ཕ་ཡུལ།

ལམ་བཟང་པོ།

འཛམ་གླིང་འཛིན་མའི་སྤོ་རུ་མངོན་འཕགས་ཤིང་། །རབ་དཀར་ཁ་བའི་རྡུལ་གྱིས་འཛིན་པའི་གནས། །རབ་མཛེས་སྒྱུ་མ་འཕྲུལ་གྱིས་བཀོད་འདྲ་བ། །ཕྱི་ནང་ལྷ་ཚོགས་འདུ་བའི་ཞིང་ས་སྟེ། །དགྲ་གཉེན་ཀུན་གྱིས་རྔམ་སེམས་མིག་བགྲད་ས། །ཕྱོགས་ཀྱི་མགྲོན་པོའི་མཛེས་སྡུག་མིག་འཕྲོག་ས། །དེ་ལས་ལྷག་པའི་ཞིང་མཆོག་མི་མངའ་བའི། །ཕ་ཡུལ་གངས་ལྗོངས་དབུས་ཀྱི་ཤར་ཕྱོགས་སུ། །རི་བོ་ཐམས་ཅད་གངས་རྫ་སྤང་འཛོམས་ས། །དེ་ལ་ནགས་ཀྱི་ཤམ་བུའི་སུལ་སྟུག་ས། །ཡར་སྐྱེས་རྩྭ་རྩི་སྨན་གྱི་དྲི་འཐུལ་ས། །མར་འབབ་ཆུ་བོ་ཁྱད་ཆོས་བརྒྱད་ལྡན་ས། །

དབྱར་དུས་མེ་ཏོག་གོས་ཆེན་འཇའ་འཁྲིགས་ས། །དགུན་དུས་ཁ་བ་མུ་ཏིག་མདངས་འཕྲོ་ས། །སྟོན་དུས་ལོ་མ་གསེར་གྱི་འོད་འཚེར་ས། །དཔྱིད་དུས་ཁུ་བྱུག་ཚངས་པའི་དབྱངས་གྲག་ས། །ཕུ་ཡི་འབྲོག་ས་དཀར་ནག་ཕྱུགས་གང་ས། །མདའ་ཡི་ཞིང་ས་འབྲུ་རིགས་སྣ་འཛོམས་ས། །རང་བྱུང་གཏེར་གྱིས་ས་ཆུའི་བཅུད་རྒྱས་ས། །ཕུན་ཚོགས་སྡེ་བཞིས་ཡུལ་གྱི་དཔལ་འབར་ས། །སྡང་བའི་དགྲ་ལ་ཕུ་ནུའི་དཔུང་འགྲིག་ས། །བྱམས་པའི་གཉེན་ལ་འདང་བརྩེའི་མཚོ་ཟབ་ས། །ལྷ་ཆོས་ལས་འབྲས་སྲུང་ལ་ཞིབ་ཕྲ་ས། །མི་ཆོས་ཕྱི་ནང་སྤྱོད་ལམ་གོང་བཀུར་ས། །ཆུང་ཆུང་རྩེད་རྭའི་རྩེད་རྡོའི་གྲལ་སྒྲིག་ས། །ཆེ་ཆེ་གཞོན་པའི་ལང་ཚོའི་ཤེད་རྒྱས་ས། །ད་ལྟ་ས་མཐའི་མི་ཡིས་ཡུལ་དྲན་ས། །མ་འོངས་ཕུང་པོ་འཐོར་སའི་ཕུགས་གཏོད་ས། །འདི་ནི་བདག་གི་སེམས་ཀྱི་ཆགས་སའམ། །འདི་ནི་བདག་གི་ཞེན་པའི་འཁྲིལ་ས་སྟེ། །འདི་ནི་བདག་གི་ཕ་ཡུལ་འབྲི་རུ་ལགས། །འདི་ནི་བདག་གི་མ་ཡུལ་ནགས་ཤོད་ལགས། །

Related Articles