རང་ཡུལ་གྱི་རང་བཞིན་མདོར་ཙམ་བརྗོད་པ།

                   གྱི་ན་བ་ལམ་བཟང་པོ།
སྣ་ལྔའི་འདབ་མ་བཞད་པའི་པདྨ་ཡི་གདན་ལ།།
བཞིན་མཛེས་ངག་གི་ལྷ་མོ་བཅུ་དྲུག་གི་ལང་ཚོ།།
འཇའ་ཚོན་དར་གོས་བཀླུབས་ཏེ་པི་ཝང་ཡང་འཁྲོལ་བ།།
བདག་གི་མགྲིན་པའི་རྩ་མདུད་འགྲོལ་ཙམ་ཞིག་གནང་རོགས།།

ལ་ལུང་ཁྲི་སྟོང་བརྒལ་ཏེ་རང་ཡུལ་ནས་བྱོལ་ཡང་།།
ས་མཐའ་གནམ་མཐར་འགྲིམ་དུས་དྲན་པ་ཡིས་མ་བཟོད།།
ཕུན་ཚོགས་རི་ཆུའི་བཀོད་པ་ལམ་ལམ་དུ་འཆར་ཚེ།།
འགོག་མེད་རང་བཞིན་བརྗོད་པའི་གླུ་དབྱངས་འདི་ཤོར་འགྲོ།།

སྤུ་རྒྱལ་བོད་ཀྱི་རྒྱལ་སའི་བྱང་ཤར་གྱི་ཕྱོགས་སུ།།
མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཡ་གྱལ་དུ་བསྔགས་ཤིང་།།
སྦལ་ཡུལ་ལུང་གསུམ་སྨན་ལྗོངས་དབུས་མ་རུ་ཆགས་པ།།
དགེ་བཅུ་ཚང་བའི་ཡུལ་འདི་ནགས་ཤོད་ཀྱི་ལུང་པ།།

མ་བཞེངས་ལྷུན་གྱིས་གྲུབ་པ་དཔལ་རི་ཡི་ཕོ་བྲང་།།
མ་བོས་མགྲོན་དུ་གཤེགས་པ་རྩ་གསུམ་གྱི་ཚོགས་ཞིང་།།
མ་བརླབས་བྱིན་ཆེན་ཆགས་པ་མཚོ་སྐྱེས་ཀྱི་གནས་མཆོག།
ཤར་གྱི་རི་བོ་སྲིན་མོ་རྫོང་གསུམ་འདི་ངོ་མཚར།།

རང་བྱུང་མཁའ་རུ་བསྙེགས་པའི་ཤེལ་དཀར་གྱི་མཆོད་རྟེན།།
ཉི་ཟླའི་རྣ་ཆ་འཕྱང་བའི་འཛམ་བུ་ཡི་ཀླུ་རི།།
མེས་པོའི་བླ་སྲོག་འཛིན་པའི་སྲིད་པ་ཡི་གངས་རྒན།།
ལྷོ་ཡི་རི་བོ་མགོན་ལྷ་དཀར་ཆུང་འདི་ཟིལ་ཆེ།།

ཆེ་དགུའི་ནོར་བུ་འཛིན་པའི་བྱང་ཕྱོགས་ཀྱི་གནོད་སྦྱིན།།
ཕུན་ཚོགས་སྡེ་བཞི་སྩོལ་བའི་མངའ་ཐང་གི་རྒྱལ་པོ།།
ཀླ་ཀློའི་དཔུང་ཚོགས་འཇོམས་པའི་ཤམ་བྷ་ལའི་དམག་དཔོན།།
ནུབ་ཀྱི་རི་བོ་ནགས་ལྷ་ཛམ་བྷ་འདི་ཉམས་བརྗིད།།

 མཐའ་ཡི་རི་ཆེན་ཚོགས་སུ་དུང་དཀར་གྱི་གཙུག་ཏོར།།
གཡས་གཡོན་བསྐོར་བ་མི་འདྲའི་བན་བོན་གྱི་མཆོད་གནས།།
༧རྒྱལ་བ་འབྲོང་ངུར་ཆོས་རྗེའི་ཉམས་རྟོགས་ཀྱི་ཁང་བཟང་།།
བྱང་གི་རི་བོ་མེ་མོ་བྲག་དཀར་འདི་བྱིན་ཆགས།།

དེ་ལྟར་ཕྱོགས་བཞིར་སྲུང་བའི་རི་ཆེན་གྱི་ནང་རིམ།།
གངས་རི་ན་ཆུང་གཞོན་ནུའི་སོ་ཕྲེང་བཞིན་འགྲིག་པ།།
རྫ་རི་གཡུལ་གྱི་དཔའ་བོའི་རུ་མཚོན་བཞིན་ཟིང་བ།།
སྤང་རི་འབུམ་ཕྲག་གསེར་གཡུའི་ཚོགས་འཁོར་བཞིན་བརྡལ་བ།།

ཆུ་ལ་མ་བཀུགས་ཁུག་པ་བཅོ་བརྒྱད་དུ་རྒྱུ་བ།།
བྲག་ལ་མ་བརྩེགས་རྩིག་པ་རང་འགྲིག་ཏུ་བཞེངས་པ།།
ནགས་ལ་མ་དཔྱངས་ནགས་ལོ་རང་ཤུགས་ཀྱིས་འཕྱང་བ།།
ཐང་ལ་མ་བརྒྱན་དཀར་དམར་མེ་ཏོག་ཀུན་བཀྲ་བ།།

སྐད་ལ་སྙན་པོ་ཁུ་བྱུག་གོང་མོ་ཡི་འགྱུར་ཁུག།།
བྲོ་ལ་ཡག་མོ་གླ་བ་གནའ་བ་ཡི་ལྡིང་འཁྲབ།།
རྩལ་ལ་རྒོད་པོ་ཐང་དཀར་བྱ་གླག་གི་གཤོག་འགྱུར།།
དཔའ་ལ་གཏུམ་པོ་དྲེད་མོང་སྤྱང་ཀི་ཡི་རྔམ་ཟིལ།།

མཁའ་ལ་འཛོམས་པ་གལ་ཆེན་འཚོ་རླུང་ནི་ཀུན་ཚོགས།།
རི་ལ་འཛོམས་པ་རིན་ཆེན་གཏེར་རྫས་ནི་སྣ་མང་།།
ཆུ་ལ་འཛོམས་པ་རྩ་ཆེན་སྲོག་ཆགས་ནི་འདྲ་མིན།།
ནགས་ལ་འཛོམས་པ་འགངས་ཆེན་ཤིང་རིགས་ནི་དུ་མ།།

དབྱར་གསུམ་སྨན་རྩྭའི་དྲི་བཟང་རི་ཆུ་ཀུན་ཁྱབ་པ།།
སྟོན་གསུམ་ལོ་འབྲས་གསེར་མདངས་ས་གཞི་ཡོངས་འབྱམས་པ།།
དགུན་གསུམ་ཁ་བའི་མེ་ཏོག་གང་སར་དུ་བཞད་པ།།
དཔྱིད་གསུམ་ལྗང་མྱུག་གསར་པས་མ་ཁེབས་ས་མེད་པ།།

Related Articles