ནག་པོ་བཀྲ་ཤིས།
བོད་པ།
ནང་འཁྲུག་ལ་དགའ་བའི་མི་རིགས་འདི།
སྙིང་རྗེ་ཆེན་པོའི་དན་རྟགས་ཡིན་ནམ།
ཡ་མེས་ཆེན་པོ་རྣམས་ཀྱིས་བློ་རྩ་བརྟན་པོས་ཕྱི་ནང་གི་དམ་ཚིག་བསྲུངས།
གླིང་བཞི་ན་རྡོག་རྗེས་བཞག
ས་སྒང་མཐོ་ས་ཞིག་ནས་ལོ་ངོ་སྟོང་ཕྲག་གི་རྡོ་རིང་བཞེངས།
ཁྱོད་ཀྱི་ཨ་ཕའི་མིང་ལ་ཅི་ཟེར།
རིང་ལུགས་འདི་བཙན་པོའི་སྙིང་སྟོབས་ཟེར།
ཅི་ཡང་སྒྲུབ་ཕོད་པའི་ལོ་རྒྱུས་ཀྱི་གཞུང་ལམ་བརྒྱུད་པའི་སེམས་པ་ཆེན་པོ།
བྱམས་པ་དང་བརྩེ་བས་བསྐྱངས་པའི་ང་ཚོ།
བན་བོན་གྱི་ཁྱིམ་གཞིས་ཆེན་པོ་དེ་ཁ་འཐོར་དུ་བཏང་རྗེས།
ད་གཟོད་ང་དང་ཁྱོད་ཀྱི་སོ་ཁ་དེ་ནང་ལ་འཁོར་བྱུང་།
ང་ལ་འཁོར་བྱུང་། ཁྱོད་ལ་འཁོར་སོང་།
རྣོ་དབལ་བརྟུལ་བས་ང་རང་རྨས་སོང་།
ཁྱོད་རང་བསད་སོང་། ཁོ་རང་ཤི་སོང་།
ལོ་རྒྱུས་བརླག་སོང་། རྣམ་ཤེས་བོར་སོང་།
ད་དུང་ང་ཚོ་ལ་ཅི་ཞིག་ལྷག་ཡོད།
ཅི་ཡང་ལྷག་མི་སྲིད་པའི་དུས་རབས་ཤིག་ནས་ཁུ་སིམ་མེར།
པོ་ཏ་ལ་ཡི་ཐང་ཆེན་ན་ཀྲོང་ངེར་ལང་སྟེ།
སྨོན་ལམ་འདེབས་བཞིན་པའི་བགྲས་སོང་དེ།
ཁོང་གི་སྐྲ་ལོ་དཀར་པོ་གྱུར་འདུག
ཕ་ཡུལ་ལགས།
ནག་པོ་བཀྲ་ཤིས།
རྟ་ཕོ་ཤེད་ཆེན་དེ་ཤུགས་ཀྱིས་བསྐྱོད།
ཁ་བ་དང་བུ་ཡུག་གིས་མཐོང་ལམ་བཀག་ནའང་།
ཁྱོད་ཀྱི་པང་ན་དྲོད་ཁུལ་ཞིག་ཡོད།
མང་པོ་མང་པོ་ཞིག་དལ་གྱིས་འགྱུར་ཟིན་ནའང་།
གཏན་དུ་གླེང་ན་འདོད་པའི་ཁ་བརྡ།
ཕ་ཡུལ་ལགས།
ཁྱོད་ཀྱི་དགུན་གཞུང་ན་བཞེད་པའི་མེ་ཏོག་དེ་ང་ཡིན།
ཕ་ཡུལ་ལགས།
དྷོ་ལ་རི་བོ།
ནག་པོ་བཀྲ་ཤིས།
ལོ་ངོ་མང་པོ་ཞིག་ངས་ཁྱོད་ལ་སྡུག་ཡུས་བཤད་མྱོང་།
ཁྱོད་ཀྱིས་ང་ལ་གུ་ཡངས་གནང་བ་ཐེངས་གཅིག་མིན།
དེ་རིང་སྔར་བཞིན་ཁྱོད་ཀྱི་འགྲམ་དུ་བཅར་ཏེ།
ཁྱོད་ཀྱི་ལང་ཚོ་ལ་ཡིད་སྨོན་འཆོར་བཞིན་ཡོད།
དྷོ་ལ་རི་བོ།
ལོ་ངོ་དྲུག་ཅུའི་ཕ་རོལ་ཏུ།
གཏམ་རྒྱུད་ཀྱིས་ལོ་ཟླ་བསྐྱལ་བའི་དེ་རིང་།
ཁྱོད་ཀྱི་འགྱུར་བ་མེད་པའི་བྱད་གཟུགས་ལ།
འཇིག་རྟེན་པས་དད་གུས་བྱ་སྲིད།
འོན་ཀྱང་དེ་རིང་ཁྱོད་ཀྱི་མགུར་ན་སྨུག་པ་འཐིམ་འདུག
ནམ་མཁའ་གཡའ་དག་པའི་ཁ་སང་།
སུ་ཞིག་གིས་དག་གཙང་གི་སེམས་པ་ཁྱེར་ཏེ་ཁྱོད་ཀྱི་དྲུང་དུ་སླེབས།
ཆར་དུས་ཀྱི་གནམ་ངོར་ལྷུང་བའི་དེ་རིང་།
སྨུག་པ་ལ་ལོང་གི་བར་ན་ཁྱེད་རང་གང་དུ་བཞུགས།
དྷོ་ལ་རི་བོ།
དབྱས་དུས་ཀྱི་འགོ་ཚུགས་པའི་ནམ་ཟླ་དེར།
