ནགས་ཤོད་ལྷ་བུ།
ཤ་དང་རུས་པ་བོད་མིའི་ཤ་ཁྲག་གྲུབ། །
སེམས་དང་སྤྱོད་པ་བོད་མི་ཡི་གཤིས་ཀ་ལྡན། །
གཟུགས་དང་ལང་ཚོ་དབྱངས་ཅན་ལྷ་མོ་བཞིན། །
སྟོན་ཀའི་ཟླ་ལྟར་མཛེས་མ་ཁྱོད་ལ་བསྟོད། །
སྤྲིན་དཀར་གནམ་ལ་ལངས་འདྲའི་སྟོད་གོས་ཅན། །
སྔོ་སངས་ཕྱུ་བའི་ཕུ་ཐུང་མཛེས་པར་བསྡམས། །
དཀར་བའི་དུང་གི་རྒྱན་ཆ་མདུན་ངོས་སུ། །
མཁའ་ལ་སྐར་འཕྲེང་ཤར་བཞིན་ཁྱོད་ལ་བསྟོད། །
ཤིན་ཏུ་མཛེས་པའི་གོས་ཀྱི་རྒྱན་གོན་ཏེ། །
རླུང་གིས་དད་པའི་སྤྲིན་དཀར་དུམ་བུ་བཞིན། །
མང་བའི་མི་ཚོགས་གྲོག་ཚང་རྡོལ་འདྲ་ནས། །
ཟུར་དུ་དོན་ཏེ་སྒེག་ཉམས་ཅན་ལ་བསྟོད། །
རབ་སྙན་སྒོར་གཞས་ལྷང་ལྷང་གྲགས་པའི་ཁྲོད། །
གཡས་འགྱུར་གཡོན་འགྱུར་གར་གྱི་བར་སེང་ནས། །
དཀར་ནག་རི་མོ་བཀྲ་བའི་མིག་ཟུང་གིས། །
ཟུར་མིག་འོད་ཟེར་ལམ་ལམ་འཕེན་ལ་བསྟོད། །
མཐོང་ན་སེམས་པ་ཤོར་བ་ཁྱོད་ཀྱི་གདོང་། །
པད་དཀར་འདབ་མ་ལས་ཀྱང་དཀར་དང་འཇམ། །
ཅུང་ཟད་དམར་ལ་འཛུམ་པའི་མཆུ་བར་ནས། །
མཛེས་པའི་སོ་ཡི་འོད་དཀར་སྟོན་ལ་བསྟོད། །
ལྡིམ་ལྡིམ་སྐེད་པ་གཡོ་བའི་སྒེག་ཉམས་དང་། །
ཐད་ཀར་འབུར་དུ་དོད་པའི་ནུ་འབུར་ཟུང་། །
ད་དུང་ལག་པའི་འགྱུར་དང་རྐང་པའི་ཉམས། །
ཇི་ཙམ་བལྟས་ཀྱང་ཚིམས་པར་མ་མཆིས་སོ། །
ནགས་ཤོད་ལྷ་བུ་ནས། ༢༠༢༦ ཟླ་༡ ཚེས་༡༨ བྲིས་སོ། །