༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག་ཨང་དང་པོ།
སེར་ལྷོ་འཇམ་དབྱངས་མཁས་བཙུན།
ཕན་བདེའི་བདག་ཉིད་སྟོན་པ་བཀའ་དྲིན་ཅན་དང་།།
ག་གཅིག་འཕགས་བོད་ལོ་པཎ་རྣམས་དང་།།
རིག་པའི་གཞུང་གི་ཉིན་བྱེད་མེས་པོ་རྣམས་ཀྱི།།
འཕྲིན་ལས་སྒྲུན་བྲལ་ཉིད་ལ་གུས་པས་འདུད་དོ།།
སེམས་ཀྱི་ངལ་བ་རི་བོའི་སྤོ་ཡིས་མི་དོ།།
ཕྱི་ནང་འཁྲུགས་རྩོད་ཕྲག་དོག་སྦྲུལ་ལས་ཆེ་བ།།
མ་འགྲིགས་བྱ་བ་ཐལ་བའི་རྡུལ་ལས་མང་བའི།།
དུས་རབས་འདི་ལ་ཕན་པའི་བློ་ཞིག་འདོན་འདོད།།
བསྟན་པ་ཞིག་གི་ཞག་རྩི་སྙིང་དུ་ཐིམ་ཞིང་།།
བྱང་སེམས་ཤིག་གི་སྤྲུལ་པའི་རྒྱུད་པར་ཚུད་ལ།།
མེས་པོ་སྟོང་གི་ཤ་དང་ཁྲག་ནས་བརྒྱུད་པའི།།
བོད་པ་ཚང་གི་རྣམ་དག་རིག་གཞུང་གླེང་ཡ།།
རང་དོན་ཁོ་ན་རྩ་བའི་རྩེ་རུ་མི་འཛིན།།
ང་རྒྱལ་གཅིག་པུས་མགོ་བོ་སྦོས་ནས་མི་སྡོད།།
ཕྲག་དོག་བཙན་པོས་སྙིང་ཁ་བསྐངས་ནས་མེད་པ།།
བོད་པ་ཚང་གི་རིག་གཞུང་སྲིད་ཀྱི་གཙུག་རྒྱན།།
ཅི་སྟེ་རང་དང་རང་གི་རིགས་ལ་ཕན་ཞིང་།།
མི་དང་མི་སྡེའི་ཚོགས་ལ་ཕན་པར་རེ་ན།།
བོད་པ་ཚང་གི་རིག་གཞུང་ཇི་སྙེད་མཆིས་པ།།
ཡ་ཆུང་སེམས་ཀྱིས་དེ་སྙེད་ཨེ་བཟུང་ལྟ་དགོས།།
རང་ལུས་བདེ་བའི་ཐབས་ཤིག་འཚོལ་དགོས་བསམས་ན།།
རང་སེམས་སྐྱིད་པའི་གཞི་ཞིག་རག་དགོས་དྲན་ན།།
རང་གི་ངག་ལ་སྙན་ཆ་ལྡན་དགོས་དགོངས་ན།།
རང་གིས་བོད་ཀྱི་རིག་གཞུང་འགོ་ནས་སྦྱོངས་ཤིག།
ཕྱི་མཛེས་དངོས་པོའི་དཔལ་ལ་མགོ་བོ་མི་འཁོར།།
ནང་རུལ་སེམས་ཀྱི་རིགས་ལ་མགོ་བཏགས་མི་ཞུ།།
སེམས་དང་ལུས་ཀྱི་རང་བབ་རང་གིས་བཟུང་བའི།།
ལམ་ལུགས་ཨེ་ཤེས་བསམ་ན་འདི་ལ་སྦྱོངས་ཤིག །
ཁེ་བ་ཁོ་ནས་གཞན་ལ་གྱོང་ཁ་མི་སྟེར།།