ངས་ཁྱེད་རང་མཐོང་བའི་དུས་ཚོད་ཡིན་ལ།
ནམ་མཁར་སྐར་མ་མང་བའི་མཚན་མོ་དེར།
ཁྱོད་ཀྱིས་ཁོ་བོ་དང་དུ་ལེན་པའི་དུས་ཚོད་རེད།
གཏམ་རྒྱུད་གསོན་པོ་ཞིག་དེ་ལྟར་འགོ་ཚུགས་པའི་དེ་རིང་།
གོ་མེད་ཚོར་མེད་ངང་མཇུག་བསྡུ་བར་ཁོ་བོ་ཐད་པ་མིན།
ཁྱོད་རང་སྔར་བཞིན་ཀྲོང་ངེར་འགྱིང་དང་།
དྷོ་ལ་རི་བོ།
གོམ་ཆུང་ཐན་ཐུན་གྱིས་མ་གྲོལ་བའི་ཕ་རོལ།
ཟུར་ནས་འཕྱ་བ་དག་གིས་ཕུགས་འདུན་ཇི་ལྟར་མཐོང་།
གནའ་སྔ་མོ་ཞིག་ནས་དལ་གྱིས་ཡོང་བ་མ་ཡིན་ནམ།
དཀའ་ཚིགས་དེ་སུ་ཞིག་གིས་ཚོར་མྱོང་།
འོད་སྣང་ནི་རྒྱང་འགྲོ་བ་དག་གི་མགོ་ཐོག་ན་ཡོད།
དྷོ་ལ་རི་བོ།
ཁྱོད་རང་སྔར་བཞིན་ཀྲོང་ངེར་འགྱིང་དང་།
ཁྱོད་ཀྱིས་ང་ལ་གུ་ཡངས་གནང་དང་།
རྡོ་ལ་རི་བོ།
རིག་འཛིན་དབང་མོ།
ནག་པོ་བཀྲ་ཤིས།
བདེ་ཆེན་ཕོ་བྲང་ནས་ཁུ་སིམ་མེར།
མི་ལོ་མང་པོ་ཞིག་སླར་ཡང་དཀོན་མཆོག་འཚོལ་བཞིན་ཡོད།
མགོ་བོ་ཆེན་པོ་དེ་བྲག་ལ་བརྡབས་རྗེས།
ད་གཟོད་གང་གི་ལུས་ཐོག་ན་ཁྱབ་པའི་ཁྲག་རྒྱུན་དེ།
སྐྱེ་བོ་ཀུན་གྱི་སེམས་ཐོག་ན་སིམ་པར་གྱུར།
རིག་འཛིན་དབང་མོ།
ལོ་ན་ལྔ་ལ་སོན་པའི་བུ་མོ་ཆུང་ཆུང་།
བྱམས་པ་དང་བརྩེ་བས་བསྐྱེད་པའི་ཕ་རྒན་གྱི་ཁ་ཏ།
ཁྱོད་ཀྱི་འཚར་ལོངས་ཀྱི་རིམ་པ་བརྩིག་ཅིང་།
ལོ་རྒྱུས་ཀྱི་བང་རིམ་དུ་མ་ཞིག་བརྒྱུད།
རང་ཉིད་ཀྱི་ཕ་རྒན་དེ་ངོ་ཤིས་ཤིང་།
ཞོར་ནས་ཉམ་ཐག་པའི་མི་རིགས་ཤིག་ཀྱང་ངོ་ཤེས་པར་གྱུར།
རིག་འཛིན་དབང་པོ། སྲས་མོ་ལགས།
རྨི་ལམ།
ནག་པོ་བཀྲ་ཤིས།
ལྷོ་ལམ་གཏད་པའི་ཤར་གྱི་གཤོག་པ་ཞིག །
ནུབ་ཕྱོཊ་མཚམས་སྤྲིན་འཇམ་པོ་རླུང་གིས་ཁྱེར། །
མཁའ་དབྱིངས་མ་ཆོད་སྒྲོ་སྤུ་ས་རུ་འཐོར། །
བྱང་ལམ་མ་བཟུང་ཕ་ཡུལ་གང་ནས་བརྙེད། །
མུན་པའི་རྒྱབ་ཏུ་སད་པའི་ཟླ་ཟོད་ཀྱིས། །
བསྐྱུར་བའི་འཛུམ་བག་རྒྱ་མཚོའི་ངོགས་སུ་ཕབ།
རླབས་རྒྱུན་དེ་ཡང་རྒྱང་ནས་རྒྱང་ལ་དེད། །
ཁེར་འགྲོས་བརྒྱག་པ་ཅི་ཞིག་འཚོལ་བཞིན་ཡོད། །
ཕ་ཡུལ་ཁ་བ་ལ་ཁའི་དར་ལྕོག་སོགས། །
སྟོན་ཁའི་སྨྱུག་མ་མགོ་ཅོག་ཐུར་དུ་དུད། །
ནམ་ཟླ་དགུན་གྱི་མགྲོན་བརྡ་ཨེ་ཡིན་ཊ།
བྱང་ལམ་མཚམས་ནས་ཕངས་པའི་ཕྱིར་མིག་ལ། །
མིག་ཆུ་མེད་ཀྱང་རྡོག་སྣེ་འཐེན་སྟངས་དེས། །
རི་ཚོགས་སྨུག་པ་འཐིམ་པའི་བྲང་ཁོག་ཏུ། །
དྲག་ཏུ་འཕྱོ་བ་གཙང་པོ་ག་ལ་ཡིན། །