་ཁམས་གཙང་། །

 

ང་དགའ་ཁྱོད་སྡུག་རྣམ་རྟོག་དང་། །

འཁྱག་ལྟོགས་བཀྲེས་སྐོམ་སེམས་འཁྲལ་དག །

རྣམ་པར་དབེན་ཞིང་རྩེད་མོ་ལ། །

གཡེང་བའི་བྱིས་པ་འདི་དག་མོས། །

 

གུས་མོ་སློབ་གྲྭ་འདིར་སླེབས་ནས། །

ལོ་འཁོར་གསུམ་ལྷག་ཕྱིན་ན་ཡང་། །

ཟླ་ཤས་ལྟ་བུའི་ཚོར་སྣང་འདི། །

བྱིས་པ་འདི་ཚོའི་བཀའ་དྲིན་ཡིན། །

 

གང་གིས་ཤེ་ན་སློབ་ཕྲུག་རྣམས། །

ཕལ་ཆེར་གྲོང་གསེབ་དབུལ་པོ་དང་། །

ཕ་མ་མེད་པའི་དྭ་ཕྲུག་དག །

གསོ་སྐྱོང་བྱས་པ་ཤ་སྟག་ཡིན། །

 

དེ་ལྟའི་ཉམ་ཐག་སློབ་ཕྲུག་ཚོའི། །

གནས་སྟངས་དངོས་སུ་མཐོང་བའི་ཚེ། །

ལྷག་བསམ་རྣམ་པར་དག་པ་ཡིས། །

ངལ་བ་དང་ལེན་སློབ་ཁྲིད་བྱས། །

 

དེ་ཡང་སློབ་དུས་ཡོལ་མེད་ངང་། །

སོ་སོའི་སློབ་ཚན་ཆད་མེད་ཀྱིས། །

ཁ་གསལ་གོ་བདེ་གཙོར་བཟུང་བའི། །

སློབ་ཁྲིད་དགའ་བའི་འཛུམ་གྱིས་བསུས། །

 

སྐབས་རེ་དགོས་པ་རྒྱུ་མཚན་གྱིས། །

ལེ་ལོའི་དབང་གྱུར་སློབ་ཕྲུག་འགར། །

སེམས་པ་གངས་རི་ལས་དཀར་ཡང་། །

ངོ་གདོང་རྫ་རི་ལས་གནག་ཅིང་། །

 

ཕྲ་རིང་དབྱུག་པ་འཕྱར་ཙམ་དང་། །

སྡིགས་མོའི་སྐད་གསང་བསྒྲགས་པ་ཡིས། །

རྣམ་གཡེང་ལེ་ལོའི་ངན་སྤྱོད་ལས། །

བཅུན་པའི་ཐབས་ལམ་འབད་བརྩོན་བྱས། །

 

སྐབས་འགར་ན་ཆུང་སློབ་ཕྲུག་ཚོ། །

མཉམ་དུ་རྩེད་མོ་རྩེ་བ་དང་། །

སྙན་པའི་སྒྲུང་དང་མཚར་བའི་གཏམ། །

སྣང་བ་སྐྱིད་པའི་འཚོ་བར་རོལ། །

 

སྐབས་རེ་ཤེས་ཡོན་ཀུན་སྤྱོད་ཐད། །

སློབ་ཕྲུག་སེམས་ཁམས་དང་མཐུན་པའི། །

སློབ་ཞོར་ཁ་ཏ་བསླབ་བྱ་དག །

གང་ཤེས་དུས་དང་འཚམ་པར་བྱས། །

 

ཉམས་ཆུང་བྱིས་པ་སློབ་ཕྲུག་ཚོའི། །

མཉམ་དུ་འགྲོ་འདུག་ཚོར་སྣང་ནི། །

མི་ཚེའི་ནང་གི་སྐྱིད་ཤོས་ཤིག །

ཡིན་སྣང་ཤར་བས་སྤྲོ་བ་འཕེལ། །

 

