ལྷ་རམས་པ་བསྟན་འཛིན་བསོད་ནམས།
མཐའ་ཡས་རྒྱ་མཚོའི་རླབས་སྒྲ་རྣ་བར་སྙན། །
གྲུ་གཟིངས་ཆེ་ཆུང་དུ་མ་ལོང་ལོང་རྒྱུ། །
ཉི་འོད་བྱེ་མའི་གཟེབ་ཏུ་འཛུལ་འཛུལ་ནས། །
བྱེ་མའི་དྲོད་ཀྱིས་རྐང་པ་འབར་སྙམ་བྱེད། །
འདི་ནི་གྷོ་བ་རྒྱ་མཚོ་ཆེན་པོ་ལགས། །
མི་ཚོགས་མང་ལ་ཟང་ཟིང་ཆེ་བ་དང་། །
འཁྲུག་ཆ་དོད་ལ་འགྲོ་སོང་ཆེ་བ་སོགས། །
གྲྭ་རྐྱང་ཞིག་གི་འགྲོ་ས་མི་འདུག་ཀྱང་། །
དགོས་དབང་འགའ་ཡིས་གནས་འདིར་སླེབས་སོང་ངོ་། །
བདེ་བའི་ཆེད་དུ་གང་སར་རྒྱུགས་རྒྱུགས་པས། །
སྡུག་གིས་ཁུར་པོས་ཡང་ཡང་མནར་དྲགས་ནས། །
ཨ་ཐང་ཆད་ནས་ས་འདིར་འབྱོར་བ་དང་། །
ཨ་རག་ཤེལ་དམ་སྤུངས་ནས་ཉལ་མཁན་འདུག།
འཇིག་རྟེན་མི་རྟག་འཁྲུལ་བའི་རྦ་ཀློང་ནས། །
མི་རེའི་སེམས་ན་འཁྲུལ་སྣང་ཡ་མཚན་རེ། །
འགའ་རེས་བདེན་པ་རེས་འགས་རྫུན་པ་མཐོང་། །
ལ་ལས་བདེ་བ་ལ་ལས་སྡུག་བསྔལ་བལྟ། །
རླབས་ཀྱི་སྒྲ་དང་རྒྱ་མཚོའི་ཉམས་འགྱུར་སོགས། །
རང་བྱུང་ཁམས་ཀྱི་མ་བཅོས་མཛེས་སྡུག་རྣམས། །
ས་འདིར་འཛོམས་ཚད་ཡིད་འོང་མཐུན་པར་གྲུབ། །
རང་བཙན་ཤོར་བའི་ཕམ་ཉེས་ཅན་ལ་ཡང་། །
རང་བྱུང་ཁམས་ཀྱི་འདུན་འདིར་མཉམ་པར་མཐོང་། །
རང་རང་རིགས་དང་རང་རང་ཆོས་ལུགས་སོགས། །
འགྲོ་བ་མི་ལ་དབྱེ་བ་མང་ན་ཡང་། །
རང་བྱུང་ཁམས་ལ་ཆོས་དང་ཕྱོགས་རིས་མེད། །
གཞན་ལ་སྡང་དང་རང་ལ་ཞེན་པ་མེེད། །
རང་དབང་མ་ཐོབ་གཞན་དབང་ཚུད་པ་དང་། །
རང་རིགས་མི་མཐུན་ནང་འཁྲུག་རྩོད་པ་ཡིས། །
ཡུན་རིང་དུབ་པའི་འཁྱམ་པོའི་སྐྱོ་སེམས་འདི། །
རང་བྱུང་ཁམས་ཀྱིས་ངལ་གསོ་གནང་སྲིད་དམ། །
ཡབ་མེས་མང་པོ་ཇག་པས་བསད་པ་དང་། །
ཕ་ནོར་མང་པོ་རྐུ་མས་འཕྲོག་པ་སོགས། །
ཤོར་བ་མང་ལ་ཐོབ་པ་ཉུང་བ་མིར། །
འགྲོ་བ་མི་ཡི་གྲལ་དུ་ཚུད་སྲིད་དམ། །
དགྲ་གཉེན་དབྱེ་འབྱེད་གསལ་པོ་མི་འདུག་པས། །
མི་ཡི་གྲལ་ནས་བུད་པར་ཚོར་སྙམ་བྱེད། །
བྱམས་དང་སྙིང་རྗེས་སེམས་བརྒྱུད་མ་བརླན་པས། །
ཆོས་པའི་གྲལ་ནས་བུད་སྙམ་ཚོར་བ་སྐྱེ། །
ད་ནི་ཡར་མིན་མར་མིན་མགོ་རིལ་ང་། །
མི་རྟག་སྒྱུ་མའི་གྲོང་ཁྱེེར་ཟང་ཟིང་ཁྲོད། །
ཟང་ཟིང་སེམས་ལ་བདེན་ཁ་སྦྱིན་དྲགས་པས། །
ངལ་གསོ་མ་ཐོབ་ཨ་ཐང་ཆད་འདི་སྐྱོ། །
ནགས་ཤོད་འབྲི་རུ་བ་ལྷ་རམས་པ་བསྟན་འཛིན་བསོད་ནམས་ནས་༢༠༢༦ ཟླ་༢ ཚེས་༧ ཉིན་ལ་གྷོ་བ་རྒྱ་མཚོའི་འགྲམ་དུ་བྲིས། །