མཛངས་མ་འདེམ་དགོང་།

ལམ་བཟང་།

རི་དེས་དགོང་ཁའི་ཉི་འོད་སྐེ་དཀྲིས་བྱས།།
གྲིབ་སོའི་ཤམ་ལྭར་ནགས་ཀྱི་ཚར་ལོ་ཉིག།
"འཕུར་"ཞེས་གླུ་དེས་མི་ཚོགས་གཉིད་ལས་སློང་།།
དབྱིན་ཡིག་ཐར་ཐོར་སེང་དར་རྩེ་རུ་འཕྱོ།།

ཚད་མེད་བརྙས་དང་མཐོང་ཆུང་བྱས་སྐད་ཀྱིས།།
དབྱངས་གསལ་སོ་བཞི་ཁང་ཁུག་ཞིག་ན་ངུ་།།
སྙིང་ཉེ་ཁ་ཤས་དེ་ལ་སེམས་གསོ་བྱེད།།
དེ་དུས་མི་ནག་ཅིག་གིས་མིག་ལོག་ལྟ།།

ལྷ་མོ་ཡིན་ཟེར་རས་ཀྱི་གཤོག་པ་གཡོབ།།
རས་གདན་དམར་པོ་གླང་ཆེན་འགྲོས་ཀྱིས་རྫི།།
སྲང་ཁྱི་འགའ་ཡིས་དེ་ལ་ལད་ཟློས་བྱེད།།
ཁ་པར་འདྲ་མིན་སྦྲང་ནག་བཞིན་དུ་འཁོར།།

ཕོ་གསར་དེ་ཚོ་སྐར་ཆས་གྲངས་སུ་ཧེད།།
མོ་གསར་འགའ་རེ་ལག་པ་བྲང་དུ་སྦྱོོར།།
ཤོག་པག་ཁ་ཤས་ཟླ་བའི་གྲོང་ལ་འཕུར།།
ཟླ་བའི་ལྷ་མོས་གདོང་གི་ཕྱེད་ཙམ་སྟོན།།

གློག་སྒྲོན་ཁྲ་ཁྲ་འཚུམ་ཙམ་རྡེེབ་ཙམ་བྱེད།།
བུ་མོ་དེ་ཚོ་འཁྱུག་ཙམ་ལྡེམ་ཙམ་བྱེད།།
དྲི་བ་ཁ་ཤས་འཕུར་ཙམ་ལྡིང་ཙམ་བྱེད།།
དྲི་ལན་མག་མོག་འདར་ཙམ་འགུལ་ཙམ་བྱེད།།

མཛེས་མ་རེད་ཟེར་རྨ་བྱའི་སྒྲོབ་འགྲོས་ངོམ།།
མཛངས་མ་རེད་ཟེར་གྲོད་པའི་བྲོ་ཞིག་འཁྲབ།།
གཞན་རྣམས་སྟེགས་དེར་ངང་པའི་ཆུ་རྩེད་རྩེ།།
དབུ་རྒྱན་དཀར་དཀར་མོ་རང་ངུ་བཞིན་གོན།།

ལྟད་མོ་བ་འགའ་གདོང་པ་གློད་བཞིན་ལོག།
ཕོ་གསར་འགའ་རེ་ཁོང་ཁྲོ་ཟ་བཞིན་ལོག།
མོ་གསར་འགའ་རེ་སེམས་ཤུགས་ཆག་ནས་ལོག།
བློ་བཟང་དབང་རྒྱལ་གད་མོ་ཤོར་ནས་བསྡད།།

དྲྭ་ཐོག་དེ་ནས་ཨང་གྲངས་པར་ལ་སྤྲོད།།
མི་ཚོགས་དབུས་དེར་རང་རང་ཕྱོགས་ཕྱོགས་འབོད།།
ང་ཡིས་ཚངས་ཐིག་བཞག་ཁུལ་གསུམ་པ་དེ།།
རླུང་རྟ་ཡིན་ནམ་མོ་རང་དང་པོར་ཐོབ།།

མདོར་ན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཁ་སང་ལྟད་མོ་ལྟ་བཞིན་དྲིས་པ་དེའི་འཕྲོར་ཚིག་རེ་ཟུང་བསྣན་ཏེ་

༢༠༡༧ ༠༦ ༠༥

དགོང་མོར་སྤེལ།

Related Articles