ནགས་ཤོད་སྐལ་རྒྱན་པས།
ཀུན་གསལ་སྒེག་མོའི་བཞིན་རས་ཕྱོགས་སུ་འཛུམ།།
མཚམས་སྤྲིན་གསར་པའི་ལང་ཚོ་མཆོག་ཏུ་མཛེས།།
གྲང་རླུང་བསིལ་བསིལ་ལུས་ལ་སིམ་པ་ཡི། །
དྭངས་གཙང་མཁའ་ལ་འདྲེས་པའི་སེམས་པ་སྐྱིད། །
མཛེས་ལྡན་ལྗོན་པའི་མགོ་བོ་དལ་གྱིས་དགྱེ། །
སྒྲོ་ལྡན་སྤུ་སྡུག་གཤོག་ལྷབ་ཐིབས་ཀྱིས་གཡོ། །
སྐད་སྙན་འགྱུར་ཁུག་ནགས་མའི་ཀློང་ནས་གྲག།
ཡིད་འོང་སྐྱེད་ཚལ་ལྷགས་པའི་སེམས་པ་སྐྱིད། །
དྭངས་གཙང་ཆུ་བོས་ལྷུང་ལྷུང་སྒྲ་སྐད་དང་། །
ཆིལ་ཆིལ་ཆུ་བྱས་མཚོ་རྫིང་བརྩེན་པ་ཡི། །
སྒྲོ་ལྡན་ངང་མོའི་མགྲིན་སྒྲ་ཅི་ཡང་སྙན། །
བག་ཡངས་རྫིང་བུའི་ངོགས་ཀྱི་སེམས་པ་སྐྱིད། །
ན་ཆུང་བུ་དང་བུ་མོ་ལང་ཚོ་དར། །
ཡིད་སེམས་མཛའ་བའི་འཛུམ་དཀར་ལྷུན་གྱིས་གྲོལ། །
ལྷིང་འཇགས་ཞི་བདེའི་ཚལ་ལ་བརྩེན་པ་ཡི། །
རང་དབང་འཚོ་བ་འདྲེས་པའི་སེམས་པ་སྐྱིད།།
སྣ་ལྔའི་མེ་ཏོག་བཞད་པའི་སྐྱེད་ཚལ་དུ། །
གཡུ་སྦྲང་གཞོན་ནུ་ང་གཉིས་མཉམ་དུ་བརྩེན། །
ལྷིང་འཇགས་སེམས་པ་དལ་གཅིག་ལྷོད་ལ་འཇོག །
ཡིད་དགའི་དཔལ་དུ་གྱུར་པའི་གནས་འདིར་སྐྱིད། །