ལྷ་རྒྱས།
ཡུལ་ནགས་ཤོད་སྨན་ལྗོངས་ཕྱུག་མོ་ཡི། །
འབྲུ་སྔོན་མོའི་ཞིང་ས་མཐོང་བའི་དབུ། །
གྲོང་ཕ་མཁར་འཛིན་གྱི་དབུ་རྩེ་སྟེ། །
གཞིས་ཕ་གཞིས་ཕ་ས་དྲོ་མོ་ལ། །
རྟ་ནོར་ལུག་འཛོམས་ཀྱི་གཡང་ཁྱིམ་དང༌། །
བུ་དཔའ་བོ་དབུ་འཕང་མཐོ་ས་བཅས། །
སྙན་གྲགས་ལེ་དབུ་དེ་མཐོང་བའི་གྲོང༌། །
ངེད་དབུ་མཐོང་མཐོང་བ་དོན་ཡོད་ཡིན། །
ངའི་ཕ་ས་དབུ་མཐོང་ཕྱུག་མོ་ནི། །
རྟ་འདོ་བའི་བང་ཁ་བཟང་ས་དང༌། །
བོས་ཁྲ་རིང་འཕེན་ཁ་ཚ་ས་དང་། །
ཕོ་རྒོད་པོའི་སྙིང་སྟོབས་ཆེ་ས་དང་། །
བོད་གདོང་དམར་མི་རྒྱུད་ཡག་ས་དང་། །
རིགས་རུས་ཀྱི་འཕེལ་ཁ་དར་ས་དང་། །
སྨན་བུ་མོའི་སྐྱེས་ཡག་ལེགས་ས་བཅས། །
སྡེ་དབུ་མཐོང་ཁ་བའི་དབུ་ཁྱུད་ཡིན། །
ས་གངས་ཅན་ནགས་ཤོད་སུམ་པའི་ཡུལ། །
གཞིས་ཕ་མཁར་དབུ་མཐོང་ཕྱུག་མོ་ལ། །
གྲོང་ཕ་ཁྱིམ་འཛིན་གྱི་སྔ་མ་དེ། །
རུས་ཆེ་རྒྱུད་བར་རྒྱུད་ཆུང་རྒྱུད་དང༌། །
སྡེ་གཅུང་པ་རུས་བཅས་ཆེ་བཞི་འདི། །
སྡེ་དབུ་མཐོང་ཆགས་ཀྱི་ཐོག་མའི་རུས། །
ཁྱིམ་རུས་བཞིའི་རུས་རྒྱུད་རིང་མོ་ནི། །
གྲོང་དབུ་མཐོང་སྡེ་ཡི་འགོ་མ་ཡིན། །
སྡེ་དབུ་མཐོང་སྐྱིད་ཀྱི་ཕ་ས་ལ། །
ཕ་སྐྱེ་རྒྱུད་བཟང་བའི་བཟང་ལོ་ཡོད། །
མ་མཛངས་རྒྱུད་བཟང་བའི་བཟང་ལོ་ཡོད།
བུ་དཔའ་རྒོད་དར་བའི་རུས་རྒྱུད་ཡོད། །
སྡེ་དབུ་མཐོང་ལྷ་ཡི་ཞིང་ས་ལ། །
རི་མཐོན་པོ་འབར་ལྕགས་གཉན་རི་དེ། །
ཕོ་དགྲ་ལྷ་འབ༵ར་གྱི་གསོ་རི་ཡིན། །
དམན་གནས་ས་བཟུང་གི་ལྕག༵ས་རི་ཡིན། །
གེགས་བར་ཆད་ཟློག་གི་བཙན་རི་ཡིན། །
ལས་རླུང་རྟ་དར་གྱི་དར་རི་ཡིན། །
ནོར་ལོངས་སྤྱོད་འཛོམས་ཀྱི་གཡང་རི་ཡིན། །
སྡེ་དབུ་མཐོང་གྲོང་གི་རྒྱབ་རི་ཡིན། །
སྡེ་དབུ་མཐོང་ཕ་རབས་ཚ་རྒྱུད་རྣམས། །
ཕ་སྐྱེ་རྒྱུད་ཡོད་ན་སྐྱེ་ལོ་བཟུང༌། །
མ་མཛངས་རྒྱུད་ཡོད་ན་མཛངས་ལོ་བཟུང༌། །
བུ་རུས་རྒྱུད་ཡོད་ན་ཁྱིམ་ལོ་བཟུང༌། །
གཞིས་ཕ་ས་ཡོད་ན་ཕ་མཁར་བཟུང༌། །
རྟ་ནོར་ལུག་ཡོད་ན་རྩྭ་ཁ་བཟུང༌། །
ཕ་ཚ་རྒྱུད་ཡོད་ན་ཞིང་ས་བཟུང་།
དེ་མེད་ན་ཁྱིམ་རྒྱུད་སྟོང་པ་རེད། །
ལུས་གཟུགས་ཕུང་ས་མཐར་ཆས་ནའང༌། །
སེམས་བསམ་པ་ཕ་ས་གྲོང་ལ་འཁོར། །
བློ་སེམས་པ་ཕ་སར་དཀར་ནའང༌། །
ལུས་གྲུ་བཞི་མི་ཡུལ་སྐྱེལ་དགོས་ལས། །
འགྲོ་རང་དབང་མི་ཡུལ་ས་མཐར་བསྐྱེད། །
འདུག་བསམ་པ་རང་ཡུལ་གྲོང་ལ་བསྐྱེད། །
ལས་བསྐོས་ཐང་ས་མཐའ་མི་ཡུལ་རེད། །
མགོན་སྤྱས་རས་གཟིགས་ཀྱི་སྐྱབས་འོག་རེད། །
རྗེ་གངས་རི་མགོན་པོའི་ཐུགས་རྗེའི་འོག །
ཤེས་ལོངས་སྤྱོད་ཚངས་པ་ལྷ་དང་མཉམ། །
ཆོས་མདོ་སྔགས་དབྱར་གྱི་ཆར་ལྟར་འཇོ། །
ཚེ་འདི་ཕྱི་རྟེན་གྱི་ལམ་སྣ་དྲངས། །
ལུས་ས་མཐར་འཁྱམ་པའི་དབུ་མཐོང་པས། །
གྲོང་དབུ་མཐོང་དུང་བ་མཚོན་ཆེད་ལ། །
ལག་མཛུབ་རྩེས་ཁྱུག་པའི་ཚིག་གསུམ་འདི། །
སྡེ་དབུ་མཐོང་མི་བརྗེད་དྲན་པའི་རྟེན། །