ནགས་ཀྱི་ཤིང་ལོ་ནས།
དབྱར་ཟླ་གསུམ་ཆར་ཆུས་ས་གཞི་བརླན།།
སྤང་སྔོན་མོ་གཡུ་ཡི་མེ་ལོང་ངོས།།
ཁྲ་ཆེམ་ཆེམ་མེ་ཏོག་བརྒྱ་སྟོང་བཞད།།
ང་དེ་དུས་མེ་ཏོག་གསེང་ན་ཡོད།།
ལག་འུར་རྡོ་ཟུང་བའི་རྫི་བོ་རྣམས།།
ཕྱུགས་ནོར་ལུག་དཀར་ནག་ཐང་ན་འཚོས།།
དཀར་འོ་ཞོ་འབྲོག་ཕྲུག་ཁ་ན་མངར།།
ང་དེ་དུས་འབྲོག་པའི་སྦྲ་ནང་ཡོད།།
སྟོན་ཟླ་གསུམ་རླུང་བུ་བྱང་ནས་འཁོར།།
ཞིང་རི་མ་ཆུ་མའི་སྐད་པ་ནས།།
གཡོ་ལྡེམ་ལྡེམ་སྙེ་མའི་མགོ་ལྕོགས་འགུལ།།
ང་དེ་དུས་སྙེ་མའི་གསེང་ན་ཡོད།།
ལག་ཟོར་བ་བཟུང་བའི་ཞིང་པ་རྣམས།།
ལུས་སྒུར་སྒུར་སྙེ་མ་འབྲེག་ལ་བྲེལ།།
ནས་གྲོ་འབྲས་ཞིང་པའི་བང་མཛོད་བཀང་།།
ང་དེ་དུས་རོང་པའི་ཞིང་ན་ཡོད།།
དགུན་ཟླ་གསུམ་ས་གཞི་འཁྱག་གིས་བསྡམས།།
ཆུ་མར་བབས་གཙང་པོ་དར་ཁ་འགྲིགས།།
དཀར་ལམ་ལམ་ཁ་བས་རི་མགོ་གཡོགས།།
ང་དེ་དུས་གངས་རིའི་འདབས་ན་ཡོད།།
ལག་སེར་ཁ་ཅན་གྱི་བྱིས་པ་རྣམས།།
རླུང་བུ་ཡུག་གཉིས་ཀྱི་ངར་ཁ་ན།།
གོས་པགས་རྩག་དྲོད་ཀྱིས་ལུས་ཟུངས་དྲོས།།
ང་དེ་དུས་རྩག་པའི་རུམ་ན་ཡོད།།
དཔྱིད་ཟླ་གསུམ་ཉི་མ་ལོ་ལས་རིང་།།
ཕྱུགས་མུ་གེས་མནར་བའི་ཞོགས་པ་ན།།
ལྟོགས་ཤིག་ཤིག་ནོར་ལུག་རྩྭ་ཆུ་ལྡུད།།
ང་དེ་དུས་ལྷས་རའི་འདབས་ན་ཡོད།།
ལག་ཡོག་ག་ཁྱེར་བའི་ཕྱུགས་རྫི་རྣམས།།
ཞོགས་སྔ་ལངས་སྒོ་ཟོག་རི་ལ་གཏོང་།།
ཟས་གྲོ་ཡོས་ཨམ་ཕྲག་སྦུག་ཏུ་བཅུགས།།
ང་དེ་དུས་ནོར་ལུག་རྗེས་སུ་ཡོད།།
༢༠༡༧—༥—༢༢