དེས་ན་གཅེས་པའི་སློབ་ཕྲུག་ཚོ། །

ཤེས་ཡོན་ཀུན་སྤྱོད་ཡར་རྒྱས་ངང་། །

བདེ་སྐྱིད་ལྡན་པའི་འཚོ་བ་ལ། །

རོལ་བའི་བཀྲ་ཤིས་སྨོན་ལམ་འདེབས། །

དྲན་གདུང།

འབྲི་བཟའ་ཟླ་སྒྲོན།

བྱང་ཕྱོགས་སྤྲིན་ཕུང་དཀར་པོའི་ཡུལ་དེ་ན། །

དབུ་ལོ་དར་དཀར་འདྲ་བའི་མ་ལོ་བཞུགས། །

གངས་རིའི་ཕྲེང་བ་བསྒྲིགས་པའི་བསིལ་ལྡན་ཞིང་། །

 

ལག་ཟུང་སེར་ག་གས་ཤིང་ལས་བརྩོན་མ། །

ཁྱེད་ཉིད་དྲན་དུས་བས་མཐའི་བུ་མོ་ངའི། །

མིག་མཐར་མཆི་མས་བརླན་ཞིང་སྐྱེད་མ་དྲན། །

མིག་ཟུང་བྱང་ལ་གཏད་དེ་གདུང་དབྱངས་ཤོར། །

 

ལས་ངན་ང་ཡི་བསོད་ནམས་དབེན་པའི་རྐྱེན། །

མ་ལོའི་ཞལ་བཟང་མ་མཇལ་ལོ་དྲུག་དང། །

བརྩེ་བའི་གསུང་སྙན་མ་ཐོས་ལོ་གཉིས་འདས། །

སྙིང་ཁར་ལག་ཆུང་བཞག་སྟེ་འདང་རྒྱག་དུས། །

 

དྲན་གདུང་དྲག་པོའི་སེམས་པ་འཁྱག་སིབ་སིབ། །

མིག་ཟུང་བཙུམས་ཤིང་ད་ལྟའི་གནས་བབ་ལ། །

བསམ་དུས་རང་ཡུལ་འགྲོ་སྐལ་ཨེ་ཡོད་སྙམ། །

མགོ་བོ་ཐུར་དུ་གུག་སྟེ་འབྱུང་འགྱུར་གྱི། །

 

ཕུགས་བསམ་འཆར་གཞི་ཡང་ཡང་བསམ་པའི་ཚེ། །

ཨ་མ་མཇལ་བའི་སྐལ་བཟང་གོ་སྐབས་ཤིག །

བདག་ལ་རྙེད་པའི་ཚོར་སྣང་ཞིག་ཀྱང་སླེབས། །

རྟགས་བརྟག་པ།

ནགས་ལྷའི་གཡག་རྒོད།

རྒྱལ་བུ་ནོར་བཟང་ཐོན་ལ་ཉེ་བ་ན། །

ནག་མོ་ཞིག་གི་སོ་དག་བཙལ་དགོས་བྱུང་། །

ལྷག་མ་ལྔ་ལས་རྙེད་པ་མ་བྱུང་སྟབས། །

བློ་ཁོག་སོར་གང་ཙམ་གྱིས་མ་སྙོབ་སོང་། །

 

ཚོང་དཔོན་ནོར་བཟང་ཟླ་ལ་ཉེ་བ་ན། །

གྲྭ་རྒན་ཞིག་གི་དབུ་ལ་ཉུལ་དགོས་བྱུང་། །

མགོ་ནག་མི་ཡི་སྐྲ་ནི་མ་རྙེད་པས། །

བློ་ཁོག་སོར་གང་ཙམ་གྱིས་མ་དོ་སོང་། །

 

ནོར་བཟང་དག་གི་རིགས་དེ་ཆད་པ་ལ། །

མ་འདང་བ་དག་རྟགས་སུ་བརྩི་ཆོག་གམ།

ནམ་ཞིག་ཡིད་འཕྲོག་ལྷ་མོའི་རྒྱུད་དེ་ལ། །

དཔལ་ལྡན་ཆོས་ཀྱི་གྲགས་པ་འདྲེ་སྲིད་དམ།