ཕམ་པ་ཁོ་ནས་རང་ཉིད་འཁུམས་ནས་མི་སྡོད།།
ཁེ་ཕམ་མཐུན་པའི་འགྲོ་ལུགས་ཤེས་དགོས་བསམས་ན།།
བོད་པ་ཚང་གི་རིག་གཞུང་ཟབ་ཏུ་སྦྱོངས་ཤིག །
ང་རྒྱལ་བྲག་གི་རི་བོ་གཉའ་ནས་འཇོམས་ཤིང་།།
བྲན་གཡོག་སྡར་མའི་ངང་ཚུལ་གཏན་ནས་འཇོམས་པའི།།
རང་གཞན་དོན་གཉིས་བྱེད་པའི་ལམ་ལུགས་སྟོན་པ།།
བོད་ཀྱི་རིག་གཞུང་ཀུན་གྱི་གཙུག་གི་རྒྱན་རེད།།
མི་ཚེ་བདེ་སྐྱིད་འཚོ་བས་སྐྱེལ་འདོད་ཨེ་ཡོད།།
ནམ་ཡང་བག་ཕེབས་ངང་དུ་འཚོ་འདོད་ཨེ་ཡོད།།
ཞི་ཞིང་བདེ་བའི་འཚོ་བར་རོལ་འདོད་ཨེ་ཡོད།།
ཡོད་ན་བོད་ཀྱི་རིག་གཞུང་སྲོག་བཞིན་ཟུངས་ཤིག །
མི་ཚེའི་དགོས་དོན་ཡིད་ལ་ཤར་འདོད་འདུག་གམ།།
མི་ཚེའི་རིན་ཐང་སེམས་སུ་འཇུག་འདོད་འདུག་གམ།།
མི་ཚེར་མི་ཚེའི་རིན་ཐང་སྤྲོད་འདོད་འདུག་གམ།།
འདུག་ན་བོད་ཀྱི་རིག་གཞུང་ཡང་ཡང་སློབས་ཤིག །
སྣོད་ཀྱི་ཁོར་ཡུག་བརྩེ་བས་ཉར་འདོད་ལྡན་ནམ།།
བཅུད་ཀྱི་སེམས་ཅན་བྱམས་པས་སྐྱོང་འདོད་ལྡན་ནམ།།
སྣོད་བཅུད་རང་འབྲེལ་རང་འཇགས་འཇོག་འདོད་ལྡན་ནམ།།
ལྡན་ན་བོད་ཀྱི་རིག་གཞུང་ཡག་པོ་སྦྱོངས་ཤིག །
སེམས་ཅན་ཀུན་ལ་ཕན་ཞིག་འདོག་འདོད་ཨེ་གདའ།།
འཛམ་གླིང་ཡོངས་ལ་ཞི་བདེ་སྐྲུན་སེམས་ཨེ་གདའ།།
ཡོད་ཚད་འཆམ་མཐུན་དཔལ་ལ་འགོད་འདོད་ཨེ་གདའ།།
གདའ་ན་བོད་ཀྱི་རིག་གཞུང་རབ་ཏུ་སྦྱོངས་ཤིག །
བཙན་པོའི་ཇག་པར་མགོ་བོ་སྒུར་འདོད་མེད་ན།།
སྤྲེལ་ལད་སྒྱུ་མར་ཡིད་སྟོན་བྱེད་འདོད་མེད་ན།།
རང་ཚུགས་བརྟན་པོ་སྙིང་ནས་འདོར་འདོད་མེད་ན།།
སྙིང་སྟོབས་ཆེན་པོས་བོད་ཀྱི་རིག་གཞུང་སྦྱོངས་ཤིག །
ནང་ཆོས་ཡང་དག་ཉིད་དུ་འཐོང་གི་ཨེ་འདུག །
ལྟ་བ་རྟག་ཆད་བྲལ་བ་ཤེས་ཀྱི་ཨེ་འདུག །
སྤྱོད་པ་ཀུན་ལས་མཛེས་པ་གཟིགས་ཀྱི་ཨེ་འདུག །
འདུག་ན་བོད་ཀྱི་རིག་གཞུང་ཟབ་ཏུ་སློབས་ཤིག །
ཕན་སེམས་ཀུན་ལ་མཁོ་བ་ཤེས་ཀྱི་ཡོད་དམ།།
བྱམས་སེམས་མེད་ཐབས་མེད་པ་ངེས་ཀྱི་ཡོད་དམ།།
སྙིང་རྗེ་ཁྱད་དུ་འཕགས་ཚུལ་རྟོགས་ཀྱི་ཡོད་དམ།།
ཡོད་ན་བོད་ཀྱི་རིག་གཞུང་དག་པར་སྦྱོངས་ཤིག།
བརྗོད་ཀྱིས་ལངས་རྒྱུ་མེད་པའི་རིན་ཐང་བྲལ་བ།།
སྤྱད་པས་ངོམས་རྒྱུ་མེད་པའི་རང་གཤིས་ལྡན་པ།།
བོད་དང་བོད་མིན་ཡོངས་ཀྱི་འདི་ཕྱིའི་སྙིང་ནོར།།
བོད་ཀྱི་རིག་གཞུང་འདི་ཀོ་ངོ་མཚར་ཆེ་ཨང་།།
ཨེ་མ་བོད་ཡུལ་ཆོས་ལྡན་ལྷ་ཡི་ཞིང་ཁམས།།
ཨ་ལ་གཞན་ན་སུ་ལའང་ཀུན་ཏུ་མེད་པའི།།
ཨ་ཧོ་རིག་གཞུང་འདི་འདྲ་གྲུབ་ཅིང་གནས་པ།།
རྒྱུན་འཛིན་ཡང་དག་བྱོས་དང་རྐང་གཉིས་གཞོན་ནུ།།
བོད་ཀྱི་ཞེན་ཁོག་ཁོག་པའི་རུམ་ན་མེད་ལ།།
ཀུན་ལས་རྒྱལ་འདོད་འདོད་པའི་དམིགས་ཡུལ་མིན་ཏེེ།།
སེམས་ཀྱི་རང་གཤིས་གཤིས་ལུགས་མཛེས་པོ་འདི་ཉིད།།
ཅུང་ཙམ་གླེང་བ་བ་གླང་བརྟུལ་བཞུགས་མིན་ནོ།།
ནོར་བུ་ནོར་ཉམས་ཆོད་པའི་བློ་ཞིག་ཡོད་ན།།
བླང་དོར་ཚུལ་བཞིན་བྱེད་པའི་སེམས་ཤིག་མངའ་ན།།
རང་གཞན་སྤྱི་སྒེར་ཡོངས་ཀྱི་ཕན་བདེའི་རྩ་བ།།
བོད་ཀྱི་རིག་གཞུང་འདི་ཡི་རིན་ཐང་མ་བརྗེད།།
མེས་པོ་བློ་ལྡན་དུ་མའི་བློ་གྲོས་བཅུད་ལས།།
ཉེས་པ་ཁབ་རྩེ་ཙམ་གྱིའང་དྲི་ངེད་མེད་པ།།
ཆོས་ལྡན་བོད་པ་ཚང་གི་རིག་གཞུང་བདུད་རྩི།།
ཟུར་ཙམ་རྔུབ་རྒྱུ་བྱུང་བ་ཨ་བསོད་རེད་འདུག །
ཀུན་ལ་མེད་པའི་ནོར་བུ་བུ་ཕྲུག་ང་ཚོས་འཛིན་སྐྱོང་བྱེད།།
ཀུན་ལ་ཕན་པའི་རིག་ཆེན་ཆེན་པོ་བོད་ཀྱིས་བདག་པོ་རྒྱག།
ཕན་པའི་ཀུན་སློང་དམ་པ་པ་སངས་ལས་ཀྱང་དཀར་བྱས་ཏེ།།
ཕན་བདེའི་རིག་གཞུང་ཡང་དག་དག་པའི་ལམ་ནས་སྤེལ་བར་བྱ།།
༡༨།༠༨།༢༠༡༣།དགེའོ།